གངས་རིའི་སྲས་མོ།

མཛངས་མ་ཞིག་གི་རླབས་ཆེན་མཛད་རྗེས།

དཔལ་མོ། ལན་ཇུ།

  ཉེ་ལམ་སྐད་འཕྲིན་རྒྱབ་ལོག་ལ་མ་ཉུལ་བར་ཉིན་ཤས་འགོར་སོང་། དེ་རིང་ཉིན་གུང་སྡོད་ཤག་ནང་དུ་ངལ་གསོ་ཁར་སྐད་འཕྲིན་རྒྱབ་ལོག་ལ་རགས་ཉུལ་བྱེད་དུས། ད་སྐབས་ཧིང་ཀྲུའུ་གྲོང་ཁྱེར་དུ་ཡ་གླིང་ལུས་རྩལ་འགྲན་ཚོགས་བསྡུ་བའི་སྟེང་དུ་ཆོས་དབྱིངས་སྐྱིད་ལགས་ཀྱིས་རིང་ཚད་སྤྱི་ལེ་༣༥ཅན་གྱི་འདུར་རྒྱུགས་འགྲན་སྡུར་ཁྲོད་དུ་གསེར་གྱི་རྟགས་མ་བླངས་པ་དང་ཆབས་ཅིག་ཏུ། ལོ་ངོ་བཅུ་གཅིག་ཡར་སྔོན་ལ་དབྱིན་ཇི་ལོན་ཏུན་གྲོང་ཁྱེར་དུ་འཛམ་གླིང་ཨོ་ལིམ་ཕིག་གི་ལུས་རྩལ་འགྲན་ཚོགས་སྐབས་སུ་ཐོབ་ཀྱང་མ་གནང་བའི་གསེར་གྱི་རྟགས་མ་དེ་ཡང་དངོས་སུ་ལེན་ཞོར་ཁོ་མོའི་མིག་ཆུ་བཞུར་བ་མཐོང་ནས་བདག་གི་མིག་ཆུ་ཡང་དབང་མེད་དུ་བཞུར་ཡོང་བའི་དུས་སྐད་ཅིག་དེ་ཉིད་ལ་རྩོམ་འདི་འབྲི་བའི་འདུན་པ་དྲག་ཏུ་གཡོས་བྱུང་། ཚོར་བ་ནི་དེ་འདྲའི་ངོ་མཚར་ཞིང་གཉོམ་པོ་ཞིག་སྟེ། ཚོར་འདུའི་སྣེ་རྩེ་དེ་དགའ་སྐྱོའི་བྱ་དངོས་གང་རུང་ལ་རེག་ཙམ་གྱིས་འབར་ཞུན་རྐང་གཅིག་མུ་ཟི་ལ་དྲུད་པ་ནང་བཞིན་དྲག་ཏུ་སྦར་ངེས་རེད། ཚོར་བ་ཆུ་ལོག་བཞིན་བྲུག་པའི་སྐབས་སུ་གཉིད་དང་ངལ་གསོ་མ་བསྟེན་པར་ཆོག་པའི་སྣང་བ་སྐྱེ་སྲིད།

 ངས་བསམ་ན། ཆོས་དབྱིངས་སྐྱིད་ལགས་ཀྱིས་འཛམ་གླིང་གོ་ལ་ཟླུམ་པོའི་ལྟད་མོ་བའི་རྒྱ་མཚོ་གཡོ་བའི་མདུན་དུ་མིག་ཆུ་གཏོང་བ་ནི། རྒྱུ་འབྲས་ཀྱི་རྒྱ་མ་ལ་ཡོ་འཁྱོག་ཤོར་ཏེ་དཀར་ནག་གོ་འཛོལ་བྱུང་བའི་མི་ལོ་བཅུ་གཅིག་རིང་ལ་ཕངས་པས་མནར་བའི་སྐྱོ་གདུང་དང་གྱོང་ཁས་བཟོས་པའི་སེམས་གཅོང་གི་རག་ཁ་ཤོར་བ་ཡིན་སྲིད་ལ། རྒྱུ་འབྲས་ལ་མཐའ་ཡོད་པ་དང་དྲང་བདེན་གྱི་ཕུགས་བརྟན་པའི་གདམས་ངག་གང་དེའི་སྙིང་བཅུད་དང་རིག་གནས་གང་དེའི་བྱིན་རླབས་ལ་ཡིད་ཆེས་བརྟན་པོ་སྐྱེས་པའང་ཡིན་སྲིད། ང་ཚོ་དེ་ལས་ཀྱང་ཧ་ལས་དགོས་པ་ནི། མི་ལོ་བཅུ་གཅིག་རིང་ལ་གོ་སྐབས་མང་བོ་ཞིག་ཤོར་བར་ཡིད་ཕངས་ན་ཡང་སེམས་མ་ཕམ་པར་མུ་མཐུད་དུ་མདུན་ལ་བསྐྱོད་པར་བློ་བརྟན་པའི་ཁོ་མོའི་སྙིང་སྟོབས་དེ་མིན་ནམ། དེས་ན་ང་ཚོས་རྗེས་སུ་ཡི་རང་བྱེད་པ་ཙམ་གྱིས་མི་ཆོག་པར། ཁོ་མོར་ནམ་ཡང་བཀུར་བསྟི་བྱེད་འོས་ལ་ཁོ་མོའི་སྙིང་སྟོབས་དེ་ནམ་ཡང་མིག་དཔེར་འཛིན་འོས་པ་མིན་ནམ། 

