གྲང་ངར་གྱིས་གནང་བའི་དྲོད་འཁོལ།

                                    ཐེའུ་རང་། 

    དེ་རིང་། གྲོང་ཁྱེར་འདིའི་ནམ་ཟླ་ཤིན་ཏུ་གྲང་།  མགྲོན་པོ་མང་པོ་མཚམས་ཚིགས་མེད་པར་སྐྱིད་ཤོད་དུ་བྱོན།  བར་སྐབས་ཤིག་ལ། གྲོགས་པོས་ཁོ་རང་བྲག་ཡེར་པ་རུ་འབྱོར་ཡོད། ཅེས་གངས་རླུང་ཤུར་ཤུར་ལྡང་བའི་བརྙན་ཐུང་ཞིག་སྐུར་བྱུང་། གཞུང་ལམ་གཡས་གཡོན་གྱི་རྡོ་མཁར་དག་གི་ཕ་རོལ་ནས།  གསེར་འོད་ལམ་ལམ་འཕྲོ་བའི་མཆོད་རྟེན་གྱི་དབུ་རྩེ་རིག་ལ། དེའི་ཕ་རོལ་ནས་ཁ་བས་གཡོགས་པའི་རི་བོ་དག་གི་རྔམ་བརྗིད་མཐོང་འོང་། དགོན་པའི་ཚོང་ཁང་གི་མདུན་ན་མཇལ་བ་མང་པོ་གོང་འབབ་བྱས་འདུག  དེ་རིང་ཆར་རླུང་འདྲེས་མའི་གྲོང་ཁྱེར་འདིའི་གྲང་ངར་ནི་ལུས་སེམས་ཀྱི་གདིང་དུ་ཟུག་པ་ཞིག་ཡིན་མོད། བརྙན་ཐུང་ལས་མཇལ་བའི་བོད་བྱང་མཚམས་ཀྱི་ཡེར་པ་ལྷ་རི་སྙིང་པོའི་གྲང་ངར་ལ།  ཡིད་སེམས་ཁོང་ནས་སྨོན་པ་ཞིག་བྱུང་།  གྲོགས་པོར་འཁྱག་སྣང་དཔེ་མེད་སྟེར་བའི་དབུས་ཉི་མ་ལྷ་སའི་གནམ་གཤིས་གྲང་ངར་ལྡན་པ་དེས།  ཁ་པར་གྱི་འཆར་ངོས་སྲབ་མོ་ལས།  ང་ལ་ཟད་མཐའ་མེད་པའི་བདེ་དྲོད་བསྩལ་བྱུང་། ང་རང་ཏབ་ཅིག་ལ་ཉི་མ་ལྷ་སར་འབྱོར་ན་བསམ་བྱུང་།  རི་བོ་ཧི་མ་ལའི་འདབས་རོལ་ན་བཞུགས་པའི་སྟོད་མངའ་རིས་དང་།  ཆུ་མོ་ཡར་ཀླུངས་གཙང་པོའི་ཁུགས་སོ་རུ་བསྲིངས་པའི་ཡར་ཀླུངས་བྱང་ཁོག་རིང་མོ།  གནམ་གྱི་ཀ་བ་འགྱུར་མེད་གངས་རིན་པོ་ཆེ།  ས་ཡི་སྤྱན་མིག་ལྷད་མེད་མཚོ་མ་ཕམ།  བཙན་པོའི་ཞལ་ལྕེ་བརྩིགས་པའི་ཕོ་བྲང་དཀར་དམར། བླ་མའི་ཐུགས་རྗེ་འཁྱིལ་བའི་ནོར་གླིང་སྐྱེད་ཚལ། ཚེ་རབས་གཅིག་གི་སྨོན་འདུན་གྱི་ཐོད་པ་གཏུག་སའི་ཇོ་ཁང་།  མི་རབས་བྱེ་བའི་མཇལ་ཕྱག་གི་རྔུལ་ཆུ་གཏོར་སའི་བར་སྐོར། ངས་དེ་དག་རེ་རེ་བཞིན་སྐད་ཅིག་སྐད་ཅིག་མཇལ་བྱུང་ལ། ང་དེ་དག་རེ་རེར་ལམ་སང་ལམ་སང་མཇལ་སྙིང་སྐྱེས། ང་རང་དེ་ལྟར་མངོན་གསུམ་དང་སྟོང་འདང་ཁྲོད། ཕ་མེས་ཀྱི་བྲང་གཞུང་ལྟ་བུའི་སྟོད་ཉི་མ་ལྷ་སར་རྡོག་ཐོན་བྱས།  རྨི་ལམ་བརྒྱ་ཕྲག་ལས་ཡང་ཡང་མཇལ་མྱོང་བ་ནང་བཞིན།  ཡིད་སེམས་རྩེ་གཅིག་གིས་རང་གི་རྨི་ལམ་གྱི་ནང་དུ་ལྷུང་སོང་། རེ་སྒུག་དང་དྲན་གདུང་།  བརྩེ་གདུང་དང་སྨོན་འདུན་ཁྲོད་དུ་ལྷུང་སོང་།  

