༄༅། །མགུར་མ་བདེན་གཏམ་ཚངས་པའི་དྲང་ཐིག་ཅེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ།
དཔག་མེད་བསྐལ་བའི་སྔོན་ནས། །
ལྷན་ཅིག་ཐུགས་སེམས་བསྐྱེད་དེ། །
བསྐལ་བཟང་རྣམ་འདྲེན་སྟོང་ལས། །
དེང་འདིར་དམུ་རྒོད་འགྲོ་ལ། །

ལྷག་པར་སྙིང་སྟོབས་བསྐྱེད་པས། །
པད་དཀར་ལྟ་བུར་བསྔགས་པ། །
རྣམ་འདྲེན་ཤཱཀྱ་སེང་གེ །
ཁྱོད་མིན་གཞན་ན་སུ་ཡོད། །

མགོན་དེའི་གསུང་གི་ཡང་སྙིང་། །
ཟབ་མོ་ལྟ་བའི་དེ་ཉིད། །
ཇི་བཞིན་གསལ་བར་འདོམས་པ། །
ཀླུ་སྒྲུབ་ཡབ་སྲས་ལོས་ཡིན། །

དབང་པོ་དམན་པའི་འགྲོ་ལ། །
སྣ་ཚོགས་ཐབས་ཀྱིས་གྲུབ་མཐའི། །
སྲོལ་འབྱེད་འཛམ་གླིང་རྒྱན་རྣམས། །
བསྟན་ལ་བཀའ་དྲིན་ཆེའོ། །

རང་བཞིན་བདེན་པས་སྟོང་ཞིང་། །
ཐ་སྙད་སྒྱུ་མར་གྲུབ་པའི། །
ཆོས་ཀུན་གཟིགས་མོར་མཛད་པ། །
དབུ་མ་བ་རྣམས་མཚར་ཆེ། །

བཀའ་རྟགས་ཕྱག་རྒྱ་བཞི་བོ། །
ཡང་དག་དམ་བཅའི་སྒོ་ནས། །
བསྟན་ལ་ངེས་པ་རྙེད་རྣམས། །
དད་པའི་ཡུལ་དུ་ལོས་འཛིན། །

བསླུ་མེད་དཀོན་མཆོག་རྣམ་གསུམ། །
གཏན་གྱི་སྐྱབས་སུ་ངེས་ནས། །
རྣམ་ཀུན་གཙུག་ཏུ་བསྟེན་པའི། །
ཁྱེད་རྣམས་སྐལ་བ་ལྡན་ནོ། །

ཁ་བ་ཅན་གྱི་ལྗོངས་འདིར། །
མདོ་སྔགས་བསྟན་པའི་སྲོལ་འབྱེད། །
འཇམ་མགོན་བློ་བཟང་གྲགས་པའི། །
བཀའ་དྲིན་བརྗེད་པ་མེད་དོ། །

འཁྲུལ་མེད་རིང་ལུགས་དམ་པ། །
མི་ཉམས་རིམ་བཞིན་སྐྱོང་བའི། །
སྲོལ་འཛིན་མཁས་དབང་རྣམ་པ། །
བཀའ་དྲིན་ཐུགས་རྗེ་ཆེའོ། །

སངས་རྒྱས་བསྟན་པའི་སྙིང་བོ། །
ལུང་རིགས་ཤེས་པའི་སྒོ་ནས། །
སྟོན་པའི་བཀའ་དྲིན་འཁོར་མེད། །
ཀུན་མཁྱེན་བླ་མ་ལོས་ཡིན། །

ཆོས་སྲིད་གཉིས་ལ་དབང་བསྒྱུར། །
སྐྱབས་མགོན་ཐམས་ཅད་མཁྱེན་པ། །
མཉམ་རྗེས་ངོ་བོ་གཅིག་ན། །
མཛད་རྣམས་གཞན་དོན་ལོས་ཡིན། །

