སློབ་སྦྱོང་བྱེད་པ་ནི་བླང་དོར་འཇུག་ལྡོག་གི་ཤེས་རབ་རྒྱས་ཆེད་ཡིན།

སྒོ་ཤེས་རབ་རྒྱ་མཚོ།
        འུ་ཅག་གིས《ཚད་མ་རྣམ་འགྲེལ》དང་། 《དབུ་མར་འཇུག་པ》《རྩ་བ་ཤེས་རབ》ལྟ་བུར་སློབ་སྦྱོང་བྱེད་ཀྱི་ཡོད་པ་འདི། བླང་དོར་འཇུག་ལྡོག་གི་ཤེས་རབ་རྒྱས་པའི་ཆེད་དུ་ཡིན་པ་རེད། ཐོག་མར་བླང་དོར་གྱི་དབྱེ་བ་ཕྱེ་སྟེ་གཞི་ནས་འཇུག་ལྡོག་བྱེད་པ་ནི་མི་ཚེ་འདིའི་ནང་གི་བྱ་བ་ཆེ་ཆུང་ཐམས་ཅད་ཀྱི་གནས་སྐབས་སུ་ངེས་པར་བརྒྱུད་དགོས་པས། བླང་དོར་གྱི་གནད་མི་འཆུག་པའི་ཕྱིར། ལས་དང་བྱ་བ་གང་དང་གང་གིས་རང་ཉིད་ལ་ཕན་ཐོགས་པ་དང་། གང་དང་གང་གིས་རང་ཉིད་ལ་གནོད་བསྐྱལ་བའི་ཚུལ་ལེགས་པར་ཤེས་དགོས་པ་རེད།        གཞུང་ལུགས་ལ་མང་ཐོས་ཀྱིས་བརྩོན་པའང་དེ་འདྲའི་ཤེས་རབ་རྒྱས་ཕྱིར་ཡིན་པས་ན་གཞུང་ལུགས་ཀྱི་ཤེས་བྱ་ཅི་ཙམ་འཛོམས་ཀྱང་། སྤྱི་སྒེར་གཉིས་ཀའི་ཐད་ནས་བླང་དོར་འབྱེད་པའི་ཤེས་རབ་ཅུང་ཟད་ཀྱང་མ་རྒྱས་ན། གཞུང་ལུགས་ལ་སྦྱངས་པ་དེས་མི་ཚེའི་ནང་ལ་ཕན་ཐོགས་མ་བྱུང་བར་བརྩི་ཆོག        ནང་ཆོས་ལ་སློབ་སྦྱོང་བྱས་ཏེ་མི་ཚེའི་ནང་ལ་ཕན་ཐོགས་བྱུང་དང་མ་བྱུང་ནི། ལམ་སང་ངེས་འབྱུང་དང་། བྱང་སེམས། སྟོང་ཉིད་ཀྱི་ལྟ་བ་སོགས་སེམས་ནང་ལ་སྐྱེ་ཐུབ་མི་ཐུབ་ཀྱི་གནད་དོན་ཞིག་མ་ཡིན་པར། དེའི་ཕན་འབྲས་ལའང་མི་རེ་རེའི་བློ་སྟོབས་དང་། ཤེས་རྟོགས་ཀྱི་མཐོ་དམན་ལྟར་གོ་བ་ལེན་འོས།
        ང་ཚོས་གཞུང་ལུགས་འདི་འདྲའི་ཟབ་མོ་དག་ལ་སློབ་གཉེར་བྱས་ན། སློབ་གཉེར་གྱི་རྒྱུད་རིམ་ནང་སོ་སོའི་ཤེས་རབ་ལ་སྦྱོང་བརྡར་བྱས་ནས་མཉེན་ཆ་དོད་པོ་ཞིག་ཏུ་འགྱུར་དགོས། གལ་ཏེ་ལས་རུང་དུ་གྱུར་པའི་ཤེས་རབ་དེ་འདྲ་ཞིག་རྒྱུད་ལ་སྐྱེས་ཚེ། དེས་གནས་དང་གནས་མིན་ལ་འཇུག་ལྡོག་བྱས་ནས། མི་ཚེའི་ནང་སེམས་བཟང་པོ་ནི་གང་ལས་ཀྱང་གལ་ཆེ་བ་ལྟ་བུའི་གནད་རྣམས་རྟོགས་གལ་ཆེ་སྟེ། བྱམས་བརྩེ་དང་ལྡན་པའི་མི་སུ་ཡིན་ན། དེའི་མི་ཚེ་ནི་འོད་སྣང་གི་འཇིག་རྟེན་ཞིག་ཡིན་པས་དེའི་འཁྲིས་སུ་མི་གཞན་ཞིག་བཏུད་ནའང་སྐྱིད་ཅིང་དྲོ་བའི་ཚོར་བ་བསྐྱེད་པར་བྱེད། བྱམས་བརྩེ་མེད་པའི་མི་ལ་ནི་རང་ཉིད་སྐྱིད་པའི་ཚོར་བ་ཉུང་བར་མ་ཟད། དྲུང་དུ་གཞན་ཞིག་བཏུད་ཀྱང་མི་སྐྱིད་པའི་ཚོར་བ་ཤུགས་དྲག་པོ་འོང་བ་མངོན་སུམ་ཡིན།
        མི་སེམས་བཟང་པོ། གཤིས་ཀ་འཇམ་པོ་ཅན་ཞིག་དང་འགྲོགས་ནས་ཉིན་བཅུར་བསྡད་པ་དང་། མི་ཁོང་ཁྲོ་ཆེན་པོ་ཚིག་གཅིག་ཀྱང་བཤད་ས་མི་འགྲོ་བ་ཞིག་ལ་ཉིན་བཅུའི་རིང་འགྲོགས་ནས་བསྡད་པ་གཉིས་ལ་སྐྱིད་མི་སྐྱིད་ཀྱི་ཁྱད་པར་ཆེན་པོ་ཡོད་པ་ནི་ང་ཚོ་མི་རང་རང་གི་མྱོང་བས་གྲུབ་པ་ཞིག་ཡིན་པས། རང་གཞན་སུ་ལ་མཚོན་ནའང་སེམས་བཟང་པོ་ལྡན་རྒྱུ་ནི་མི་ཚེའི་བདེ་སྐྱིད་ཀྱི་རྩ་བ་ལྟ་བུར་གྱུར་ཡོད།
        དེའི་ཕྱིར་མང་ཐོས་ཀྱི་སྐབས་སུའང་། གཞུང་ལུགས་རྣམས་སུ་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ། བླང་དོར་འབྱེད་པའི་ཤེས་རབ་སོགས་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་མང་དུ་བསྟན་པ་མཐོང་ནས་དེའི་ཚུལ་ལ་ངེས་རྟོགས་ཤིག་རྙེད་དེ། སོ་སོའི་མི་ཚེ་དེ་རང་གཞན་གཉིས་ཕན་གྱི་ལམ་ཞིག་ཏུ་འགྲོ་ཐུབ་ན། གཞུང་ལུགས་གདམས་པར་ཤར་བ་ཡིན་ཞིང་། དེ་ནི་སྤུས་ཚད་སློབ་གསོ་དང་། བྱང་ཚད་སློབ་གསོ་མྱངས་པའང་ཡིན་ནོ། །
        དེ་ལྟ་མ་ཡིན་པར་མཚན་ཉིད་གཞུང་ལུགས་རྣམས་ལ་སློབ་གཉེར་བྱས་པ་ནི་ཤེས་བྱ་རྐྱང་པ་ཞིག་ལ་ཚང་རྩིས་བརྒྱབ་པ་ལྟ་བུས། ཆོས་གྲྭའི་ནང་དུ་ཚ་དང་འཁོར་གསུམ་བསྐོར་བ་ཙམ་གྱིས་ཕན་ཐོགས་ཆུང་། སྤྱིར་བཏང་ཆོས་གྲྭའི་རྩོད་པ་ཡང་མཚན་ཉིད་རིག་པའི་སྦྱོང་ཐབས་ཡག་པོ་ཞིག་ཡིན་པས་དགོས་གལ་ཆེ་ནའང་། སློབ་གཉེར་གང་བྱས་ཐམས་ཅད་རྩོད་མཁན་ཞིག་ཏུ་འགྱུར་རྒྱུའི་དགོས་པ་ཙམ་ལས་མ་འདས་ན་སྙིང་པོ་མི་འདུག་ཟེར་བ་ཡིན།