 དེ་ལྟ་དེ་ལྟར། བདག་སེམས་འདུན་མའི་རྟ་ཕོ་བྲག་ཡེར་བའི་གནམ་གཤིས་དང་བསྡོངས་ནས་ཉི་མ་ལྷ་སར་རྡོག་བྱེད་སྐབས་ཏག་ཏག་ལ།  གཞོན་ནུ་ཕོ་མོ་ཟུང་ཟ་ཁང་གི་ཤིང་སྐས་ལས་བབས་ཏེ་ཁོ་བོ་གཟས་ནས་འོང་ཞིང་། “རྒན་ལགས།  ངེད་གཉིས་ལྷ་ས་ནས་ཡིན།  ད་ཐེངས་ཧྭ་ཤྭིས་སྨན་ཁང་དུ་སྨན་པར་སྟོན་དུ་ཡོང་བ་ཡིན།  དེབ་འདི་ཁྱེད་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན་ལགས།”ཞེས་ཤོག་ཁུག་ཅིག་བསྲིངས་བྱུང་།  བདག་གིས་ཐུགས་རྗེ་ལེགས་གསོལ་ཞུས་པ་དང་། ཁོང་གཉིས་ཕྱི་མིག་འཛུམ་མདངས་སུ་བསྐྱིལ་ནས་ཟ་ཁང་གི་སྒོར་བུད།  ང་རང་ཕྱི་རྗེས་འབྲངས་ཏེ་ཕེབས་སྐྱེལ་དུ་སོང་བར།   གཞོན་ནུ་ཁོང་གིས་ཟ་ཁང་གི་སྒོ་ཁར་ཡོད་པའི་སྐྱིད་ཤོད་ཀྱི་པར་སྒྲོམ་ཆེན་པོ་དེར་ཁ་བཏགས་ཡུག་གཅིག་འཐེན་རྗེས། རྡོ་སྐས་ཞོལ་མ་ལས་མར་འབབ་ཀྱིན་འདུག   སྐྱིད་ཤོད་དུ་བརྩེ་འདང་ཁོ་ན་བསྣམས་ནས་ཕེབས་མཁན་མང་པོ་ཡོད་ནའང་།  དེ་རིང་ཡིད་སེམས་གཏིང་ནས་འགུལ་བ་ཞིག་བྱུང་སོང་།  ང་ཆར་རླུང་གིས་བསྐྱོད་པའི་དྲི་མེད་ཁ་བཏགས་དང་།  རྡོ་སྐས་ལས་མར་འབབ་པའི་གཞོན་ནུ་ཕོ་མོ་ཟུང་གི་རྒྱབ་གཟུགས་ལ་འཁྲེང་ནས་རེ་ཞིག་ལུས། བརྗོད་འདོད་ཀྱི་མགྲིན་པ་ཀུན་ནས་རྣོང་། བརྩེ་དུངས་དང་ཤ་ཚ་སྙིང་ནས་སྐྱེས།  བདེ་མོའི་ཚིག་དང་ལག་བརྡ་ཙམ་ཡང་འཇོན་མ་སོང་།  སྐྱིད་ཤོད་ནི་གཞིས་ཀ་ཆུང་ཆུང་ཆུང་ཆུང་ཞིག་ཡིན།  འོན་ཀྱང་། ཁོང་གཉིས་ཀས་གྲོང་ཁྱེར་ཆེན་པོ་འདིའི་བང་རིམ་ན་འཕྱོ་བའི་གཞིས་ཀ་ཆུང་ཆུང་ཆུང་ཆུང་འདི་གཟས་ནས་ཕེབས། ཕེབས་ནས་ཀྱང་འདི་གའི་ཁ་ལག་ལོངས་སུ་སྤྱད།  གུས་པར་དེབ་སྐྱེས་གནང་།  སྒོ་ནས་དར་ཁ་འཐེན།   དུས་ཚོད་ཡུན་རིང་ཞིག་ལ།  ང་རང་བྲག་ཡེར་བའི་གྲང་ངར་ལས་ཕྱིར་ལོག་མ་ཐུབ་པ་ནང་བཞིན།  དུས་ཚོད་ཡུན་རིང་ལ།  ང་རང་སྣང་བརྙན་དེ་དང་བརྩེ་བ་དེ་ལས་ཕྱིར་ལོག་མ་ཐུབ།   ཤ་རུས་ཀྱི་གདིང་གདིང་ཞིག་ཏུ་ཆོས་དངོས་ཅི་ཞིག་མེ་སྟག་དང་ཁངས་ཆར་བཞིན་འཚུབ།  