༄༅། །མཉམ་མེད་ཇོ་བོ་རྗེ་དང་། ཤར་རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་བ་ཆེན་པོ་སོགས་དང་ཞལ་མི་གཉིས་པའི་མཁས་གྲུབ་གནས་བརྟན་འདུལ་འཛིན་ཆེན་པོ་གསེར་ནག་གི་རི་བོ་ལྟ་བུའི་སྐྱེས་ཆེན་དམ་པ་ཞིག་བསམ་བཞིན་ཞིང་གཞན་དུ་བཞུད་པ།

སྐུ་ཚེ་འདི་ཉིད་ལ་བཅས་རང་གི་ཁ་ན་མ་ཐོ་བའི་ཉེས་པ་ཕྲ་མོས་ཀྱང་མ་གོས་པའི་མཁས་བཙུན་བཟང་གསུམ་གྱི་ཡང་རྩེར་སོན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་སྐྱབས་རྗེ་རྡོ་རྗེ་འཆང་རྗེ་བཙུན་བླ་མ་མཁན་ཆེན་གྲགས་པ་རྒྱ་མཚོ་དཔལ་བཟང་པོའི་སྡེ་དེ་ཉིད་ཉེ་ཆར་བསམ་བཞིན་ཞིང་དུ་ཕེབས་རབས་སོགས་ཁོང་གི་སྐུ་ཚེ་འདིའི་རླབས་ཆེན་མཛད་པ་རྣམ་ཐར་སྒྲོ་སྐུར་དང་མ་འདྲེས་པར་ངོ་སྤྲོད་སྙིང་བསྡུས་ཙམ་ཞུས་ན།དེ་ཡང་རྗེ་བླ་མ་འདི་ཉིད་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་སྟེ། སྤྱི་ལོ་༡༩༣༣་ལོར་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་གྱི་སྙི་སྟོད་ཀྱི་སྙི་ཀླུང་རིང་མོ་དལ་གྱིས་འབབ་པའི་གཡས་ཕྱོགས་སུ་སྙི་ལུང་ཞེས་སྔོན་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པ་སྐུ་འཕྲེང་བཞི་བ་སྐྱབས་མགོན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ཚང་གིས་ཀྱང་བྱིན་རླབས་ཀྱི་མེ་ཏོག་འཐོར་སའི་གནས་མཆོག་དེ་དང་ཁད་ཉིན་ཏུ་ཉེ་བ་ན་ཡིད་འོང་སྣོད་ཀྱི་བཀོད་པ་ཧ་ཅང་མཛེས་པའི་མི་སྐྱི་འགབ་མའི་ལབ་རྩེ་ཤར་ཞེས་པའི་སའི་དགེ་མཚན་ཕུན་སུམ་ཚོགས་པའི་གནས་དེར་སྐུ་འཁྲུངས་ཤིང་། སྐུ་ན་ཕྲ་མོའི་དུས་ནས་འཕགས་པའི་ནོར་བདུན་གྱིས་ཐུགས་རྒྱུད་ཕྱུག་པས།བྱིས་པ་གཞན་གྱི་ངང་ཚུལ་ལས་ཁྱད་དུ་འཕགས་ཚུལ་སོགས་ནི་སྐབས་དེའི་འབྲེལ་ཡོད་ཡུལ་མི་རྣམས་ལ་ཡོངས་གྲགས་སུ་གྱུར། རྗེ་ཉིད་སྐུ་ན་ཆུང་དུས་ནས་དབལ་ཤུལ་གསེར་རྟའི་སེ་ར་དགོན་པའམ། དཔལ་སེ་ར་ཐེག་ཆེན་ཆོས་འཁོར་གླིང་དུ་ཆོས་ཞུགས་གནང་སྟེ། སྐབས་དེའི་མཁས་གྲུབ་བྱེ་བའི་གཙུག་རྒྱན་སྐྱབས་རྗེ་བླ་མ་སེ་རའི་སྤྲུལ་སྐུ་རིན་ཆེན་འཕྲེང་བ་འོད་ཟེར་རྒྱ་མཚོ་ཚང་གི་སྐུ་མདུན་ནས་རབ་ཏུ་བྱུང་བས།མཚན་ལ་འཕྲིན་ལས་གྲགས་པ་ཞེས་གསོལ། སྐྱབས་རྗེ་སེ་རའི་སྤྲུལ་སྐུ་རིན་འཕྲེང་འོད་ཟེར་རྒྱ་མཚོ་ཚང་སོགས་ཚུལ་བཞིན་བསྟེན་ཏེ། ལམ་རིམ་བློ་སྦྱོང་དང་། རིགས་ལམ་སོགས་ནས་དབུ་བརྩམས། རྙིང་མའི་རྩ་རླུང་རྫོགས་ཆེན་སོགས་གསར་རྙིང་རིས་མེད་ཀྱི་ཆོས་ཚུལ་གང་མང་གསན། རྗེ་ཉིད་སྐུ་ན་ཤིན་ཏུ་གཞོན་སྐབས་ནས་མདོ་སྔགས་རིགས་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་གྲྭ་སར་ཕེབས་ཏེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ལྷ་མོའི་ཚུལ་ཁྲིམས་རྒྱ་མཚོ་ཚང་སོགས་རྒྱན་དྲུག་ལྟ་བུའི་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་གང་མང་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ། མདོ་སྔགས་རིག་གནས་དང་། མཁས་བཙུན་བཟང་གསུམ་གྱི་ཡང་རྩེར་སོན། དུས་འགྱུར་སྐབས་༡༩༥༩་ལོར་རང་ཡུལ་དུ་ཕེབས་ཀྱང་། སྐབས་དེར་རྗེ་ཉིད་ཀྱིས་རྒྱུན་དུ་སྐུ་ལ་གཟན་ཤམ་བཞེས་པའི་སྟེང་དུ་མི་སྐྱ་ཕལ་བའི་གྱོན་གོས་ལྭ་བ་ཞིག་གྱོན་པ་དང་། མངོན་ཆུང་གིས་ཆོས་གོས་སྣམ་སྦྱར་དང་འབྲལ་མེད་གནང་བཞིན་པ་སོགས་ལ་བརྟེན། རྗེ་ཉིད་མང་ཚོགས་ནང་རྡུང་རྡེག་མནར་གཅོད་གཏང་ཡུལ་གྱི་གྲས་སུ་ཚུད་པས། སྐབས་དེའི་ཧུར་བརྩོན་སྔོན་ཐོན་པ་ཚོས་འཐབ་རྩོད་མནར་གཅོད་ཐེངས་མང་བཏང་བས། ཁོང་གི་སྙན་གཉིས་ཀྱང་ཐེངས་ཁ་ཤས་སུ་བཀོག་ཀྱང་། བཀོག་ཐེངས་རེ་རེ་བཞིན་རིམ་གྱིས་ཕྱིར་འབྱར་སོང་རབས་སོགས་ཕྱིས་སུ་རྗེ་རང་ཉིད་ཀྱི་ཞལ་ནས་དངོས་སུ་ཡང་ཡང་གསུངས། སྐབས་དེར་ཁོང་ནོར་ལུག་གི་རྫི་བོར་ཕེབས་དགོས་བྱུང་བ་དང་། དེའི་ཞོར་དུ་འཇམ་སྡུད་བཟང་གསུམ། ཐར་མདོ། གསང་འདུས་རྩ་རྒྱུད་སོགས་གཞུང་ཆེན་གང་མང་རྒྱུན་དུ་ཞལ་འདོན་གནང་། ཕྱིས་སུ་ཆོས་སྒོ་ཕྱེས་པ་ནས་ད་བར་བསྟན་པའི་རྩ་བ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་དགོངས་ཏེ། རྗེ་ཉིད་ཀྱི་སྐུ་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུ་མཁན་ཡོངས་རྫོགས་བསྡོམས་ན་ད་བར་སྟོང་ཕྲག་མང་པོ་བྱུང་ཡོད།ཆོས་སྒོ་ཕྱེས་རྗེས་སུ་སླར་ཡང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆེད་ཕེབས་ཀྱིས་ཁྲི་ཆེན་གུང་ཐང་འཇམ་པའི་དབྱངས་སྐུ་འཕྲེང་དྲུག་པ་འཇམ་མགོན་གུང་ཐང་བསྟན་པའི་དབང་ཕྱུག་ཚང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་དབང་དམུ་དགེ་བསམ་གཏན་ཚང་། མཁས་གྲུབ་བྱེ་བའི་གཙུག་རྒྱན་དགེ་བཤེས་འཇམ་དབྱངས་རྒྱ་མཚོ་ཚང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་དགེ་འདུན་རྒྱ་མཚོ་ཚང་སོགས་རྗེ་བཙུན་འཇམ་པའི་དབྱངས་དངོས་སུ་བྱོན་པ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞལ་ནས་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་མཚོ་ལྟ་བུ་གསན་བསམ་རྒྱ་ཆེར་མཛད། རྗེ་ཉིད་ཀྱི་འཁྲུངས་ཡུལ་དབལ་ཤུལ་གསེར་རྟའི་སེ་ར་དགོན་དང་། རྒྱ་གར་འཕགས་པའི་ཡུལ། མང་ཐོས་མཁས་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ། རྗེ་ཞྭ་དམར་པཎྜི་ཏའི་གདན་ས་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས། མགོ་ལོག་ཁག་གསུམ་གྱི་སྤྱི་དགོན་དར་སྙན་མོ་དགོན། གསེར་རྟའི་མཁན་ཆེན་ལེགས་བཤད་རྒྱ་མཚོའི་གདན་ས་མཁར་ཆེན་སྒར། ཁམས་ཀྱི་སྟོང་སྐོར་ལུ་གུ་དགོན་པ་སོགས་དགོན་སྡེ་གྲྭ་ཚང་གང་མང་དུ་ཟབ་རྒྱས་ཆོས་འཁོར་རྒྱ་ཆེན་པོ་བསྐོར་ཏེ། རྒྱལ་བསྟན་རིན་པོ་ཆེར་མཛད་རྗེས་བླ་ན་མེད་པ་བཞག་པའི་མཐར། ཉེ་སྔོན་འདི་ལོའི་དབྱར་སྨད་ནས་བཟུང་རྗེ་ཞྭ་དམར་པཎྜི་ཏའི་གདན་ས་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་བཞུགས་ཡོད་པ་དང་། སྤྱི་ཟླ་༨་ཚེས་༡༤་ཉིན་གྱི་ཞོགས་པའི་ཆུ་ཚོད་༨་ནས་༡༡་བར་རྗེ་ཉིད་ཀྱི་འཁྲུངས་ཡུལ་གསེར་རྟ་སེ་ར་དགོན་པ་ནས་ཡིན་པའི་ཞལ་སློབ་གཙོ་གྲས། སྐབས་དེར་རྗེ་ཉིད་ཀྱི་སྐུ་མདུན་དུ་བཞུགས་པ་རྣམས་ལ་དེ་རིང་ངས་ཁྱེད་རྣམས་ལ་ཞིབ་ཕྲའི་ལམ་སྟོན་གནང་རྒྱུ་ཡིན། རྗེས་ནས་འཆི་ཁ་གཏམ་མང་ན་མི་བཟང་། དེ་ཡང་ཁོང་ཉིད་ཀྱི་གདན་ས་སེ་ར་དགོན་པ་དེ་མ་འོངས་པར་ཡང་གཙོ་བོ་དམ་ཆོས་འདུལ་བ་གཞིར་བཞག་གིས་སྐྱོང་དགོས་སྐོར་དང་། དེ་བཞིན་བསླབ་པ་སློབ་གཉེར་ཚུལ་བཞིན་གནང་ཕྱོགས། དགོན་ནང་བཞུགས་པའི་དགེ་འདུན་པའི་རྒྱུན་གྱི་ཀུན་སྤྱོད་དམ་ཆོས་འདུལ་བ་ཁོ་ནར་བསྟུན་དགོས་སྐོར་སོགས་དང་། དེ་བཞིན་ཁོང་ཞིང་དུ་ཕེབས་རྗེས་ཁོང་གི་སྐུ་གདུང་ཞུགས་འབུལ་ཁོ་ན་ཞུ་རྒྱུ་ལས།དམར་གདུང་སོགས་བྱེད་མི་ཆོག་པའི་སྐོར་དང་། སྤྱིར་ན་སྐྱེས་ཆེན་དམ་པ་གཞན་ཚོའི་སྐུ་གདུང་ཞུགས་འབུལ་སྐབས་དབུ་ཐོད་ཀྱི་ཁ་ཡར་བསྟན་པའི་ནང་དུ་ཐུགས་ལྗགས་སྤྱན་གསུམ་འབབ་སྲོལ་ཡོད་ཀྱང་། ང་ལ་ཐུགས་ལྗགས་སྤྱན་གསུམ་ཅང་འབབ་རྒྱུ་ཡོད་མེད་མི་ཤེས།ཞེས་སོགས་གསུངས་པས་མཚོན། རྗེ་ཉིད་ཀྱི་སྐུ་གདུང་གི་སྐོར་སོགས་བཅས་ལ་ཞིབ་ཕྲའི་བཀའ་སློབ་ལམ་སྟོན་གནང་བར་མ་ཟད། ཉིན་དེའི་ཉིན་གུང་ཡང་ལམ་སྟོན་བཀའ་སློབ་ཕེབས། དེ་བཞིན་ཤིན་ཏུ་ཕྲ་མོའི་བསྐྱེད་རྫོགས་སྐོར་ནས་རྗེ་ཉིད་ཀྱི་ཉམས་རྟོགས་སམ། རྗེ་ཉིད་ཀྱི་ཐུགས་ཉམས