ལྕགས་ནག་དགུ་སྒྲིལ་དེ་ཡི་སྣེ་གཉིས་ན།

འཆི་མེད་།

མི་ལོ་མང་བོར་ས་རྡུལ་ལ་འཐིམ་པའི་ཐ་སྙད་དག་སྒྲུག་གིན། དོ་ནུབ་ཁྱེད་ལ་འཕྲིན་ཞིག་བྲི།

ནང་སེམས་ལ་ཐན་པ་ཡང་ཡང་བྱུང་ཞིང་མཉེས་གཤིན་གྱི་ཆར་ཐིགས་ལ་རེ་བའི་ཆར་སྡོད་བྱེའུ་དེ་ང་རང་ཡིན། ཏག་ཏག་ངས་གང་ཞིག་གཅེས་པར་བཟུང་ན། ཏག་ཏག་དེ་ནི་ངའི་སེམས་ལ་སྙོབ་མཁན་རེད། སེམས་པ་ཤི་སོང་། ང་རང་ལུས་སོང་།

ལས་ཀྱི་གོ་འཛོལ་ཐེངས་གཅིག་གིས་ཁྱེད་དང་ང་གཉིས་ལྕགས་ནག་དགུ་སྒྲིལ་དེ་ཡི་སྣེ་གཉིས་སུ་གྱུར།“སེམས་པ་ཐར་ན་མ་གཏོགས།། ལུས་པོ་ཐར་ས་མ་རེད།།”སྐད་ཆ་མང་བོ་མེད་ནའང་ནང་སེམས་མཐོང་ཐུབ་པ་ནི་དཀའ་སྡུག་ཅིག་གི་སྔོན་འགྲོ་རེད།

ངས་ཅིས་ཀྱང་རང་ཉིད་ལ་ཁྲེལ་མེད་བྱ་ཐུབ་དགོས། ང་རང་ངེས་པར་བདེ་སྡུག་གི་ཚོར་བ་མྱོང་ཐབས་མེད་པའི་གསོབ་གཟུགས་ཤིག་བྱ་ཐུབ་དགོས། ངས་རང་སེམས་ལ་སྒྲོག་བརྒྱབ། ངས་མི་ཚེ་ཧྲིལ་བོ་བཙོན་དུ་བཅུག ཁྱེད་དང་བདག་གི་ལས་འཕྲོ་མ་ཡིན་པའི་ལས་འཕྲོ་གཞན་ཞིག་ལའང་། དུས་དེ་ནས་ངས་དམ་ག་བསྐྱོན་ཚར། དེ་ནི་ཁྱེད་དང་ང་ལ་མཚོན་ན་སྐྱེ་བ་མང་བོའི་སྔ་རོལ་གྱི་ལེ་ལན་དུས་གཅིག་ཏུ་སྨིན་པ་རེད། དེ་བས། ཁྱེད་དང་སེམས་ཐག་ཇེ་ཉེ་འགྲོ་རྒྱུར་ང་རང་ཤིན་ཏུ་སྐྲག ང་རང་སྨྲ་བརྗོད་དང་ཚོར་བ་མེད་པར་གྲང་ཤུར་ཤུར་ངང་ལ་བསྐྱུར་རོགས་ཞུ། ང་ཡི་མི་ཚེ་ནི་མ་གཞི་ནས་ཐོ་ཡོར་ཞིག་ཡིན་འོས།

སྐྱེ་བ་ད་ཐེངས་ལག་འཇུ་ལྷོད་མོ་ཐེངས་གཅིག་བྱ་ཐབས་མེད་ཅིང་། ཐ་ན་ཡ་ཆུང་སངས་པའི་ཚིག་གཅིག་ཀྱང་བརྗོད་ཐབས་མེད་པ་ནི་སྐལ་བ་སྟོང་གི་བུ་ལོན་ཨེ་རེད། སྨྲ་བསམ་བརྗོད་མེད་ཀྱི་སྡུག་བསྔལ་ཅིག་ཨེ་རེད། ཁྱེད་ཀྱིས་ཤོད་དང་།

ཁྱེད་ཀྱི་རེ་སྒུག་གི་བྲག་ཐེམ་རེ་རེ་ན་དར་ལྕོག་ག་ཚོད་གཡོ་བ་ངས་ཤེས་མི་འདོད་ཅིང་། མི་སེམས་ཅི་ཙམ་འཁྱག་རེངས་སུ་བཏང་བའི་ངའི་གཏམ་རྒྱུད་ཀྱང་ཁྱེད་ལ་གླེང་དོན་མེད། དེ་ནི་མཛེས་སྡུག་དེ་དག་འུ་གཉིས་དང་རྒྱང་ཐག་གིས་ཆོད་པས་ཡིན། འཇམ་ཞིང་མཉེན་པའི་དུས་ཚིགས་དེ་ལ་འུ་གཉིས་གཏན་དུ་ལྡོག་ཐབས་མེད་པས་ཡིན།

ཡིན་ནའང་། སྙིང་ཉེ་བའི་ཁ་དན་ཉི་ཚེ་བ་དེ། འཁོས་ཞན་པའི་སྨོན་ལམ་གཉོམ་པོ་དེ་སྲུང་མཁན་གྱི་ཆེས་མཐའ་མཇུག་གི་སོ་མཁན་འུ་གཉིས་ཀྱི་སུ་ཡིན་སྲིད་དམ།

     འཇིག་རྟེན་འདི་ཡི་བྱེ་མའི་ལ་ཁ་ནས་ངའི་རུས་པར་སྐ་རགས་བཅིངས་ཏེ་དམ་དུ་བསྡམས་མཁན་ཁྱེད་རང་ཡིན་པས།  ངའི་མགོ་རུས་ཨ་དཀར་ས་ལ་འཐོར་བའི་ཉིན་མོར། ཁྱེད་དང་བདག་གིས་མི་མངོན་པའི་དབྱིངས་རིམ་ལ་བྲིས་པའི་རླུང་གི་གྲིབ་གཟུགས་དེ། འཇིགས་སྐྲག་བུ་ཡུག་འཚུབ་པའི་ཐང་སྟོང་གི་རྣམ་ཤེས་ཁེར་རྐྱང་ཞིག་གི་དྲོད་ཐིགས་ཡིན།

གཏམ་རྒྱུད་འདི་སྐྱོ་མོ་སྐྱོ་མོ་ཞིག་ཨེ་རེད།

༢༠༡༩.༤.༡༨ ཉིན་གྱི་སྲོད་ལ།

ཡོང་ཁུངས། ན་གཞོན་རྩོམ་པ་པོའི་སྤྱི་སྟེགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།