        ཅིའི་ཕྱིར་ཞེ་ན། ང་ཚོས་དགོན་པའི་ནང་དུ་གསུང་རབ་ལ་ཐོས་བསམ་བྱེད་ཀྱི་ཡོད་ལ། རང་རེའི་ཉེ་འཁྲིས་ཀྱི་རོང་འབྲོག་མང་ཚོགས་ཀྱིས་མང་ཐོས་སོགས་ཏིལ་ཙམ་ཡང་བྱེད་ཀྱི་མེད་པས། གལ་ཏེ་ཁོང་ཅག་དང་བསྡུར་ན། ང་ཚོས་གནད་དོན་གང་ཞིག་ལ་དབྱེ་ཞིབ་བྱས་ན་འདྲ། བྱ་བ་ཅི་ཞིག་ཐག་གཅོད་བྱས་ནའང་འདྲ། མི་གཞན་ལ་འགྲོགས་འདྲིས་བྱས་ཚེ་བྱམས་བརྩེ་དང་ལྡན་མིན་བསྡུར་ནའང་འདྲ་སྟེ། ཕྱོགས་ཀུན་ནས་ཅུང་ཟད་ལྷག་པ་དང་བཟང་བའི་ཁྱད་པར་ཞིག་འཐོན་ཐུབ་ཚེ། རང་གིས་གང་སྦྱངས་པའི་གསུང་རབ་དེ་མི་ཚེའི་ལམ་སྟོན་དུ་གྱུར་ཐུབ་སོང་བ་ཡིན་པས། དེ་ནི་གསུང་རབ་གདམས་པར་འཆར་སྟངས་ཤིག་ཏུ་བརྩི་རུང་ལ། དེ་ལྟར་མ་ཐུབ་ཚེ་སྦྱང་བའི་དགོས་པ་ཤིན་ཏུ་ཆུང་བར་བརྩིས་ཆོག
        མཁས་པ་ཞིག་གི་གསུང་སྒྲོས་ལས་ཀྱང་འདི་སྐད་ཐོས་ཏེ། ཚན་རིག་པས་མཁའ་དབྱིངས་དང་སྐར་མ་སོགས་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་དེ་མི་རེ་རེའི་མི་ཚེའི་ནང་ལ་ཕན་ཐོགས་པའི་ལྟ་བ་ཞིག་ཏུ་འགྱུར་ཐབས་ནི་ངས་གནད་འགག་ཅིག་ཏུ་མཐོང་ཞེས་པའོ། །
        གནམ་རིག་ཞིབ་འཇུག་ལྟ་བུར་ཆ་བཞག་ན། དགུ་ཚིགས་དང་། ཉི་མ། ཟླ་བ་སོགས་ཀྱི་གནས་སྟངས་མང་པོ་ཞིག་ཤེས་པ་ཙམ་གྱིས་མི་ལ་ཕན་བདེ་འབྱུང་མི་ནུས་པས། ནང་པའི་ཐེག་པ་ཆེན་པོའི་མཁས་པ་རྣམས་ཀྱིས་དང་པོར་ཤེས་རབ་ལ་བརྟེན་ནས་ཤེས་བྱའི་ཡིན་ལུགས་ལ་ཞིབ་འཇུག་བྱེད་པ་དང་། ཞིབ་འཇུག་བྱས་པའི་སྐད་ཅིག་གཉིས་པ་ནས་ཤེས་བྱའི་ངང་ཚུལ་རྟོགས་པའི་ཤེས་རབ་དེ་མི་ཚེའི་བླང་དོར་གྱི་འདམ་ག་འབྱེད་པའི་གྲོགས་ལ་ཅི་ལྟར་འཁྱེར་ཚུལ་དེ་གནད་འགག་ཅིག་ཏུ་རྩི་དོན་ཡང་དེ་རེད།
        དེ་གནད་འགག་ཏུ་བརྩིས་ནས་གཏན་ལ་འབེབ་མཁན་གྱི་སློབ་དཔོན་གཙོ་བོ་འཕགས་པ་ཐོགས་མེད་ཡིན་ལ། ཁོང་གིས་རྒྱ་ཆེ་བའི་སྤྱོད་པའི་ཆོས་སྐོར་ལེགས་པར་གསུངས་ཏེ་གཙོ་བོ་བླང་དོར་གྱི་ལམ་བསྟན་པ་རེད། ནམ་ཡིན་ཡང་། ཤེས་རབ་ནི་མི་ཚེའི་ལམ་སྟོན་ཞིག་ཏུ་འགྱུར་དགོས་པ་ལས། ཤེས་རབ་ནི་ཡིག་རིགས་ཅི་ཞིག་ཤེས་བྱེད་ཙམ་དང་། རིག་གནས་གང་ཞིག་རྟོགས་བྱེད་ཙམ། ཆེད་ལས་ཤེས་བྱ་ཅི་ཞིག་ཁོང་དུ་ཆུད་བྱེད་ཙམ་དུ་གྱུར་ན་སྙིང་པོ་ཆུང་བས། མི་ཚེའི་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་བྱེད་ཀྱི་ཤེས་རབ་ཅིག་ཨེ་འབྱུང་ལ་འབད་རྒྱུ་ནི་གཞུང་ལུགས་ལ་བསླབ་པའི་དགོས་པ་གཙོ་བོར་བཟུང་ཡོད།
        རྗེ་ཙོང་ཁ་པ་ཆེན་པོས་ཀྱང་། ཡི་གེའི་གཟུགས་སུ་ཡོད་པའི་བསྟན་བཅོས་རྣམས་ཀྱི་ནང་དུ་མཁས་པ་སྔོན་མ་ཚོའི་བློ་གྲོས་དང་། མི་ཚེའི་ཉམས་མྱོང་། ཤེས་བྱའི་གྲུབ་དོན་སོགས་ཡོད་པར་བསམས་ནས། དེ་དག་ལ་མང་ཐོས་གནང་བ་རེད་མ་གཏོགས་དཔེ་ཆའི་ཆེད་དུ་དཔེ་ཆར་སྦྱངས་པ་ཙམ་མ་ཡིན་ཏེ། ཡིག་འབྲུ་དེ་དག་རྐྱང་བ་བློར་བཟུང་བསྡད་པ་མ་ཡིན་པར། ཡིག་འབྲུ་དེ་དག་གི་ལྟག་རྒྱབ་ན་ཡོད་པའི་མཁས་པའི་ཤེས་རབ་དང་བློ་གྲོས་ལ་སྦྱངས་པ་རེད།
        《ཚད་མ་ཀུན་ལས་བཏུས་པ》ལྟ་བུའི་གཞུང་ལུགས་རེ་རེ་ནི། མཐའ་ཡས་པའི་ཤེས་བྱའི་འཇིག་རྟེན་ལ་ལྟད་མོར་ལྟ་སའི་སྒེའུ་ཁུང་རེ་རེ་ཡིན་པས། སྒེའུ་ཁུང་དེ་དག་གི་ནང་ནས། རིགས་དང་རྣམ་གྲངས་ཐ་དད་པའི་ཤེས་བྱའི་འཇིག་རྟེན་གྱི་ལྟད་མོ་མི་འདྲ་བའང་རེ་རེ་མཐོང་ནུས་པ་དང་། ལྟད་མོ་དེ་དག་མཐོང་བ་ལས་སྐྱེས་པའི་ཤེས་རབ་ཀྱི་རྣམ་གྲངས་རེ་རེ་བཞིན་མི་ཚེའི་ཉམས་ལེན་ནང་ཁྱེར་ཡོང་ནུས་ན་ནི། ད་གཟོད་གཞུང་ལུགས་གདམས་པར་ཤར་བ་ཡིན་ནོ། །

《སྐྱེས་ཆེན་གྱི་བཞུད་ལམ》ལས་བཤུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།