་མྱོང་དངོས་དང་འབྲེལ་བའི་མདོ་སྔགས་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་ཟབ་གནད་ཁྱད་པར་ཅན་གང་མང་གི་སྐོར་ནས་དོགས་སློང་དང་། དོགས་གཅོད་ཡང་ཡང་གནང་། ཞིང་དུ་མ་ཕེབས་པའི་ཡར་སྔོན་ཟླ་༡་དང་ཕྱེད་ཙམ་ཚུན་ཆོད་ནས་བཟུང་བཞེས་བ་གཏན་ནས་མི་བཞེས་པར་སྒོམ་ཁོ་ནར་བཞུགས། སློབ་མ་ཚོས་ཁྱེད་ཀྱིས་བཞེས་བ་ཅུང་ཙམ་རེ་བཞེས་ན་ལེགས་ཚུལ་གསོལ་འདེབས་ཞུས་པར། ངས་ནས་རྡོག་གཅིག་རེ་ཙམ་ཟོས་ན། ང་ཟླ་ཤས་རེར་འདུག་ཐུབ་མཁན་ཞིག་ཡིན་པས། ཁམ་ཟས་རགས་པ་ཟོས་མ་ཟོས་ཀྱིས་ང་ལ་ཁྱད་པར་གང་ཡང་འབྱུང་གི་མ་རེད།ཁྱོད་ཚོས་སེམས་ཁྲལ་མ་བྱེད། ཅེས་དང་། ཁྱེད་ཅག་གིས་བལྟས་ན་ང་ལ་ཉོན་སྒྲིབ་ཡོད་པར་བསམ་བཞིན་ཡོད་དམ། ང་ལ་ས་བརྒྱད་པ་མི་གཡོ་བ་ཐོབ་ཡོད། ཅེས་སོགས་དེ་སྔོན་དེ་འདྲའི་ཟུར་ཙམ་ཡང་གསུང་མི་སྲིད་པའི་ཤིན་ཏུ་ངོ་མཚར་ཆེ་བ་འགའ་རེ་གསུངས་པ་དང་། དེ་མཚམས་ནས་ཕྱོགས་ཡས་མས་ཀྱི་ངེས་པ་དོན་གྱི་མཁས་ཤིང་གྲུབ་པའི་དབང་ཕྱུག་བསྟན་འཛིན་གྱི་སྐྱེས་བུ་ཆེས་ཆེན་པོ་འགའ་རེས་རྗེ་ཉིད་མུ་མཐུད་བསྟན་འགྲོའི་དོན་དུ་བཞུགས་དགོས། ཞེས་བཀའ་ཕེབས་པར། རྗེ་ཉིད་ཀྱི་ཞལ་ནས། ཨོ་ཁོང་རྣམ་པས་དེ་འདྲ་གསུངས་ན།ཁོང་རྣམ་པའི་བཀའ་བསྒྲུབ་དགོས་ངེས་རེད།ཅེས་ཧ་ཅང་གི་སྐུ་ཁམས་དང་བའི་ཚུལ་མཛད་དེ། བཞེས་པ་ཡང་ཅུང་ཙམ་རེ་བཞེས་ཏེ། རྒྱུན་གྱི་ཐུགས་དམ་ཉམས་བཞེས་ཀྱི་རིམ་པ་རྒྱུན་འཁྱོངས་གནང་ནས་བཞུགས་ཀྱང་། དེའི་རྗེས་ཀྱི་བར་ལམ་ནས་ད་ནི་ང་ད་བར་ཡུན་རིང་བསྡད་པ་རེད། ད་ལྟ་དགུང་ལོ་༩༡་རེད། ད་དུང་མུ་མཐུད་བསྡད་ཀྱང་ད་སྔོན་ལས་ལྷག་པའི་བསྟན་འགྲོའི་དོན་ཆེན་པོ་ཞིག་བསྒྲུབ་མི་ནུས། ཉེ་སྔོན་མཁས་གྲུབ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཁོང་རྣམ་པས་མུ་མཐུད་འདུག་དགོས། ཞེས་བཀའ་ཕེབས་དོན་ལྟར་ཁོང་རྣམ་པའི་བཀའ་བརྩི་དང་ལེན་ཞུས་ཏེ། ང་བསྡད་པ་ཡིན་མ་གཏོགས།སྤྱིར་ན་ང་འདིའི་སྔོན་ནས་གྲོངས་ཟིན་པ་ཡིན། འོན་ཀྱང་ཁོང་རྣམ་པའི་བཀའ་བརྩིས་ནས་ཉིན་ཁ་ཤས་རེར་ང་འདིའི་ནང་བསྡད་ཡོད་པས། ཁོང་རྣམ་པས་ཀྱང་ངའི་གནས་སྟངས་གསལ་བོ་མཁྱེན་ངེས་རེད། ད་ནས་ང་མ་བསྡད་ཀྱང་ཁོང་རྣམ་པའི་བཀའ་མ་བརྩིས་པའི་ཉེས་པ་མི་འབྱུང་ངེས་ཅན་ཡིན། ཞེས་སོགས་ཡང་བསྐྱར་ཆེས་ངོ་མཚར་ཆེ་བའི་གསུང་བཤད་འགའ་རེ་གནང་མཐར། བོད་རབ་གནས་ཆུ་ཡོས་ལོའི་བོད་ཟླ་༨་ཚེས་༢༥་དང་། སྤྱི་ལོ་༢༠༢༣་ཟླ་༡༠་ཚེས་༩་རེས་གཟའ་ཟླ་བའི་ཉིན་གྱི་ཞོགས་པར་རྗེ་ཉིད་ཀྱི་སྐུ་ལ་ནབ་བཟའ་སྟོད་འགག་གཟན་ཤམ་སོགས་ཆ་ཚང་བཞེས་རྗེས། དེ་རིང་ཆོས་གོས་དང་སྣམ་སྦྱར་ཡང་བཞེས་དགོས། ཞེས་གསུངས་པ་ལྟར་ཆོས་གོས་སྣམ་སྦྱར་བཅས་བཞེས་ཏེ། རྗེ་ཉིད་ཀྱི་ཞལ་ནས་ད་ནི་འོ་མ་དང་། ཞོ་གང་རུང་ཞིག་བཞེས་རྒྱུ་ཡིན། འོ་ཞོ་གཉིས་ཀྱི་གང་རུང་ཞིག་འདུག་གམ།ཡོད་ན་ཁྱེར་ཤོགཅེས་གསུངས་པར། མདུན་དུ་གནས་པའི་ཞལ་སློབ་ཚོས་འོ་མ་དང་ཞོ་གཉིས་ཀ་འདུག་ཀྱང་། མྱུར་དུ་འོ་མ་ཞིག་བསྐོལ་ནས་འབུལ་རྒྱུ་ཡིན།ཞུས་པར། ཞོ་ཡོད་ན་ཞོ་ཁྱེར་ཤོག་དང་དེས་ཆོགཅེས་གསུངས་པར་བརྟེན། དེ་མ་ཐག་གསོལ་ཞོ་ཕུལ་བར། ཞོ་དེ་ལྷོད་བཞེས་གནང་ནས་ཅུང་ཙམ་བཞུགས་རྗེས། ད་སྐྱབས་འགྲོ་སེམས་བསྐྱེད་ཅིག་ཐོན་དང་། གསུངས་པ་ལྟར། སྐྱབས་འགྲོ་སེམས་བསྐྱེད་བཏོན་པར། དགའ་ལྡན་ལྷ་བརྒྱ་མ་ཞིག་ཐོན་གསུངས་པ་ལྟར། དགའ་ལྡན་ལྷ་བརྒྱ་མ་བཏོན་པར། ད་དམིགས་བརྩེ་མ་ཐོན་དང་གསུངས་པ་ལྟར། དམིགས་བརྩེ་མ་དང་བསྔོ་བ་སྨོན་ལམ་རྒྱས་པར་བཏོན་རྗེས་རྗེ་ཉིད་ཅུང་ཙམ་བཞུགས་ནས། དེ་རིང་སྐར་མ་ཡག་པོ་འདུག་གམ། ཅེས་གསུངས་པར།མདུན་གྱི་ཞལ་སློབ་ཚོས་དེ་རིང་སྐར་མ་ཧ་ཅང་ཡག་རྒྱུ་མི་འདུག་ལགས། ཞུས་པར། ཡ་ཡ་གསུངས་ནས། དེ་མ་ཐག་སྒོམ་ཁོ་ན་ལ་རྩེ་གཅིག་ཏུ་བཞུགས་པ་མ་གཏོགས། ཉིན་དེར་བཞེས་པ་གཞན་ཅི་ཡང་བཞེས་གནང་མེད་ལ། གསུང་བཤད་ཀྱང་གཞན་གང་ཡང་གནང་མེད། དེའི་ཕྱི་ཉིན་བོད་ཟླ་༨་ཚེས་༢༦་དང་། སྤྱི་ཟླ་༡༠་ཚེས་༡༠་ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་༩་དང་སྐར་མ་༣༧་ཐོག་རྗེ་ཞྭ་དམར་པཎྜི་ཏའི་གདན་ས་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་རྗེ་ཉིད་ཀྱི་བཞུགས་ཤག་ཏུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་པ་དང་། སྤྱིར་དེའི་གོང་ནས་སྐུ་གཟུགས་ལ་སྙུན་གཞིའི་རིགས་གང་ཡང་མེད་པ་ལྟར། ཞིང་དུ་ཕེབས་སྐབས་ཀྱང་སྐུ་གཟུགས་ལ་སྙུན་གཞིའི་རིགས་ཅི་ཡང་མེད་པར་མ་ཟད། ཧ་ཅང་ཞི་བདེ་བག་ཕེབས་ཀྱི་ངང་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལྟ་བུའི་ཚུལ་གྱིས་ཞིང་དུ་ཕེབས་པ་དང་། ཕར་མཇལ་ཚོད་ལ་ད་དུང་དེའི་ངང་ནས་ཚུར་ཕེབས་ས་རེད་སྙམ་པ་ལྟ་བུ་ཞིག་མཛད་པ་དེ་མ་ཐག་ཏུ་གཟིམས་ཁང་གི་ནང་ཡོངས་རྫོགས་དྲི་བཟང་གིས་ཁྱབ་པར་མ་ཟད།དངོས་གནས་བྱས་ན་བླ་མ་སྐྱེས་ཆེན་དམ་པ་འདི་འདྲ་ཞིག་ཞིང་དུ་ཕེབས་པ་དངོས་སུ་མཇལ་ན། སྐབས་དེར་མདུན་ན་ཡོད་མཁན་ཚོར་གདུང་ཚོར་བཟོད་ཐབས་མེད་པ་ཞིག་འབྱུང་ངེས་མོད།འོན་ཀྱང་དམ་པ་ཁོང་དངོས་སུ་ཞིང་དུ་ཕེབས་པའི་སྐབས་དེར་ཁོང་གི་སྐུ་མདུན་དུ་ཡོད་པའི་ཞལ་སློབ་ཚང་མར་ངང་ངམ་ཤུགས་ཀྱིས་ཞི་བདེ་བག་ཕེབས་ཀྱི་ཚོར་བ་ཤུགས་དྲག་པོ་ཇི་བཞིན་བརྗོད་མི་ཤེས་པ་ཞིག་བྱུང་བ་སོགས་ནི་སྐྱེས་ཆེན་དམ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོན་ཏན་ནམ། བྱིན་རླབས་དམིགས་བསལ་བ་ཞིག་གི་སྟོབས་ཀྱིས་ཡིན་ངེས།ཞིང་དུ་ཕེབས་མ་ཐག་ཏུ་གཟིམས་ཁང་གི་ནང་ཡོངས་རྫོགས་དྲི་བཟང་གིས་ཁྱབ་ཀྱིན་ཐུགས་དམ་ལ་བཞུགས་ཏེ། དེ་ནས་བཟུང་བོད་ཟླ་༩་ཚེས་༢་དང་། སྤྱི་ཟླ་༡༠་ཚེས་༡༦་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠་བ་ཙམ་ལ་གསར་དུ་ཐུགས་དམ་གྲོལ་བ་དང་། དེ་བར་ཉིན་བདུན་དང་། ཉིན་ཞག་གཉིས་ཀ་བརྩིས་ན་ཉིན་ཞག་༡༣་ཙམ་གྱི་རིང་དུ་ཐུགས་དམ་ལ་བཞུགས། རྗེ་ཉིད་ཞིང་དུ་ཕེབས་ཏེ། ཐུགས་དམ་ལ་བཞུགས་བཞིན་པའི་སྐབས་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་བར་སྣང་ནས་མེ་ཏོག་དཀར་སེར་དམར་ལྗང་གི་ཁ་དོག་དབྱིབས་ལྡན་གྱི་ཆར་གང་མང་འབབ་བཞིན་པ་ཀུན་གྱི་དབང་པོའི་སྤྱོད་ཡུལ་དུ་གྱུར་པར་མ་ཟད།བར་སྣང་ནས་མེ་ཏོག་དཀར་སེར་དམར་ལྗང་གི་ཆར་འབབ་བཞིན་པ་དེ་དག་ལྷ་བཟོ་དོན་གྲུབ་སོགས་ཀྱིས་དཔར་བརྒྱབ་གནང་བ་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད།བར་སྣང་ནས་མེ་ཏོག་དཀར་སེར་དམར་ལྗང་གི་ཁ་དོག་དབྱིབས་བཅས་དང་ལྡན་པའི་ཆར་འབབ་བཞིན་པ་དེ་དག་ས་སྟེང་སོགས་དངོས་རྫས་གཞན་གྱི་ཐོག་ཏུ་བབ་མ་ཐག་ཆུ་རང་ག་བར་གྱུར་འགྲོ་བ་མ་གཏོགས། ཐོག་མའི་ཁ་དོག་དབྱིབས་བཅས་དེ་ག་རང་དུ་ལག་པས་འཛིན་མི་ནུས་པ་དང་། སར་བབ་མ་ཐག་ཆུར་གྱུར་འགྲོ་གིན་འདུག་ཀྱང་། ཐོག་མར་བར་སྣང་ནས་འབབ་སྐབས་མེ་ཏོག་དཀར་སེར་དམར་ལྗང་གི་གཟུགས་དབྱིབས་ཇི་བཞིན་མཇལ་རྒྱུ་ཡོད་པ་སོགས་ཤིན་ཏུ་ངོ་མཚར་ཆེ་བའི་རྟགས་མཚན་གང་མང་བྱུང་། སྤྱི་ཟླ་༡༠་ཚེས་༡༧་ཉིན་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་སྐྱབས་གནས་དགེ་འདུན་འདུས་མང་སོགས་ཀྱིས་གདུང་མཇལ་ཞུས། སྤྱི་ཟླ་༡༠་ཚེས་༡༨་ཉིན་གྱི་ཞོགས་པའི་ཆུ་ཚོད་༣་པ་ཙམ་ལ་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ནས་སྐུ་གདུང་རྗེ་ཉིད་ཀྱི་འཁྲུངས་ཡུལ་གསེར་རྟ་སེ་ར་དགོན་དུ་གདན་འདྲེན་ཞུ་ལམ་ནས་དར་སྙན་མོ་དགོན་སྤྱི་ནས་གདུང་མཇལ་ཞུ་རྒྱུ་རེ་བསྐུལ་ཤུགས་དྲག་ཕེབས་པ་ལྟར། ཉིན་དེར་སྐུ་གདུང་རང་ཡུལ་དུ་གདན་འདྲེན་ཞུ་ལམ་དུ་ཁེལ་བའི་དར་སྙན་མོ་དགོན་དུ་སྐུ་གདུང་གདན་ཞུས་ཀྱིས། སྙན་དགོན་གྱི་དགེ་འདུན་འདུས་མང་སོགས་ཀྱི་གདུང་མཇལ་ཞུས། དེའི་སྔོན་གྱི་ཉིན་ཤས་གོང་ནས་བཟུང་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་ཕྱོགས་སུ་ཁ་བ་འབབ་ཀྱིན་མེད་ཀྱང་། སྤྱི་ཟླ་༡༠་ཚེས་༡༨་ཉིན་གྱི་དགོང་མོའི་ཆུ་ཚོད་༦་པ་ཡས་མས་ནས་རྗེ་ཉིད་ཀྱི་གདན་ས་སེ་ར་དགོན་པའི་ཡུལ་ཕྱོགས་སུ་གློ་བུར་དུ་དབྱར་དུས་ལྟར་འབྲུག་སྐད་ངར་ཤུགས་ལྡན་པ་གང་མང་ཡུན་རིང་དུ་གྲགས་ཏེ། མཚན་མོའི་ཆུ་ཚོད་༡༠་པ་ཙམ་བར་དུ་ཁ་བ་ཤུགས་ཆེན་པོ་བབ་པས། སྐབས་དེར་འབྲེལ་ཡོད་ཚང་མས་ད་དུང་མུ་མཐུད་ཁ་བ་བབ་ན་སང་ཞོགས་སྐུ་གདུང་གདན་འདྲེན་ཞུ་རྒྱུར་འགོག་རྐྱེན་འཕྲད་ཨེ་ཡོང་། ཞེས་སེམས་ཁྲལ་བྱས་ཀྱང་། མཚན་མོའི་ཆུ་ཚོད་༡༠་པ་ཙམ་ནས་ཁ་བ་བབ་མཚམས་ཆད་དེ། གནམ་གཤིས་ཇེ་ལེགས་སུ་གྱུར། སྤྱི་ཚེས་༡༩་ཉིན་གྱི་ཞོགས་པའི་ཆུ་ཚོད་༣་པ་ཙམ་ལ་དར་སྙན་མོ་དགོན་ནས་སྐུ་གདུང་གདན་འདྲེན་ཞུ་ལམ་དུ་ཁ་བ་བབ་ཡོད་པར་བརྟེན། དལ་ཕེབས་ཀྱིས་ཉིན་དེའི་བོད་ནང་གི་ཞོགས་པའི་ཆུ་ཚོད་༩་དང་སྐར་མ་༣༠་ཏག་ཏག་ལ་སྐུ་གདུང་ཟ་མ་ཏོག་རྗེ་ཉིད་ཀྱི་གདན་ས་དཔལ་སེ་ར་ཐེག་ཆེན་ཆོས་འཁོར་གླིང་དུ་གདན་འདྲེན་ཞུ་གྲུབ་སྟེ། དུང་དང་རྒྱ་གླིང་སེར་འཕྲེང་སོགས་ཀྱིས་ཕེབས་བསུ་ཞུས། འོན་ཀྱང་དེའི་ཡར་ནུབ་གློ་བུར་དུ་འབྲུག་སྐད་གང་མང་ཡུན་རིང་དུ་གྲགས་ཏེ། ཁ་བ་ཤུགས་ཆེན་པོ་དེ་ཙམ་བབ་ཀྱང་། སྤྱི་ཚེས་༡༩་ཉིན་གྱི་ཞོགས་པ་སྔ་མོའི་དུས་ནས་ནམ་མཁའ་གཡའ་དག་ཅིང་། ནམ་མཁའ་ལ་འཇའ་སྤྲིན་དཀར་པོ་མཛེས་སྡུག་ཡིད་དུ་འོང་བ་མང་པོས་ཁྱབ་ཡོད་པར་མ་ཟད། ཉིན་འདིར་གནམ་གཤིས་ཀྱང་ཤིན་ཏུ་བཟང་བས། ཉི་མ་ཡང་ཧ་ཅང་དྲོ་བར་གྱུར། ཉིན་འདིའི་སྔ་དྲོའི་ཆུ་ཚོད་༡༠་དང་ཕྱེད་ཙམ་ནས་སེ་ར་དགོན་གྱི་དགེ་འདུན་འདུས་ཚོགས་ཀྱིས་གདུང་མཇལ་ཞུས་རྗེས། གདུང་མཇལ་ཆེད་གང་ས་ནས་འབྱོར་བཞིན་པའི་དད་ལྡན་མང་ཚོགས་ཆེས་མང་པོས་རིམ་བཞིན་མཚན་མོའི་ཆུ་ཚོད་དང་པོ་བར་དུ་གདུང་མཇལ་ཞུས་པ་དང་། སླར་ཡང་སྤྱི་ཚེས་༢༠་ཉིན་གྱི་ཞོགས་པ་ནས་མཚན་མོའི་ཆུ་ཚོད་དང་པོའི་བར་རིམ་བཞིན་དད་ལྡན་མང་ཚོགས་ཀྱིས་གདུང་མཇལ་ཞུས།མཐར་བོད་རབ་གནས་ཆུ་ཡོས་ལོའི་བོད་ཟླ་༩་ཚེས་༧་དང་། སྤྱི་ལོ་༢༠༢༣་ཟླ་༡༠་ཚེས་༢༡་རེས་གཟའ་སྤེན་པ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་གྱི་ཞོགས་པའི་ཆར་དཔལ་སེ་ར་ཐེག་ཆེན་ཆོས་འཁོར་གླིང་གི་རྒྱབ་རིའི་ངོས་སུ་སྐུ་གདུང་ཞུགས་འབུལ་ཞུས་ཏེ། དེའི་སྔོན་ཟླ་ཤས་གོང་ནས་རྗེ་ཉིད་ཀྱི་ཞལ་བཀོད་ཇི་བཞིན་བསྒྲུབས། བདུན་ཕྲག་གཅིག་རིང་གདུང་ཁང་ཞལ་མ་ཕྱེས་པར་སྲུང་སྐྱོབ་དམ་དོན་ཞུ་བཞིན་གདུང་ཁང་གི་མདུན་རང་དུ་གདུང་མཆོད་ཆོ་ག་སྣ་ཚོགས་རྒྱུན་འཛིན་ཞུས་པ་དང་། དགོན་པ་རང་གི་ནང་དུ་ཡི་དམ་བདེ་གསང་འཇིགས་གསུམ་དང་། ཀར་གླིང་ཞི་ཁྲོ་སོགས་རིས་མེད་ཟབ་ཆོས་ཆོ་ག་སྣ་ཚོགས་གསུངས་ཏེ། གདུང་མཆོད་ཟབ་རྒྱས་འཚོགས། དེ་ལྟར་སྤྱི་ཟླ་༡༠་ཚེས་༢༡་རེས་གཟའ་སྤེན་པའི་ཉིན་གྱི་ཞོགས་པའི་དུས་སུ་རྗེ་ཉིད་ཀྱི་སྐུ་གདུང་ཞུགས་འབུལ་ཞུས་པ་ནས། སྤྱི་ཟླ་༡༠་ཚེས་༢༧་ཉིན་བདུན་ཕྲག་གཅིག་ཏག་ཏག་ཁ་གང་བར་བརྟེན། བོད་ཟླ་༩་ཚེས་༡༤་དང་།སྤྱི་ཟླ་༡༠་ཚེས་༢༧་ཉིན་གྱི་ཞོགས་པར་རྗེ་ཉིད་ཀྱི་གདུང་ཁང་ཞལ་འབྱེད་ཞུས་ནས། མཇལ་སྐབས་རིང་བསྲེལ་གང་མང་བབ་ཡོད་པར་མ་ཟད། ལྷག་ཏུ་རྗེ་ཉིད་ཀྱི་དབུ་ཐོད་ཁ་ཡར་བསྟན་པའི་ནང