རྗེ་བློ་བཟང་གྲགས་པའི་ངང་ཚུལ་ཅུང་ཟད་བརྗོད་པ་བཞུགས་སོ། ། 

མཛད་པ་པོ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།

ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ།
བློ་ཆེན་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ། །
བཟང་པོའི་སྨོན་ལམ་རླབས་ཆེན་གྲུབ་པའི་མཐུས། །
གྲགས་པའི་སྒྲ་ཆེན་ཐུབ་བསྟན་འགྲོ་བའི་དཔལ། །
བློ་བཟང་གྲགས་པའི་དཔལ་ལ་མགོས་ཕྱག་འཚལ། །

དཔག་ཡས་ཚོགས་གཉིས་ཀུན་གྱི་རྩེ་མོར་སོན། །
བགྲང་ཡས་རྒྱལ་བ་ཀུན་གྱི་རིང་ལུགས་འཛིན། །
མཐའ་ཡས་འགྲོ་བ་ཀུན་གྱི་དགེ་བའི་བཤེས། །
བསམ་ཡས་ཡོན་ཏན་ཀུན་གྱི་གཏེར་ལ་འདུད། །

གངས་ཅན་ཤར་ཕྱོགས་ཙོང་ཁའི་སྐྱེད་ཚལ་དུ། །
དལ་འབྱོར་ཡོངས་འདུའི་རྩ་བ་རབ་བརྟན་ཞིང༌། །
ཡོན་ཏན་ཡལ་གས་ཕྱོགས་ཀྱི་མཐའ་འཇལ་བ། །
སྙན་གྲགས་དྲི་བསུང་འཕྲོ་བ་ཁྱོད་ལ་འདུད། །

དྲི་མེད་མཁྱེན་ཡངས་འཇིགས་བྲལ་གཞོན་བློ་སོགས། །
གངས་ཅན་མཁས་པའི་མཁས་པ་ཀུན་བསྟེན་ནས། །
སྤྱི་དང་ཁྱད་པར་གཞུང་ལུགས་མཐའ་དག་ལ། །
རྨོངས་པའི་མུན་ཀུན་སངས་པ་ཁྱོད་ལ་འདུད། །

རྙོག་བྲལ་ཚུལ་ཁྲིམས་བརྟུལ་ཞུགས་རྒྱ་མཚོ་ཆེར། །
མང་ཐོས་ལུང་རིགས་ནོར་བུས་ལྷག་པར་གཏམས། །
མཁས་མཆོག་ཀླུ་དབང་ཀུན་གྱིས་གུས་པས་བསྟེན། །
རྣམ་དཔྱོད་གཏིང་མཐའ་མེད་ལ་གསོལ་བ་འདེབས། །

ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ། །
མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །
བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །
ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །

བྱང་ཕྱོགས་འདི་ན་ཚིག་ཙམ་བྱང་བའང་དཀོན། །
དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན། །
བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ། །
འདི་གསུམ་མཐར་ཕྱིན་ཁྱོད་ལ་སྙིང་ནས་འདུད། །

ལ་ལ་རིགས་བྲལ་ལུང་གིས་གྲུབ་མཐའ་འཇོག །
ཁ་ཅིག་ལུང་མེད་རིགས་པ་ལྟར་སྣང་ཙམ། །
ལུང་རིགས་གཉིས་ཀས་རྒྱལ་བའི་གསུང་རབ་ཀུན། །
ལེགས་པར་འབྱེད་པ་ཁྱོད་ལ་གུས་ཕྱག་འཚལ། །

ཁ་ཅིག་འདུལ་བ་གཙོར་བྱས་གསང་སྔགས་སྤོང༌། །
གཞན་དག་སྔགས་ལ་མོས་བློས་འདུལ་བ་འགོག །
རྒྱལ་བའི་བསྟན་པ་མཐའ་དག་འགལ་མེད་དུ། །
རྫོགས་པར་ཉམས་སུ་ལེན་མཁས་ཁྱོད་ལ་འདུད། །

མཚན་ཉིད་ཕྱོགས་བཟུང་གསང་སྔགས་ཟབ་ཆོས་དང༌། །
སྔགས་ཀྱིས་ཁེངས་ནས་མཚན་ཉིད་ཁ་བཤད་ཙམ། །
མདོ་སྔགས་མཐའ་དག་མ་ཚང་རྫོགས་བྱང་དུ། །
བགྲོད་ཐབས་མེད་པར་གཟིགས་པ་ཁྱོད་ལ་འདུད། །

ལ་ལ་སྤྱོད་པ་ཞིབ་མོས་ལྟ་བ་འགོག །
ཁ་ཅིག་ལྟ་བ་མཐོན་པོས་སྤྱོད་པ་འདོར། །
ལྟ་སྤྱོད་ཕན་ཚུན་གྲོགས་སུ་ཤར་ནས་ནི། །
དོན་འདི་ལྷག་པར་འདོམས་པ་ཁྱོད་ལ་འདུད། །

འགའ་ཞིག་བཤད་པ་གཙོར་བྱེད་སྒོམ་ལ་སྨོད། །
ལ་ལ་སྒོམ་གྱི་ཆོག་འཛིན་ལུང་ལ་སྨོད། །
བཤད་སྒྲུབ་གཉིས་ཀས་ལུང་རྟོགས་དམ་པའི་ཆོས། །
འཛིན་ཚུལ་གསལ་མཛད་ཁྱེད་ལ་གུས་པས་འདུད། །

མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེའི་ཐེག །
རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན། །
རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །
སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱེད་ལ་འདུད། །

མདོར་ན་ཐུབ་བསྟན་མཐའ་དག་མ་ལུས་པར། །
བཤད་སྒྲུབ་གཉིས་ཀྱིས་ཆེས་ཆེར་གསལ་མཛད་པས། །
གངས་ཅན་འདི་ན་བསྟན་འཛིན་མཐའ་དག་གིས། །
རྟག་ཏུ་བསྔགས་པར་འོས་པ་ཁྱོད་ལ་འདུད། །

བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །
བདག་ཉིད་ཆེན་པོ་ཁྱོད་བཞིན་རྒྱལ་བའི་བསྟན། །
བདག་པས་གཞན་གཅེས་ལྷག་བསམ་ཕུལ་བྱུང་གིས། །
བདག་གི་སྲོག་ལྟར་བསྲུང་བར་བྱིན་གྱིས་རློབས། །

ཁྱོད་ལ་གཙོར་བྱས་ཧ་ཅང་མཆོག་འཛིན་གྱིས། །
ཕྱོགས་ལྷུང་གདོན་གྱིས་ཐུབ་བསྟན་དཀྲུགས་པ་ཡང་། །
དག་སྣང་ཕྱོགས་མེད་འབྱོངས་པ་ཁྱོད་ཉིད་ཀྱིས། །
མྱུར་དུ་བསལ་ནས་བསྟན་འཛིན་མཐུན་གྱུར་ཅིག །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།