བརྙན་ཐུང་ཞིག་མཇལ་བའི་རྐྱེན་བྱས་ཏེ་བླ་མ་ལྷག་པར་དྲན་པ།

ཧོར་གཙང་འཇིགས་མེད།

མཁའ་ལམ་ཡངས་ཀྱང་འགྲུལ་ལམ་དམ་དོག་ཅན། །
མི་འཁྲུག་རྒྱལ་བའི་ཞིང་ཁམས་གཉིས་པ་ན། །
རིགས་གསུམ་ངོ་བོ་གཅིག་ཏུ་འདུས་པའི་ལྷ། །
བདག་གི་བླ་མ་འཇམ་དབྱངས་རྒྱ་མཚོའི་སྡེ། །

བྱིན་ཆགས་ལྟ་བས་མི་ངོམ་མཐོང་གྲོལ་སྐུ། །
འཕྲལ་དང་ཡུན་དུ་དགེ་བའི་ཐོས་གྲོལ་གསུང་། །
ལྷག་བསམ་སྙིང་རྗེས་བརླན་པའི་ཟབ་ཡངས་ཐུགས། །
མཛད་འཕྲིན་འབྱམས་སུ་ཀླས་པའི་སེམས་དཔའ་ཆེ། །

ཞལ་གྱི་སྒོ་ན་བདེན་པའི་མུ་ཏིག་འཚེར། །
ཞི་བའི་ཐུགས་ལ་ཟུང་འཇུག་བདེ་ཆེན་འབར། །
མཛད་པའི་གདག་སྲིབ་གསེར་བཟང་འོད་ཀྱིས་ཁྱབ། །
བདེན་པའི་རང་གཟུགས་ཁྱེད་ལ་ཕྱག་འཚལ་ལོ། །

བདག་གི་སྙིང་འདི་ཁྱེད་ལ་དད་པས་ཕྱོགས། །
དད་པ་ལས་ཀྱང་དང་བའི་ཤུགས་ཀྱིས་འཕར། །
དང་བ་ལས་ཀྱང་དམ་ཚིག་འོད་ཀྱིས་འཕྱོ། །
བསོད་ནམས་ཞིང་ལ་འབུས་པའི་མྱུ་གུ་གཅིག །

མདོ་རྒྱུད་གཞུང་བཟང་སྟོང་ཕྲག་བརྩེགས་པའི་རི། །
ཟབ་རྒྱས་ལྟ་བའི་གསེར་ཞུན་བསྐྱིལ་བའི་མཚོ། །
ཕ་མཁར་སྨུག་པོ་སྐྱོབས་པའི་སེམས་དཔའ་ཆེ། །
སྨོན་ལམ་སྟོབས་ཀྱིས་བྱོན་པའི་བཙན་པོའི་གདུང་། །

བསོད་ནམས་ཀ་བ་ཆག་པའི་གངས་དཀར་ཁྱིམ། །
ལྷགས་རླུང་དམར་བོས་འཐགས་པའི་བྱང་སྟོང་ལ། །
དཔའ་དང་བརྩོན་པ་སྦྲེལ་བའི་ཨམ་གཙིགས་ཀྱིས། །
རིགས་པའི་མེ་དཔུང་སྦར་བའི་དཔའ་བརྟུལ་གཅིག །

བདག་གི་ངག་འདི་ཁྱེད་ཀྱི་རྗེས་སུ་ཕྱོགས། །
སྒྲོ་སྐུར་མེད་པ་བདེན་ཚིག་མེ་ཏོག་གིས། །
མགོན་པོ་ཁྱེད་ཀྱི་ཡོན་ཏན་བརྗོད་པར་སྤྲོ། །
རྗེས་བརྩེ་ཞགས་པ་ནམ་ཡང་མ་ལྷོད་ཅིག །

ཐུགས་ཀྱི་སྟོབས་དང་རྣམ་དཔྱོད་བརྩོན་པ་སྟེ། །
གཞིག་ཏུ་མེད་པ་སྲ་མཁྲེགས་རྡོ་རྗེའི་མེས། །
མུན་པའི་ན་བུན་བསྲེགས་པའི་དབྱིངས་རུམ་ནས། །
གཤིས་ཀྱི་འོད་དཀར་སྣང་བ་གླིང་བཞིར་སྤྲོ། །