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་རང་བྱོན་ཞལ་ཕྱག་སོགས་སྐུ་གཟུགས་ཡོངས་རྫོགས་ཧ་ཅང་གསལ་བར་མཇལ་ཐུབ་པའི་ཤིན་ཏུ་ངོ་མཚར་ཆེ་བ་ཞིག་བྱོན་འདུག་པས་མཚོན།ལྷ་དང་། གཟུངས་སྔགས་ཀྱི་ཡིག་འབྲུའི་རྣམ་ཅན་གྱི་རང་བྱོན་ངོ་མཚར་བ་གང་མང་མཇལ་རྒྱུ་ཡོད་པ་དང་། དེ་བཞིན་གདུང་རུས་མང་ཆེ་བ་ཧ་ཅང་སེར་པོ་དང་། ཡང་འགའ་རེ་དཀར་པོར་བྱོན་འདུག་པ་དང་། ཚེམས་ཕལ་ཆེ་བ་སྔོ་སྐྱ་ལྟ་བུར་བྱོན་འདུག་པ་སོགས་རྟགས་མཚན་གང་ཡིན།ཞེས་ཉམས་མྱོང་ཅན་གྱི་མཁས་གྲུབ་སྐྱེས་ཆེན་དམ་པ་འགའ་རེར་བཀའ་འདྲི་ཞུས་པར། གདུང་རུས་ཕལ་ཆེ་བ་སེར་པོར་བྱོན་པ་ནི་ཚུལ་ཁྲིམས་ཤིན་ཏུ་གཙང་བའི་རྟགས་མཚན་དང་། ཚེམས་ཕལ་ཆེ་བ་སྔོན་པོའམ། སྔོ་སྐྱར་བྱོན་པ་ནི་གཟུངས་སྔགས་ཟབ་མོ་གང་མང་བསྙེན་སྒྲུབ་གནང་བ་གྲུབ་པའི་མངོན་རྟགས་རེད། ཅེས་སོགས་བཀའ་ལན་ཕེབས་སོང་། དེ་བཞིན་སྤྱིར་ད་ལྟའི་དུས་འདིར་བོད་ས་སྤྱི་དང་། ལྷག་ཏུ་དབལ་ཤུལ་གསེར་རྟའི་སེ་ར་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་པ་ཡོད་ས་འདི་ནི་ས་བབ་ཆགས་སྟངས་ཧ་ཅང་མཐོ་བའི་རྐྱེན་གྱིས་འདི་ཕྱོགས་སུ་ད་ལྟའི་ཆར་གནམ་གཤིས་ཉིན་རེ་བཞིན་གྲང་ངར་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། དུས་འདིར་དབྱར་དུས་ལྟར་གསར་དུ་མེ་ཏོག་བཞད་རྒྱུ་དང་། དབྱར་དུས་ལྟར་འབྲུག་སྐད་གང་མང་གྲགས་རྒྱུ་སོགས་ནི་ཧ་ཅང་མཐོང་དཀོན་པ་ཞིག་ཡིན་མོད། རྗེ་ཉིད་ཀྱི་སྐུ་གདུང་རིན་པོ་ཆེ་རང་དགོན་དུ་གདན་འདྲེན་ཞུས་པའི་ཡར་ཉིན་ཏེ། སྤྱི་ཚེས་༡༨་ཉིན་གྱི་དགོང་མོའི་ཆུ་ཚོད་༦་པ་ཡས་མས་ནས་གློ་བུར་དུ་དབྱར་དུས་ལྟར་འབྲུག་སྐད་གང་མང་གྲགས་ཏེ།ཁ་བ་བབ་པ་དང་། དེ་བཞིན་ད་ལྟ་རྗེ་ཉིད་ཀྱི་གདུང་ཁང་གི་གཡས་གཡོན་དང་། དགོན་པའི་གཡས་གཡོན་གོང་འགབ་གང་སར་དབྱར་དུས་ཀྱི་ཉམས་ལྟ་བུ་ཤར་ཏེ། མེ་ཏོག་སེར་ཆེན་དང་། གཞན་ཡང་མེ་ཏོག་སེར་པོ་དང་། སྔོན་པོ། སྔོ་སྐྱ་སོགས་ད་བར་མཐོང་མྱོང་བ་དང་། མཐོང་མ་མྱོང་བའི་མེ་ཏོག་རིགས་འདྲ་མིན་ཐར་ཐོར་དང་།ཐར་ཐོར་བྱས་ནས་གང་སར་གསར་དུ་སྐྱེས་ཡོད་པ་དངོས་སུ་ད་ལྟ་མཐོང་རྒྱུ་ཡོད་པ་དང་། དེ་བཞིན་ལོ་ཤས་གོང་དུ་ཡང་དགའ་ལྡན་ལྔ་མཆོད་ཆེན་མོ་སླེབས་གྲབས་ཡོད་སྐབས་ཤིག་ཏུ་རྗེ་ཉིད་ཀྱི་གདན་ས་སེ་ར་དགོན་དུ་རྗེ་ཉིད་ཀྱི་ཞལ་ནས། སེར་སྐྱ་མི་མང་སྤྱི་ལ་ཉིན་ཤས་རིང་བཀའ་ཆོས་གནང་བ་དང་། སྐབས་དེར་ཡང་མེ་ཏོག་སྔོན་པོ་ཆུང་ཆུང་གང་མང་གིས་གཙོས་མེ་ཏོག་ཆུང་ངུ་རིགས་འདྲ་མིན་སྣ་ཚོགས་དགོན་པའི་གཡས་གཡོན་གོང་འགབ་གང་སར་སྐྱེས་པར་བརྟེན།རྗེ་ཉིད་ཀྱི་ཞལ་ནས་ནམ་ཟླ་ཧ་ཅང་གྲང་ངར་ཆེ་བ་འདི་འདྲའི་སྐབས་སུ་འདི་ལྟར་མེ་ཏོག་གསར་དུ་སྐྱེས་པ་དེ་རྟེན་འབྲེལ་ཧ་ཅང་བཟང་པོ་རེད། འདི་ནི་ཁྱེད་ཅག་སློབ་མ་ཚོའི་ནང་ན་བྱང་ཆུབ་སེམས་དཔའ་རེ་ཡོད་པའི་རྟགས་མཚན་ཡིན་ངེས་རེད། ཅེས་གསུངས་པ་སོགས་ནི་གནས་ཚུལ་སྙིང་བསྡུས་ཙམ་མོ།། ཞེས་གསེར་རྟ་སེ་ར་དགོན་པས་བོད་རབ་གནས་ཆུ་ཡོས་ལོའི་བོད་ཟླ་༩་ཚེས་༡༤་དང་། སྤྱི་ལོ་༢༠༢༣་ཟླ་༡༠་ཚེས་༢༧་རེས་གཟའ་པ་སངས་ཉིན་སྤེལ་བ་དགེའོ།། །། སརྦ་མངྒ་ལཾ།

གངས་ཅན་འདུལ་འཛིན་བྱེ་བའི་གཙུག་རྒྱན། ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་བླ་མ་གྲགས་པ་རྒྱ་མཚོ་དཔལ་བཟང་བོ་མཆོག་སྐུ་ཞི་བར་གཤེགས་སྐབས། མདོ་སྨད་བྱང་རྒྱུད་ཀྱི་ཆོས་སྡེ་དཔལ་མི་འགྱུར་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་སྐུ་གདུང་རིན་པོ་ཆེའི་མདུན་དུ། འཇིགས་བྱེད་ལྷ་བཅུ་གསུམ་པ་སོགས་ཡི་དམ་ཁག་གི་ཆོ་ག་བདག་འཇུག་དང་། སྟོང་མཆོད་གང་མང་དང་། དགེ་འདུན་འདུས་པ་རྒྱ་མཚོས་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་བསྟན་བཅོས་མངོན་རྟོགས་རྒྱན་དང་། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་སོགས་གཞུང་ཆེན་མོ་གསུངས་པ་སོགས་དགོངས་རྫོགས་མཆོད་འབུལ་མཛད་པ། བོད་ཟླ་༩ཚེས་༣དང་། ཕྱི་ལོ་༢༠༢༣ཕྱི་ཟླ་༡༠ཚེས་༡༧ཉིན།

དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པའི་མཛོད་འཛིན། མང་ཐོས་འདུལ་བ་འཛིན་པ་ཆེན་པོ་རྗེ་བཙུན་གྲགས་པ་རྒྱ་མཚོ་དཔལ་བཟང་བོ་མཆོག་དཔལ་མི་འགྱུར་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་ཞི་བར་གཤེགས་ནས། ཉིན་བདུན་གྱི་མཚམས་ཐུགས་དམ་གྲོལ་ཏེ་སྐུ་གདུང་རིན་པོ་ཆེ་རང་དགོན་སེ་ར་ཐེག་ཆེན་ཆོས་འཁོར་གླིང་དུ་གདན་འདྲེན་ཞུ་སྐབས། དྷཱིཿ་ཚ་དགོན་གྱི་དགེ་འདུན་འདུས་མང་ཡོངས་ཀྱིས་སེར་ཕྲེང་བསྟར་ནས་སྐུ་གདུང་རིན་པོ་ཆེ་ཕེབས་སྐྱེལ་ཞུ་བའི་སྐབས། བོད་ཟླ་༩ཚེས་༤དང་། ཕྱི་ལོ་༢༠༢༣ཕྱི་ཟླ་༡༠ཚེས་༡༨ཉིན།

དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པའི་མཛོད་འཛིན། མང་ཐོས་འདུལ་བ་འཛིན་པ་ཆེན་པོ་རྗེ་བཙུན་གྲགས་པ་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་སྐུ་གདུང་རིན་པོ་ཆེ་དར་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་དགོན་དུ་སྐུ་གདུང་གདན་ཞུ་དང་གདུང་མཆོད་གདུང་མཇལ་སོགས་ཞུ་བའི་སྐབས། བོད་ཟླ་༩ ཚེས་ ༤ཕྱི་ལོ་༢༠༢༣ཕྱི་ཟླ་༡༠ཚེས་༡༨ཉིན།

འཕགས་མཆོག་ཕྱག་ན་པད་མོའི་རིགས་ཀྱི་ཅོད་པན་དུ་བཀུར་ཏེ། རིས་མེད་ཀྱི་མཁས་པའི་དབང་བོ་ཞེས་མཚན་སྙན་གྱི་ཅོད་པན་བསྩལ་གནང་མཛད་པའི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། རྗེ་བཙུན་བླ་མ་དམ་པ་གྲགས་པ་རྒྱ་མཚོ་དཔལ་བཟང་བོ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱི་སྐུ་གདུང་རིན་པོ་ཆེ། དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ནས་མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་རང་དགོན་དཔལ་སེ་ར་ཐེག་ཆེན་ཆོས་འཁོར་གླིང་དུ་གདན་འདྲེན་ཞུ་བའི་སྐབས་སུ། དངས་གཙང་གི་གཡུ་མདངས་འཛིན་པའི་མཁའ་དབྱིངས་སུ་སྤྲིན་དཀར་འཇའ་འོད་ཀྱི་བླ་བྲེ་རབ་ཏུ་མཛེས་ཤིང་། ཐ་གྲུ་ཡངས་པའི་མར་ཁུའི་གཞོང་བ་རུ་རབ་དཀར་ཞོ་གསར་དལ་གྱིས་ལྟེམ་པ་དང་ཀུན་ནས་མཚུངས་པའི་ཁ་བའི་མེ་ཏོག་གི་ཚོམ་བུ་ཕང་ཕུང་དུ་བརྡལ་ཞིང་། གསེར་མདོག་གི་ལང་ཚོའི་དཔལ་གྱིས་མངོན་པར་སྙེམ་པའི་ནོར་འཛིན་སྒེག་མོའི་ཕང་བར། མདུན་རི་བཀྲ་ཤིས་རྟགས་བརྒྱད་ཀྱི་དབུ་རྩེ་ནས་གསར་དུ་བཞད་པའི་ཉི་འོད་ཀྱིས་ཐོག་མར་འཁྱུད་པའི་ཞོགས་པ་དེར། རབ་དམར་བྱི་རུའི་ཆུན་པོ་ཐགས་སུ་བསྟར་པ་བཞིན་དགེ་འདུན་འདུས་པའི་ཚོགས་ཀྱིས་སེར་ཕྲེང་གིས་མདུན་བསུས་ནས། དུང་གླིང་སོགས་རོལ་མོའི་བྱེ་བྲག་སྣ་ཚོགས་པ་དང་། གསོལ་འདེབས་ཀྱི་རྒྱལ་བོ་དམིགས་བརྩེ་མའི་གདངས་དབྱངས་བཅས་སྤྱན་དྲངས་ཏེ་གཙུག་ལག་ཁང་གི་གདུང་ཁང་དུ་བཞུགས་སུ་གསོལ་བར་མཛད། བོད་ཟླ་༩ཚེས་༥ ཕྱི་ལོ་༢༠༢༣ཕྱི་ཟླ་༡༠ཚེས་༡༩ཉིན།

རྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་རེ་ཞིག་དགོངས་པ་གཞན་དུ་གཏད་པའི་ཚུལ་མཛད་ནས་ཞག་དགུ་བ་སྟེ།སྐུ་གདུང་རིན་པོ་ཆེ་མཇལ་ཁ་བསྩལ་པའི་ཉིན་དང་བོའི་དགོང་མོར་རང་དགོན་དཔལ་སེ་ར་ཐེག་ཆེན་གླིང་དུ།དགོན་པའི་འདུས་མང་དང་།དད་ལྡན་མང་ཚོགས་ནས་གདུང་མཆོད་སྨོན་ལམ་གསུངས་པ།བོད་ཟླ་༩ཚེས་༥ཕྱི་ལོ་༢༠༢༣ཕྱི་ཟླ་༡༠ཚེས་༡༩ཉིན།