རྟ་རྒོད་ཀྱི་རྨིག་སྒྲ་བཞིན་མཆེད།  འབྲོང་གཡག་གི་རུ་ཐུར་བཞིན་ཟུག  ཨ།  ངོ་མི་ཤེས་པའི་གངས་ཅན་དབུས་ཀྱི་སྤུན་ཟླ།  དེ་རིང་། ཁོ་བོ་སྟོང་འདང་ཁྲོད་ཉི་མ་ལྷ་སར་མཇལ་སྐོར་གནང་ཞིང་།  ཡར་ཀླུངས་ཁོག་པར་རྒྱང་སྐྱོད་བྱེད་སྒང་ཏག་ཏག་ལ།  ཁྱེད་རང་དབུས་ཉི་མ་ལྷ་ས་ནས་ང་ཡི་གམ་དུ་འབྱོར་བྱུང་། དབུས་ཀྱི་ས་མིང་ཆུ་མིང་གསོལ་བའི་ང་ཡི་གཞིས་ཀར་འབྱོར་བྱུང་། འུ་གཉིས་སྐྱིད་ཤོད་ནས་འཕྲད་བྱུང་།   སྐྱིད་ཤོད།  བརྩེ་གདུང་འཁྱིལ་བའི་ས་ཆུ།  མེས་པོའི་སྤྱན་མིག་བཞིན་གསལ་བའི་ཡུམ་ཆེན་གྱི་བྲང་གཞུང་།  མཇལ་འཕྲད་དང་མཇལ་འཕྲད་ཀྱི་བསོད་ནམས་ཚོགས་ས།  འདུ་འཛོམས་དང་འདུ་འཛོམས་ཀྱི་ལས་སྨོན་འགྲུབ་ས།    སྤུན་ཟླ།  མཇལ་འཕྲད་ཟེར་བ་ནི་བརྩེ་གདུང་གིས་མྱོས་པའི་ཕོ་མོ་ཟུང་གི་དུས་ཆད་དང་།  སྐྱིད་སྡུག་གིས་སྦྲེལ་བའི་སྤུན་ཟླ་དག་གི་འདུ་འཛོམས།  རེ་སྒུག་ལ་བཅོལ་བའི་ཡབ་ཆེན་གྱི་ལོག་ཕེབས་དང་།  མུན་ནག་ལ་གཏད་པའི་ཡུམ་ཆེན་གྱི་རྒྱང་ལྟ་ཡིན། མཇལ་འཕྲད་ནི་ཁ་བཏགས་དང་ཁ་བཏགས་མགུལ་དུ་འཁྱུག་པ།  ཆང་ཕོར་དང་ཆང་ཕོར་སིལ་སྒྲ་མཆེད་པ།  བརྒྱ་ཚོགས་སྟོང་འདུས་དབུས་སུ་འཛུམ་མདངས་དང་འཛུམ་མདངས་འཕྲད་པ།  ལག་བརྡ་དང་ལག་བརྡ་ཐུག་པའང་ཡིན།  ཡང་མཇལ་འཕྲད་ནི་གཅིག་ངོ་གཅིག་གིས་མི་ཤེས་ནའང་།  སྐྱིད་སྡུག་སེམས་རྒྱུས་ལོན་པ། བར་ཐག་རི་ཆུས་བཅད་ནའང་།  སྙིང་ཐག་བརྩེ་བས་མདུད་པ།  ཆེས་སྤྱིར་བཏང་གི་སེམས་ཁུར་དང་འཚམས་འདྲི།  ཆེས་རྣམ་དག་གི་ཁ་བརྡ་དང་གསོལ་རས་ཀྱང་མ་ཡིན་ནམ།  

དེ་རིང་། འདི་གའི་ནམ་ཟླ་གྲང་ངར་ཆེ་ནའང་།  གློ་བུར་བདག་སེམས་ཨ་མའི་ཐབ་རྩ་དྲོད་ཀྱིས་ཁེངས་བྱུང་།  སྤྱིར་ན། མཐོ་སྒང་གི་གྲང་ངར་གྱིས་གསོས་པའི་ཕྲུ་གུ་ཞིག་གིས། གྲོང་ཁྱེར་གྱི་དགུན་ཁ་མི་ཆོད་ཟེར་ན་སྡར་ཞད་ནང་གི་སྡར་ཞད་ཅིག་ཡིན་སྲིད་མོད།  རང་བྱུང་ཁམས་ཆེན་མོའི་རྣམ་འགྱུར་དང་འབྲེལ་བ་ཆེས་ཆེར་མེད་པའི་གྲོང་ཁྱེར་གྱི་ཚ་གྲང་ནི། ཡོང་ས་རང་བྱུང་ཁམས་ཆེན་མོ་མིན་མིན་འདྲ་ལ། ལོག་སའང་རང་བྱུང་ཁམས་མིན་མིན་ཞིག་ཏུ་སྣང་།  