གནམ་མཐའི་སྤྲིན་པ་སེར་པོ།

ཐུབས་བསྟན་གྲགས་པ།
​ཨ་སྔོན་དབྱིངས་སུ་འཇའ་ཡི་གུར་ཁང་བྲིས་ཡོད།།
འཇའ་ཡི་རྩེ་ལ་རྒྱལ་མཚན་ནོར་བུས་བརྒྱན་ཡོད།།
ཡིད་འོང་གསེར་གྱི་བཞིན་རས་རྣམ་པར་བཀྲ་བའི།།
ལྷོ་མཐའི་སྤྲིན་པ་ཡུག་གཅིག་རྒྱང་ལ་བཞུད་སོང་།།

རྒྱང་བཞུད་སྤྲིན་པ་སེར་བོའི་འོད་མདངས་རེ་རེས།།
སྐྱེ་འགྲོའི་མུན་པ་ཁམ་གཅིག་ཧུབ་ཀྱིས་འཐུང་ཞིང་།།
རྡུལ་རླུང་འཚུབ་མའི་ཞིང་འདིར་ཕྱིར་མིག་འཕེན་ཚེ།།
ང་ཡི་ཡིད་ཀྱི་མཁའ་ལམ་ཤེད་ཀྱིས་གཤགས་སོང་།།

ཤད་ཀྱིས་བཞུར་པའི་སྤྲིན་པ་སེར་བོ་དེ་ཡིས།།
འོད་ཀྱི་ཟེར་མ་རེ་རེ་རྗེས་སུ་བསྐྱུར་སོང་།།
འོད་མདངས་མག་མོག་ཁྲོད་ཀྱི་སྐྱེ་བོ་དུ་མས།།
སྟོང་བའི་དབྱིངས་ལ་ཤུགས་རིང་ནར་མར་བྱིན་སོང་།།

སྤྲིན་པ་ཁྱོད་ནི་རྩུབ་རེག་རྩད་ནས་སྤངས་ཤིང་།།
མྱ་ངན་སྡུག་བསྔལ་མེད་པའི་མཐའ་ལ་གནས་ཀྱང་།།
མགོན་མེད་ཉམས་ཐག་ང་འདྲའི་ཁྱོད་རང་དྲན་ན།།
ཡེ་ཤེས་སྤྱན་གྱིས་གཟིགས་པ་འདོར་བ་མེད་རོགས།།

ཉི་མའི་དྲོད་ཐིགས་རུམ་པའི་སྤང་ལྗོངས་དེ་ན།།
ཁྱེད་ལ་དུང་པའི་ལུག་ཁྱུ་སྐོར་གཅིག་འཚོས་ཡོད།།
ཁྱེད་ཀྱིས་བསྐྱུར་བའི་ལྷས་རའི་འདབས་ཁ་དེ་ན།།
མིག་མཐར་མཆི་མ་འཁོར་བའི་བུ་དེས་བལྟས་ཡོད།།

བྱམས་བརྩེས་ཕྱག་རིང་བརྐྱངས་པའི་སྤྲིན་པ་དེ་ནི།།
མགོན་མེད་དྭ་ཕྲུག་མང་བོའི་ཕ་མར་གྱུར་ཡོད།།
ཆོས་ཀྱིས་ཆར་བས་བརླན་པའི་འགྲོ་བ་དུ་མ།།
རང་གི་པང་ནས་གསོས་པའི་མེ་ཏོག་ཡིན་འདྲ།།

སྤྲིན་པ་ཡུག་གཅིག་རྒྱང་ལ་བཞུད་ཐེངས་འདི་ཡིས།།
སྐར་མའི་རྫི་བོ་ཐང་ལ་ངང་གིས་ལྷུང་སོང་།།
སེམས་ཀྱི་མཁའ་དབྱིངས་སྙེག་པའི་རི་བོ་དུ་མ།།
ཕར་རི་ཚུར་རིའི་བར་ནས་ཡོམ་ཡོམ་འདར་སོང་།།

ཀྱེ་མ་རྨི་ལམ་མི་རྟག་འཁོར་བའི་ཆོས་ཉིད།།
འདུ་འབྲལ་སྙིང་བོ་མེད་པ་སྒྱུ་མའི་རང་མདངས།།
བསམས་ཤིང་བསམས་ཤིང་ཁྱོད་ལ་འཁྲེང་བའི་སེམས་པ།།
མུན་པ་སྟུག་པོ་ཞིག་གི་ལྗིད་ཀྱིས་མནན་སོང་།།

ད་ནི་འགྲོ་བློའི་མུན་པ་གཏིང་ནས་སེལ་བའི།།
ཤེས་རབ་འོད་སྣང་སྦྱོང་བའི་རྩལ་ལ་བརྟེན་ཏེ།།
རྟག་འཛིན་མདུད་བརྒྱའི་རྩ་བ་རང་སར་གྲོལ་བའི།།
བཏང་སྙོམས་ཞི་བ་ཆེན་པོའི་ཕྱོགས་ལ་སྨོན་ནོ།།

ཐུབ་བསྟན་གྲགས་པས།

2023.10.11ལ་ཕུལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།