འཕགས་མཆོག་ཕྱག་ན་པདྨོའི་ཐུགས་སྲས་སྐྱབས་རྗེ་མཁས་དབང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།

མཁས་བཙུན་བཟང་གསུམ་གྱི་ཡང་རྩེར་སོན་པ། འཆད་ན་གཞུང་ལུགས་འབུམ་ཕྲག་གི་དཀའ་གནད་ཀྱི་མདུད་རྒྱ་ཅིག་ཆར་དུ་བཀྲོལ་ཏེ། ཟླ་བྲལ་མཁས་གྲུབ་བྱེ་བའི་ཐུགས་རྒྱུད་ལ་མགུ་བ་སྐྱེད་ཅིང་། རྩོད་ན་གཏན་ཚིགས་ཡང་དག་གི་ཚིག་ཟུར་རེས་ཀྱང་མ་རྟོགས་ལོག་རྟོག་གི་བྲག་རི་འབུམ་ཕྲག་དུས་གཅིག་ཏུ་བསྙིལ་ཞིང་རྩད་ནས་འཇོམས་པ་པོ། རྩོམ་ན་གཟུར་གནས་བློ་གསལ་བྱེ་བའི་ཡིད་ཀྱི་ཞིང་ས་ལ་སྙན་འཇེབས་ཚིག་དོན་གདུང་སེལ་བདུད་རྩིའི་དྲི་བསུང་འཐུལ་བའི་ལེགས་བཤད་ཀྱི་ཆར་ཆེན་འབེབས་པ་པོ། སྐུ་ཚེ་གང་ལ་འཕགས་མཆོག་ཕྱག་ན་པདྨོའི་ཟབ་ཡངས་རླབས་ཆེན་ཐུགས་དགོངས་གཞིར་བཞག་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་བ་ཆེན་པོ། སྐྱབས་རྗེ་མཁས་དབང་མ་ཧ་པཎྜི་ཏ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ། འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་བདེ་བླག་མྱུར་འགྲུབ་འབྱུང་བ་དང་། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། མུ་མཐུད་རླབས་ཆེན་མཛད་འཕྲིན་བཟང་པོས་ཕྱོགས་ཀུན་ཁྱབ་པའི་སྨོན་འདུན་ཤུགས་དྲག་ཞུ་ཞུ་ཞུ། ཞེས་གསེར་རྟའི་དྲ་རྒྱའི་རྩོམ་སྒྲིག་ཁང་ནས་ཕྱི་ལོ་༢༠༢༣་ཟླ་༡༡་ཚེས་༥་ཉིན་ཕུལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།