བདག་གི་ལུས་འདི་ཁྱེད་ལ་འདུད་པར་གྱུར། །
བཅོས་མིན་སེམས་ཀྱིས་བསྐུལ་བའི་སྒྱུ་ལུས་ཀྱི། །
ཚོགས་དྲུག་མེ་ཏོག་སྤུངས་པའི་མཆོད་སྤྲིན་གྱིས། །
ཁྱེད་ཀྱི་ཞིང་བཀོད་སྔར་ལས་མཛེས་གྱུར་ཅིག །

སྐུ་ལུས་བརྒྱ་ཕྲག་བདུན་གྱི་ཕྱག་ལ་འཇུག །
གཞུང་ཆེན་རྩ་ཚིག་ཕྱག་གི་དབྱངས་རྟ་སྟེ། །
དཔྱད་འཇོག་སྒོམ་པ་ཕྱག་གི་སྙིང་བོ་བཅས། ། །
ཐར་འདོད་བུང་བ་འཚོ་བའི་མེ་ཏོག་གླིང་། །

སུ་ཞིག་སྨད་པའི་སྡིག་སེམས་བདག་ལ་མེད། །
གང་ཉིད་འུད་ཀྱིས་སྦག་འདོད་མ་ལགས་ཏེ། །
ཕ་ལམ་དཀར་བོ་འབར་བའི་རང་མདངས་ཆེ། །
དྲན་པ་ཙམ་གྱིས་བདེན་ཚིག་མནོན་མ་གྱུར། །

ཚིག་ནི་ཏིལ་འབྲུ་བཙིར་བའི་སྣུམ་ཐིགས་མིན། །
ཚིག་འདི་བཅོས་མའི་འགྱིག་གི་མེ་ཏོག་མིན། །
ཚིག་འདི་གཉུག་མའི་རླུང་གི་འཕྲོ་འདུ་སྟེ། །
ཡང་དག་ཚིག་གིས་བདེན་པའི་དཔང་བོ་བྱེད། །

རྒྱུས་མངའ་མེད་ཀྱང་སེམས་པ་དྲངས་གྱུར་ཅིང་། །
རྒྱུ་མཚན་མེད་པར་དད་པས་བརླན་གྱུར་པ། །
གང་ནས་འོངས་པ་བདག་གིས་མ་ཤེས་ཀྱང་། །
སྔོན་གྱི་ལས་སམ་གློ་བུར་སྟེས་དབང་ཞིག །

གདུག་རྩུབ་རླབས་ཀྱི་སྣེ་མོ་འཇགས་གྱུར་ཏེ། །
ཡང་དར་བསྟན་པའི་སྐྱ་རེངས་ཤར་བ་ན། །
དགོན་ཤུལ་ཞིང་དུ་བཅོས་པའི་རྐ་ཚིགས་སུ། །
མཚན་བཟང་ཞལ་རས་མིག་ལ་ལྷུང་བར་གྱུར། །

སྐུ་ཡི་ཡོན་གནས་ཐུགས་ཀྱི་གཤིས་ཀ་སོགས། །
རྒྱུས་ཡོད་སུས་ཀྱང་འགྲེལ་བཤད་མ་བསྐྱོན་ཏེ། །
མཐོང་ཐོས་དྲན་པ་འབུས་པའིི་མོད་ཉིད་ལ། །
དགའ་བའི་སེམས་འདི་རྒོད་པོ་ཐུར་མེད་བཞིན། །

དགྱེས་བརྩེས་རྗེས་སུ་བཟུང་བའི་ཉིན་མོ་ནས། །
གླ་དངུལ་མེད་པའི་ཞབས་ཞུ་དང་བླངས་ཏེ། །
བདག་སོགས་མགོན་མེད་ཉམ་ཐག་གཅེར་བུ་དག །
ཆོས་དང་རིག་གནས་ཟང་ཟིང་ནོར་གྱིས་བསྐྱངས། །

གླེན་ལྐུགས་རྨོངས་པ་འཐབ་པའི་ནང་རོལ་ཏུ། །
ཤེས་རབ་ཁབ་ཀྱི་རྩེ་ཙམ་རྣོ་གྱུར་པས། །
ཕྱག་གི་མཐེ་བོང་སྒྲེང་བའི་བསྟོད་བསྔགས་ཀྱིས། །
ཕལ་བའི་མི་ལ་རེ་བའི་དབུགས་དབྱུང་བསྩལ། །

རིག་པའི་གནས་ལ་བརྩོན་པ་ལྷོད་གྱུར་ཅིང་། །
ས་ལམ་བགྲོད་པའི་གོམ་འགྲོས་འཁྱོར་གྱུར་ནས། །
གསེར་བཟང་གོ་སྐབས་གཡེངས་པས་འཛད་པ་དེར། །
ཞི་དྲག་བསླབ་བསྐུལ་གནང་བའང་ད་དུང་དྲན། །

གཞུང་ཆེན་བློ་འཛིན་བྱེད་པའི་སྡུག་རུས་དང་། །
མཐོང་ཚད་མགོ་བོས་བསྟེན་པའི་དག་སྣང་སྟེ། །
ལབ་ལབ་དོགས་གཅོད་སྐད་ཀྱིས་དུས་འདའ་བ། །
སློབ་ཚོགས་དེ་དག་བདག་གི་སྨོན་པའི་ཡུལ། །

སྐྱེས་པའི་ཡུལ་ན་འབྱོར་བ་མ་མཆིས་ཤིང་། །
རང་གི་སེམས་པས་མྱི་ཐབས་མི་ཤེས་པས། །
རྒྱུ་འབྱོར་ཡོན་གྱི་མཆོད་རྫས་མ་འཛོམས་ཀྱང་། །
དམ་ཚིག་ལ་རྒྱའི་གསེར་དངུལ་ཐང་མར་བརྡལ། །

གཏམ་འདོད་ཁེ་གྲགས་དོན་དུ་མི་གཉེར་ཞིང་། །
འཁོར་ངན་དཔུང་ཚོགས་སྡུད་པར་མི་བྱེད་པར། །
གྲྭ་རྐྱང་དཀྱུས་མའི་ངང་ཚུལ་ལྷུར་ལེན་པ། །
ཆེ་དགུའི་ཁྲོད་ན་མགོན་པོ་ཁྱོད་ཉིད་ཙམ། །

ཞི་རྒྱས་དབང་དང་དྲག་པོའི་མངོན་སྤྱོད་སོགས། །
གང་ཞིག་བརྩམ་པའི་དབང་ཆེན་གསེར་གྱི་གཞི། །
ཀུན་མཁྱེན་བླ་མའི་ཞལ་གསུང་ཉིད་བཀུར་བ། །
ལེགས་ཚོགས་རྟེན་འབྲེལ་འཕེལ་བའི་སྒོ་མོར་གྱུར། །

ལོ་རྒན་དགུ་བཅུ་དལ་གྱིས་བརྒལ་གྱུར་ཅིང་། །
སྐུ་ལུས་བདེ་ཞིང་ཐུགས་རིག་དྲན་པ་གསལ། །
སྡེ་བཞིའི་དཔལ་གྱི་ཡོན་ཏན་ལྷུན་གྲུབ་པ། །
རིགས་མཐུན་རྒྱུ་ཡིས་བསྐྱེད་པའི་འབྲས་བུ་ཡིན། །

ལ་ལ་ཐོས་པས་ཕྱུག་ཀྱང་བསམ་རྒྱ་དོག །
ལ་ལ་རྩོད་རིགས་བཟང་ཡང་རྗེས་བཟླས་ཙམ། །
ལ་ལ་གཞུང་བཤད་མཁས་ཀྱང་གདུག་སེམས་གནག །
རང་གཤིས་གསེར་དང་མཚུངས་པ་ཁྱེད་འདྲ་དཀོན། །

ཅི་ཙམ་འཁོར་དང་གདུལ་བྱ་འཕེལ་གྱུར་ཅིང་། །
ཅི་ཙམ་མཛད་པའི་ས་ཆེན་ཁྱབ་གྱུར་ཀྱང་། །
ཁེངས་དང་སྙེམས་པའི་དྲི་མ་མི་མངའ་བར། །
ཆུ་ཤེལ་དྭངས་མ་བརྩེགས་པའི་ལྷུན་པོ་བཞིན། །

གང་ཞིག་བདེ་བར་གཤེགས་པའི་ཞི་བསིལ་ལམ། །
ཕྱི་རབས་མི་ལ་སྐྱེས་སུ་སྤྲིངས་པ་དེར། །
འདོད་འདུན་རྨི་ལམ་འཁྲུག་པའི་སྣ་ཚོགས་མིས། །
རང་འདོད་འཐད་པར་སྒྲུབ་པའི་ལྟ་གྲུབ་མང་། །