རིགས་གསུམ་དཀྱིལ་འཁོར་རྒྱ་མཚོའི་མངའ་བདགབླ་མ་རྡོ་རྗེ་འཆང་ཆེན་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན།རྗེ་བཙུན་གྲགས་པ་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་སྐུ་གདུང་རིན་པོ་ཆེ།དཔལ་སེ་ར་ཐེག་ཆེན་ཆོས་འཁོར་གླིང་དུ་གདན་འདྲེན་ཞུས་ཏེ།སྐྱབས་མགོན་རིན་ཆེན་ཕྲེང་བ་ཐུབ་དབང་བློ་བཟང་འོད་ཟེར་དཔལ་བཟང་བོ་མཆོག་གིས་གཙོས།ཡབ་རྗེ་བླ་མ་དེ་ཉིད་ཀྱིས་ལུགས་གཉིས་ཀྱིས་བསྐྱངས་པའི་བཀའ་དྲིན་ཁུར་དུ་ལྕི་བའི་མཁན་སྤྲུལ་དགེ་བཤེས་དང་།དགེ་འདུན་འདུས་མང་ཡོངས།བོད་དང་རྒྱ་རིགས་སོགས་དད་དམ་གཡོ་བ་མེད་པའི་སྐལ་ལྡན་སློབ་མའི་ཚོགས་དང་།ཕྱོགས་ཡས་མས་ནས་ཡོང་བའི་སེར་སྐྱ་བརྒྱ་ཕྲག་མང་བོར་ཉིན་གཉིས་ཀྱི་རིང་སྐུ་གདུང་རིན་པོ་ཆེར་མཇལ་ཁ་ཞུ་སྐབས།བོད་ཟླ་༩ཚེས་༥དང་༦ཕྱི་ལོ་༢༠༢༣ཕྱི་ཟླ་༡༠ཚེས་༡༩དང་༢༠གཉིས་ཉིན།

ཁྱབ་བདག་འཁོར་ལོའི་མགོན་པོ།མཚན་བརྗོད་པར་དཀའ་བ།དོན་གྱི་སླད་དུ་སྨོས་ན་རྗེ་བཙུན་བླ་མ་དམ་པ་གྲགས་པ་རྒྱ་མཚོ་དཔལ་བཟང་བོ་མཆོག་རེ་ཞིག་སྐུ་ཚེ་ཐ་མའི་མཛད་པ་བསྟན་ནས་ཞག་བཅུ་བའི་དགོང་མོར་སྐུ་གདུང་རིན་པོ་ཆེའི་མདུན་དུ་ཕྱོགས་ཡོངས་ནས་ཕེབས་པའི་དགེ་འདུན་པ་དང་།རྒྱ་བོད་ཀྱི་དད་ལྡན་མང་ཚོགས་ཀྱིས་གདུང་མཆོད་སྨོན་ལམ་གསུངས་པ།བོད་ཟླ་༩ཚེས་༥ཕྱི་ལོ་༢༠༢༣ཕྱི་ཟླ་༡༠ཚེས་༢༠ཉིན།

དེ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་ལས།བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།།ཡོན་ཏན་ལྷག་པ་བརྩོན་འགྲུས་ལུང་གིས་ཕྱུག།དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།།བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན།།ཞེས་དང་།༸པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་ཞལ་སྔ་ནས།དེ་ཉིད་བཅུ་ཟུང་འབྲི་དང་འཆད་མཁས་པའི།།རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས།།ཞེས་སོགས་མདོ་དང་རྒྱུད་ཀྱི་གཞུང་རྣམས་ལས་ཇི་སྐད་གསུངས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བླ་མ་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ།བོད་ཟླ་༩ཚེས་༧ཕྱི་ལོ་༢༠༢༣ཕྱི་ཟླ་༡༠ཚེས་༢༡ཉིན།

དགེ་འདུན་མང་གིས་ཀར་གླིང་ཞི་ཁྲོ་སོགས་རིས་མེད་ཟབ་ཆོས་ཆོ་ག་སྣ་ཚོགས་གསུང་བཞིན་པ། 

དེ་ལྟར་མདོ་དང་རྒྱུད་ཀྱི་དགོངས་དོན་ཇི་བཞིན་བརྒྱུད་ལྡན་བླ་མ་དམ་པའི་ཕྱག་ལེན་དང་མཐུན་པར་སྐུ་གདུང་རིན་པོ་ཆེ་བཅོམ་ལྡན་དཔལ་རྡོ་རྗེ་འཇིགས་བྱེད་དཔལ་བོ་གཅིག་པ་དང་སྦྱར་བའི་གདུང་མཆོད་རིན་ཆེན་སྒྲོན་མེའི་ཆོ་གའི་སྒོ་ནས་ཞུགས་སུ་ཕུལ་ཏེ་གདུང་ཁང་ཞལ་ཕྱེས་པ་ན།ཀུན་མཁྱེན་དབྱིག་གཉེན་གྱི་གསུང་ལས།ཚུལ་གནས་ཐོས་དང་བསམ་ལྡན་པས།།སྒོམ་པ་ལ་ནི་རབ་ཏུ་སྦྱོར།།ཞེས་ཇི་སྐད་གསུངས་པ་བཞིན་རྗེ་བཙུན་བླ་མ་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་གང་བོར།འདོད་ཆུང་ཆོག་ཤེས་དང་།ཚུལ་མཐུན་བག་ཡོད་སོགས་བཀའ་གདམས་གོང་མའི་རྣམ་པར་ཐར་པ་བདག་གིར་བཞེས་ཏེ།མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་དགོངས་དོན་ལ་ཐོས་བསམ་སྒོམ་གསུམ་གྱིས་རྩེ་གཅིག་ཏུ་གཞོལ་བར་མཛད་པའི་ལག་རྗེས་སུ།གྲུབ་པའི་གོ་འཕང་མཐོན་པོར་ཕེབས་པའི་རྟགས་མཚན་རྨད་དུ་བྱུང་བ།མཐུན་སྣང་དུ་གྲུབ་པ་མང་དུ་བྱུང་ཞིང་།ཡི་དམ་གྱི་ལྷའི་རྣམ་པ་མངོན་པར་གསལ་བའི་གདུང་རུས་དང་།རང་བསྲེལ་སོགས་རྗེས་འཇུག་གདུལ་བྱའི་བགོ་སྐལ་དང་།བྱིན་རླབས་ཀྱི་རྟེན་དུ་བཞུགས་སོ།།བོད་ཟླ་༩ཚེས་༡༤དང་ཕྱི་ལོ་༢༠༢༣ཕྱི་ཟླ་༡༠ཚེས་༢༧ཉིན།

ཡོང་ཁུངས། བོད་ནང་གི་སྤྱི་སྟེགས་ཞིག་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།