ནོ་བྷེར་ཞི་བདེའི་གཟེངས་རྟགས།


༄༅། ། རྒྱལ་ཀུན་བརྩེ་བའི་བདག་ཉིད་སྤྱན་རས་གཟིགས།།
གཟིགས་པ་དུས་ལས་མི་ཡོལ་འགྲོ་ལ་བརྩེ།།
བརྩེ་བའི་བདག་ཉིད་པད་དཀར་འཆང་བའི་དཔལ།།
དཔལ་ལྡན་ཐུབ་དབང་གཉིས་པ་ཁྱེད་ཉིད་རྒྱལ།།

བྱམས་པའི་སྟོབས་ཀྱིས་དགྲ་གཉེན་མཉམ་པར་གཟིགས།།
བརྩེ་བའི་འཛུམས་ཀྱིས་ལུས་ཅན་གཉེན་དུ་བསུས།།
མཛད་པའི་མཐུ་ཡིས་ཆེ་རྒུ་མགྲོན་དུ་བཀུག།
སྙིགས་དུས་འགྲོ་བའི་དེད་དཔོན་ཁྱེད་མིན་སུ།།

ས་ཆེན་གོ་ལ་ཡངས་པོའི་ཁོར་ཡུག་འདིར།།
གཟུར་གནས་མཁས་བླུན་ཀུན་ཀྱིས་མགྲིན་གཅིག་ཏུ།།
འཇིག་རྟེན་ཞི་བདེའི་བྱེད་པོར་ཡོངས་བསྔགས་པ།།
འཕགས་མཆོག་ཕྱག་ན་པད་མོས་དགེ་ལེགས་སྩོལ།།

ལྷ་དང་བཅས་པའི་སྐྱེ་འགྲོ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། བསིལ་ལྡན་ཁ་བ་གངས་ཅན་པ་ཡོངས་ལ་དུས་གསུམ་རྒྱལ་བ་ལས་ཀྱང་བཀའ་དྲིན་ལྷག་པར་ཆེ་བ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་བོ་མཆོག་གིས་ནོ་བྷེར་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་བཟང་གི་ཉིན་མོར་མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། བོད་གཞིས་ལྷན་འཛོམས་ཀྱི་སྐལ་བཟང་རྫོགས་ལྡན་གསར་བའི་དུས་སྟོན་མངོན་དུ་གྱུར་ཏེ། ཕོ་བྲང་པོ་ཏ་ལར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སོར་མྱུར་དུ་འཁོད་པའི་བཀྲ་ཤིས་སྨོན་ཚིག་བཟང་བོའི་མཚམས་སྦྱོར་བཅས་གསེར་རྟའི་དྲ་ཚིགས་རྩོམ་སྒྲིག་ཁང་ནས། བོད་རྒྱལ་ལོ་༢༡༥༠ཕྱི་ལོ་༢༠༢༣ཕྱི་ཟླ་༡༢ཚེས་༡༠ཉིན་ཕུལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།