བླ་མས་ཅི་གསུངས་ཐམས་ཅད། །
ཚུལ་བཞིན་སྤྱི་བོར་བསྒྲུབས་ན། །
ཆོས་སྲུང་དམ་ཅན་ཚོགས་ཀྱིས། །
འཕྲིན་ལས་ཚུལ་བཞིན་ལོས་བསྒྲུབ། །
བློ་གྲོས་དོན་གཉེར་ཅན་རྣམས། །

གཞུང་ཟབ་རྒྱ་ཆེ་དག་ལ། །
བརྩོན་སྦྱང་ཕུ་དག་བྱས་ན། །
ཐར་བའི་ལམ་སྣ་ལོས་ཟིན། །
ཡོན་ཏན་ཅུང་ཟད་ལྡན་ཡང་། །

སྐྱོན་རྟོག་དུག་གསུམ་འཕེལ་བའི། །
ཐབས་དེ་དབང་མེད་སོང་ན། །
འབྲས་བུ་ཅི་འདྲ་འགྲུབ་ཡོང་། །
ཡོན་ཏན་ཀུན་གྱི་རྩ་བ། །

བཤེས་གཉེན་བསྟེན་ཚུལ་མེད་པར། །
ཐར་བའི་ལམ་སྣ་མཆོག་ལ། །
བགྲོད་པ་སུ་ཞིག་ཡོད་སོང་། །
ཚ་གྲང་ལྟོག་སྐོམ་སྡུག་བསྔལ། །

མ་བཟོད་སེམས་ལ་འཆང་ནས། །
ཚ་ཐབ་དྲོན་པོར་གནས་པའི། །
མཁས་པའི་གོ་འཕངས་སུས་ཐོབ། །
གཞན་ཕོག་རྣམ་གཡེང་འཕེལ་བའི། །

ལོང་གཏམ་ཉ་ཉོག་སྟེང་ནས། །
ཉིན་མཚན་དུས་དྲུག་ཕུད་ན། །
དགའ་བ་ཇི་འདྲ་ཡོད་སོང་། །
གྱོན་པ་རྒྱལ་མཚན་འདྲར་གྱོན། །

ཕོ་རོག་ལང་མོར་འགྲོ་བའི། །
གཟར་སྨྱོན་མགོ་སྟོང་འདི་ཚོར། །
བལྟས་ན་གད་མོ་ཤོར་ཡོང་། །
གང་ཤར་ཁ་ནས་འདོན་པའི། །

ཁ་ཁོག་ཅུང་ཟད་མེད་པ། །
རྒན་པོ་རེ་གཉིས་མཐོང་ཚེ། །
མཚར་མཚར་གཏིང་ནས་སྐྱེས་སོང་། །
སྐྱ་སེར་བླ་གྲྭའི་ཁྱད་པར། །

མིང་ཙམ་ཟད་པར་གྱུར་འདི། །
བསྟན་པ་སྙིགས་མར་སོང་བའི། །
རང་མཚང་ཡིན་པས་ནོངས་སོ། །
གཞན་ལ་སྐྱོན་བརྗོད་འབྱེད་བྱེད། །

ཡོན་ཏན་རང་ལ་མེད་ཀྱང་། །
སྐལ་མཉམ་འགྲོ་ལ་ཕན་ཕྱིར། །
མཉྫུ་གྷོ་ཥཱས་སྨྲས་སོ། །
ཞེས་པ་འདི་ཡང་ཞིང་དེར་སྡོད་དུས་སྐྱ་སེར་ཀུན་གྱིས་བླ་མ་མཆོག་ལ་སྐུར་འདེབས་ལོག་ལྟས་ལས་ངན་ཚབ་ཆེན་པོ་གསོག་པའི་དུས་ཞིག་ན། ཁོང་དུ་མ་ཆུད་པར་ཁ་ནས་ཐལ་ལོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།