བསྟན་པའི་སྤྱི་སྒྲོམ་བདེན་པ་བཞི་ཡི་ཆོས། །
ལྟ་བའི་གཞུང་ཤིང་དངོས་བསྟན་སྟོང་བ་ཉིད། །
རྒྱ་ཆེན་སྤྱོད་པ་སྦས་དོན་མངོན་རྟོགས་ཏེ། །
ཁྱེད་ཀྱི་ཐུགས་ལ་ཏིལ་གྱི་གང་བུ་བཞིན། །

སེངྒེའི་མཇིངས་པ་བསྣོལ་བའི་ལྟ་གྲུབ་ཆེ། །
བཤེས་གཉེན་སྟོང་གི་ཞལ་ཤེས་མན་ངག་སྟེ། །
རྒྱུད་རྒན་བརྒྱ་ཡིས་བསྒྲུབས་པའི་སྒྱུ་ལུས་དག །
གཅིག་ཏུ་གྲུབ་པའི་རང་གཟུགས་ཁྱེད་ཉིད་ཡིན། །

དགོན་སྡེ་གྲོང་ལ་ཕབ་པའི་ལོ་རབས་དག །
ཁྱེད་ལ་གཞན་དོན་སྤྱོད་པའི་གོ་སྐབས་ཏེ། །
མགོན་མེད་ནད་ཀྱིས་མནར་བའི་མི་ཚོགས་དག །
ན་འཆིའི་འཇིགས་ལས་ཡང་ཡང་སྐྱབས་པར་མཛད། །

གསོད་དང་རྡེག་དང་རྡུང་འཕྲོག་བཅོམ་པ་སོགས། །
ཕྱི་རོལ་དུས་ཀྱི་འཕོ་འགྱུར་རྒུད་པ་ཡིས། །
རྒྱ་མཚོའི་རླབས་ཀྱིས་རྡེག་པའི་བྲག་རྡོ་བཞིན། །
ཐུགས་ཀྱི་མཉམ་བཞག་ནམ་ཡང་དཀྲོགས་མ་གྱུར། །

མདོ་དང་སྔགས་ཀྱིས་བསྡུས་པའི་གསུང་རབ་དང་། །
སྒྲ་དང་ཚད་མ་ཚེ་ཡི་རིག་བྱེད་གཞུང་། །
བརྡ་སྤྲོད་སྙན་དངགས་རྩིས་དང་ས་དཔྱད་སོགས། །
གནས་ལྔ་རིག་པར་བྱང་བའི་པཎྜི་ཏ། །

གྲི་ལ་མདུད་པ་ཉི་མ་ཐག་གཏོད་དང་། །
རྡོ་ཡི་གཏོར་མ་ཤོག་སེར་གཏེར་ཁ་སོགས། །
ཕལ་བའི་མི་ཚོགས་མགུ་ཐབས་མ་བརྩམས་ཀྱང་། །
དབང་རྣོན་རིག་པའི་གྲལ་ན་ལྷག་པར་གསལ། །

ཡ་ཐོག་གདོད་མའི་སྐུ་ལུས་རྣམ་དག་ཅིང་། །
དབུ་ཚད་རིགས་པས་བསྐྱེད་པའི་ཐུགས་གཤིས་གསོང་། །
ཐབས་ཤེས་ཟུང་དུ་འཇུག་པའི་ཉམས་བཞེས་ཀྱིས། །
ཤིན་ཏུ་བདེན་པ་འབར་བའི་ཞིང་མཆོག་སྦྱངས། །

གང་ཞིག་མཁྱེན་པའི་ཤེས་ཚད་གཞལ་འདོད་མེད། །
ཅི་ཞིག་གཟིགས་པའི་རྟོགས་པ་བསྔོག་འདོད་མེད། །
མཉེས་གཤིན་ཞིང་སས་བསྐྱེད་པའི་རྨད་བྱུང་འབྲས། །
འཇིག་རྟེན་གླིང་བཞིའི་ཁྱོན་ན་ལྷག་པར་འབར། །

ལོ་ངོ་དུ་མར་ཁྱེད་ཀྱི་ཞབས་བསྟེན་པས། །
སྐྱ་སེར་མཁས་པའི་གྲགས་པ་འབར་དག །
ཡུན་གྱིས་བརྡར་ན་སྐལ་བ་མཉམ་འདྲ་བས། །
བཀའ་དྲིན་སྙིང་ནས་ཤེས་སོ་བླ་མ་མཆོག །