ཁྱེད་རང་ཡུན་ཙམ་བཞུགས་པས་ཤེས་ཏེ། གྲོང་ཁྱེར་འདིིའི་ནམ་ཟླ་ལ་རང་གཤིས་ཟེར་བ་ཡེ་མི་འདུག  རང་བྱུང་ཁམས་ཆེན་མོའི་ཆོས་ཉིད་ཀྱི་བདེན་པ་ཟེར་བའང་མི་འདུག  དུས་ཚིགས་ཀྱི་རྣམ་འགྱུར་སྣ་མ་སྣ་ཚོགས་ནི་དེ་བས་ཀྱང་ངོ་།  །  འདི་ན་གངས་དང་ཆབ་རོམ་མེད་ནའང་། འདི་ན་མེ་ཏོག་དང་སྔོར་མ་སྐྱེས་ཡོད་ནའང་། འདི་ཡི་གྲང་ངར་གོར་ཐིག་མན་དུ་ལྷུང་བའི་ཚོད་ཅིག་མིན་ནའང་།  འདི་ན་དོར་ཐུང་གྱོན་ཏེ་སྒེག་ཉམས་སྟོན་མཁན་མང་ནའང་།  འདི་རུ་ནམ་ཟླ་དགུན་ཁ་སླེབས་ཚེ།  ལུས་པོ་གྲང་འདར་མ་བརྒྱབ་གོང་ལ། སེམས་པ་ཁོང་འདར་རྒྱག་པར་རྩོམ།    ཡིན་ནའང་།  …  …    ཡིན་ནའང་།   བརྙན་ལམ་ནས་མཇལ་བའི་བྲག་ཡེར་པའི་གྲང་ངར་གྱིས།  བསྐལ་བའི་འདུན་མ་སྤུངས་པའི་བདག་སེམས་ཀྱི་མེ་ཕུང་སྦར་བ་ནང་བཞིན།  དབུས་ལྷ་ས་ནས་ཕེབས་པའི་གཞོན་ནུ་ཕོ་མོ་ཟུང་གི་རྣམ་དཀར་བརྩེ་འདང་དྲོན་མོས། བདག་གི་ལུས་སེམས་ལ་བརྙས་པའི་གྲོང་ཁྱེར་འདིའི་གྲང་འཁྱག་དང་ཆར་རླུང་བདས་སོང་།   ད་ལྟ་བདག་གི་ལུས་སེམས་གཉིས་ཀ་ལྷ་སའི་ཉི་འོད་ཀྱིས་དྲོས་བྱུང་།  རང་གཤིས་ལྡན་པའི་མཐོ་སྒང་གི་གྲང་ངར་གྱིས་དྲོས་བྱུང་། བདག་གི་མེས་པོ་རྣམས་ནི་རང་གཤིས་མཁྲེགས་པོ་ཡོད་པ་ནང་བཞིན། ཕ་ཚེ་བུ་རབས་འཚོ་བཞེས་གནང་སའི་གངས་ཅན་སྣོད་ཀྱི་འཇིག་རྟེན་ལའང་། དུས་བཞིའི་རྣམ་འགྱུར་མངོན་པར་གསལ་བའི་གཤིས་ཀ་དམིགས་བསལ་བ་ཡོད།  རི་བྲག་འགྱིང་ལུགས། མཚོ་མོ་འཁྱིལ་ལུགས།  རྩི་ཐོག་སྐྱེ་ལུགས།  ཁངས་ཆར་འབབ་ལུགས།  ཉི་ཟླ་འཆར་ལུགས།  སྨུག་སྤྲིན་རྒྱུ་ལུགས།  དྲོད་གྲང་འཐབ་ལུགས། རྩྭ་ཉག་མ་གཅིག་ནས་ཆུ་ཐིགས་པ་གཅིག་ཡན་ཆད་ལ་རང་གཤིས་ཐུན་མོང་མ་ཡིན་པ་ཡོད། རང་གཤིས་དེས་བསྐྱངས་པའི་མཐོ་སྒང་གི་ཕྲུ་གུ་དག་ནི་གྲང་ངར་དང་ཆུང་འདྲིས་ཡིན།  ད་ལྟ།  བདག་གིས་ཆུང་འདྲིས་བྱམས་པ་ལྟ་བུའི་ཉི་མ་ལྷ་ས་དྲན་བྱུང་། ལྷ་སའི་ཉི་འོད་དང་འཁྱག་རོམ་དྲན་བྱུང་།                        2024.1.21ཉིན། 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།