སྐྱབས་རྗེ་མཁས་དབང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་ལ་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་དཔྱིད་ཀྱི་ལང་ཚོའི་དཔལ་ཡོན་ཞེས་བྱ་བ།


གངས་ཅན་མགོན་པོའི་རླབས་ཆེན་བཞེད་དོན་ལྟར། །
བསིལ་ལྗོངས་རྒྱལ་བསྟན་ཆབ་སྲིད་སྐྱོང་བའི་ཕྱིར། །
རྨད་བྱུང་ཐུགས་བསྐྱེད་དུས་ལས་ཡོལ་མེད་པའི། །
ཕྱག་ན་པདྨོའི་ཐུགས་སྲས་ཁྱེད་ལ་འདུད། །

གང་སྐུ་ཉིན་བྱེད་དབང་པོ་བསིལ་ལྗོངས་སུ། །
བལྟམས་པའི་སྐལ་བཟང་དུས་ཀྱི་དགའ་སྟོན་འདིར། །
མགོན་ཁྱོད་མཛད་བཟང་བཀའ་དྲིན་རྗེས་དྲན་གྱིས། །
གསང་གསུམ་འཚེ་བྲལ་བཞེད་དོན་མྱུར་འགྲུབ་སྨོན། །

ཐོས་བསམ་སྒོམ་གསུམ་ཤེས་བྱ་རྒྱ་མཚོའི་གཏེར། །
མཁས་བཙུན་བཟང་གསུམ་བསླབ་གསུམ་རྒྱ་མཚོའི་གཏེར། །
འཆད་རྩོད་རྩོམ་གསུམ་ལེགས་བཤད་རྒྱ་མཚོའི་གཏེར། །
མཚུངས་མེད་མགོན་ཁྱོད་ཡོན་ཏན་རྒྱ་མཚོའི་གཏེར། །

བསྟན་གཤེད་རྒྱ་དམར་བཙན་འཛུལ་སྲིད་གཞུང་གིས། །
གངས་ཅན་བསྟན་སྲིད་རྨེག་མེད་འཇོམས་པའི་དུས། །
ཕྱག་ན་པདྨོའི་ཀུན་ཕན་ཐུགས་བཞེད་ལྟར། །
མགོན་ཁྱོད་བསྟན་སྲིད་འཛིན་སྐྱོང་བཀའ་དྲིན་དྲན། །

བསྟན་དགྲ་རྒྱ་དམར་གཞུང་གི་ལག་གཡོག་འགས། །
བཙན་བྱོལ་སྤྱི་ཚོགས་ཁྲག་བཞིན་དཀྲུགས་པའི་དུས། །
ཕྱག་ན་པདྨོའི་རླབས་ཆེན་བཞེད་དོན་ལྟར། །
མགོན་ཁྱོད་བསྟན་སྲིད་སྲུང་སྐྱོབ་བཀའ་དྲིན་དྲན། །

ད་དུང་བསིལ་ལྗོངས་སྣོད་བཅུད་ནམ་གནས་བར། །
ཕྱག་ན་པདྨོའི་མཛད་འཕྲིན་ཉི་ཟླའི་འོད། །
ཕྱོགས་བརྒྱར་འགྱེད་པའི་བྱེད་པོར་སེམས་དཔའ་མཆོག །
གསང་གསུམ་འཚེ་བྲལ་བཞེད་དོན་ལྷུན་འགྲུབ་ཤོག །

ཅེས་འཕགས་ཡུལ་ལྷོ་རྒྱུད་ཀྱི་ལྗོངས་སུ་གནས་པའི་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགའ་ཤར་སོག་པ་འཇམ་དབྱངས་ཁང་ཚན་གྱི་གྲྭ་འབངས་སུ་གཏོགས་པའི་ཁོ་བོ་ཚང་སྲས་རིག་པའི་འདོད་འཇོའམ། གསེར་རྟའི་ཚུལ་ཁྲིམས་འོད་ཟེར་དུ་འབོད་པ་གང་དེས་རང་ཉིད་ཀྱིས་བསོད་ནམས་བསོག་ཕྱིར་དུ་དམིགས། བོད་རྒྱལ་ལོ་༢༡༤༩ བོད་རབ་གནས་ཆུ་སྟག་ལོའི་བོད་ཟླ་༩་ཚེས་༡༢་དང་། ཕྱི་ལོ་༢༠༢༢་ལོའི་ཟླ་༡༡་ཚེས་༥་ཉིན་གྲུབ་པར་བགྱིས་པ་དགེའོ།། །།སརྦ་མངྒ་ལཾ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།