ཚིག་གི་ཤོམ་དང་ངག་གི་སྡེབས་སྦྱོར་སོགས། །
མཁས་གྲུབ་ཆོས་རྗེའི་དཔལ་ལ་འགྲན་ཕོད་ཀྱི། །
མངོན་བརྗོད་བརྡ་རྙིང་གོ་དཀའི་ཐ་སྙད་ཀྱིས། །
དོགས་པོར་སྒྲིབ་པའི་ལས་དེ་འགྲམ་ནས་བཞག །

ཤུགས་ན་གོ་དོན་ཟབ་མདོག་སྒྱུ་ཐབས་དང་། །
ཟུར་དུ་ཚོར་བ་རྣོ་མདོག་ཁྲེལ་ཚིག་གིས། །
ཤོག་བུའི་ཕོ་བྲང་བརྩིག་འདོད་མ་མཆིས་པས། །
རྗེན་པའི་ཚིག་གིས་དོན་དག་རྗེན་པར་གླེངས། །

དྭངས་གསལ་གོ་བར་སླ་བའི་སྡེབས་ལེགས་ཀྱིས། །
ཡིད་འཕྲོག་ཕུལ་བྱུང་སྙན་ངག་བཞེངས་དཀའ་བས། །
འགྱིག་གི་རྣ་ལུང་རྡོ་ཆག་སྐེ་རྒྱན་སོགས། །
མ་བྱན་རྒན་པོའི་ཕུག་གི་བྲོ་རྫས་འདྲ། །

བརྩེ་བའི་ཕ་མ་དད་ཡུལ་བླ་མ་སོགས། །
ཞལ་མཇལ་གསུང་གི་བྱིན་རླབས་བསྐལ་གྱུར་པས། །
ན་ཟུག་སྙིང་ན་གདུ་བའི་གངས་ཅན་པའི། །
སྐལ་ངན་ལས་ལམ་ནག་པོ་ནམ་ཞིག་རྫོགས། །

མཁན་པོ་ཁྲི་བ་ཕལ་གྱིས་མ་གཟིགས་ཤིང་། །
ལྷ་རམས་དཀའ་བཅུ་དག་གིས་མི་ཤེས་པའི། །
ཁྱིམ་གྱི་གནས་ན་ཉིན་མཚན་འདུར་རྒྱུག་གིས། །
འཚོ་ཐབས་གཉེར་བ་དངུལ་གྱི་ཧམ་པ་མིན། །

མི་ལོ་སུམ་ཅུ་རི་ནས་འདས་གྱུར་ཏེ། །
མཐུན་པའི་གྲོགས་དང་བརྩེ་བའི་གཉེན་ཉེ་འགའ། །
ད་ལྟ་མིང་གི་ལྷག་མར་གཤེགས་གྱུར་པས། །
མཇལ་འདོད་སེམས་པ་དེའང་འཁྲུལ་སྣང་ཡིན། །

སྨོན་ལམ་སྟོབས་དང་བླ་མའི་བྱིན་མཐུ་ཡིས། །
དུས་རབས་གཅིག་གི་ས་སྣེ་ཟིན་ཉེ་བས། །
བདག་ཅག་སློབ་འབངས་བསོད་ནམས་མཆོག་ཏུ་མཐོ། །
སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུ། །

ཉེ་ལམ་ལྷ་རམས་པ་ལྷོ་བ་འབྲུག་གྲགས་ཞུ་བ་ཞིག་བདག་གི་དགེ་རྒན་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་གསུང་གླེང་འཁྱུག་ཙམ་གནང་བཞིན་པའི་བརྙན་ཐུང་ཞིག་མཇལ་བས་སེམས་ལ་དགའ་སྐྱོ་སྨྲེང་གསུམ་གྱི་ཚོར་བ་ཤུགས་དྲག་བྱུང་བ་དང་བསྡོངས་ཏེ་ཚིགས་སུ་བཅད་པ་དུ་མ་ཞིག་སེམས་ཚོར་དང་ལྷན་དུ་བཞུར་སོང་བ་འདིས་དགེ་རྒན་རིན་པོ་ཆེའི་སྐུ་ཚེ་ཡུན་དུ་བརྟན་པའི་རྒྱུར་འགྱུར་བའི་སྨོན་ལམ་འདེབས།། །།
༢༤/༡༠/༢༥/

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།