  ད་ལྟ་བསམ་ན། བདག་གིས་ལོ་དུ་མའི་རིང་ལ་བོད་ཀྱི་ལོ་རྒྱུས་ཐོག་སྲིད་འབྱོར་རིག་གསུམ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱག་རྗེས་ཡོད་པའི་གནའ་དེང་གི་བོད་མོ་སྐོར་ཞིག་གི་ལོ་རྒྱུས་མཛད་རྗེས་བྲིས་པའི་ལས་གཞི་དེ་ལ་ཆེད་མཁས་པ་ཁ་ཅིག་གིས་ཞིབ་བཤེར་གནང་རྗེས་མཇུག་བསྡུ་ཆོག་པའི་དགོངས་པ་མ་འཁྲོལ་བ་ཡང་གནས་ལུགས་མེད་པ་ག་ལ་ཡིན། ཁོང་ཚོས་མི་སྣ་སྐོར་ཞིག་ལས་གཞི་དེར་མི་འོས་ཚུལ་བརྗོད་པའི་རྒྱུ་མཚན་ལ། ཁག་ཅིག་ནི་ཆོས་ལུགས་མི་སྣ་ཡིན་པ་དང་། ཁག་ཅིག་ད་རུང་ལོ་གཞོན་པས་མདུན་ལམ་ཡངས་ཤིང་བཞུད་ལམ་རིང་ན། མ་འོངས་པར་སྔར་ལས་ལྷག་པའི་གྲུབ་འབྲས་གསར་བ་ཐོབ་སྲིད་པ་བཀོད་ཡོད། ཆོས་དབྱིངས་སྐྱིད་ལགས་ཀྱིས་རང་གི་མི་ཚེ་ལུས་རྩལ་བྱ་གཞག་ལ་བསྟིམས་ཏེ། འདས་པའི་ལོ་ཟླའི་ནང་རྒྱལ་ཁབ་དང་མི་རིགས་ལ་མཛད་རྗེས་བླ་མེད་བཞག་པར་མ་ཟད། ད་ཐེངས་ཡང་ངོ་མཚར་བའི་གྲུབ་འབྲས་གསར་བ་བླངས་པའི་གནས་ཚུལ་མཐོང་དུས། ཆེད་མཁས་པ་དག་གིས་བཏོན་པའི་བསམ་འཆར་ལ་གནས་ལུགས་ལྡན་པ་རྟོགས། ཡིན་ན་ཡང་མིག་ཆུ་དང་བསྡོངས་པའི་སེམས་ཚོར་གྱིས་རྩོམ་འདི་ཅིས་ཀྱང་ངས་འབྲི་འོས་པའི་བློ་སྐྱེས་པ་ནི་ང་རང་བུད་མེད་ཡིན་པ་དང་བོད་མོ་ཡིན་པས་མ་ཟད། ཡུལ་ཕྱོགས་གཅིག་པའི་མི་ཡིན་པས་ཀྱང་ངོ་། །

  དེ་ཡང་སྤྱི་ཟླ་དགུ་བའི་སྨད་ལ་ཟི་ལིང་གྲོང་ཁྱེར་དུ་“སྐྲ་རིང་རྒྱལ་མོའི་ལས་གཏོད་”ཅེས་པའི་ཚོགས་འདུར་ཞུགས་དུས། བདག་གིས་སྐྱེས་པ་སྐོར་ཞིག་ལ། ད་ལྟ་ང་ཚོར་མཛེས་མ་ལས་མཛངས་མ་མཁོ་གལ་ཆེ་ཞེས་ཀུ་རེའི་ཚུལ་དུ་བཤད་པ་ཡིན། ལན་རེར་ཀུ་རེ་ནི་ཀུ་རེ་རང་མིན་ཏེ་ཀུ་རེ་དུང་གཏམ་ཟེར་བ་དེ་ཡིན།

 མཛེས་མ་དང་མཛངས་མ་ཞེས་པའི་ཐ་སྙད་ལ་མནོ་བསམ་བཏང་ན། མཛེས་མ་ནི་བུང་བ་འཁོར་སའི་མེ་ཏོག་ཡིན་ལ། མེ་ཏོག་ནི་སྐད་ཅིག་ཙམ་གྱི་འཇའ་ཚོན་ལྟ་བུ་ཡིན། མཛངས་མ་ནི་རྩི་བཅུད་རྒྱས་སའི་ས་གཞི་ཡིན་ལ། ས་གཞི་ནི་འཛད་མཐའ་མེད་པའི་ལོངས་སྤྱོད་ལྟ་བུ་ཡིན། མཛངས་མ་ནི་ལྷན་སྐྱེས་སུ་མི་འོང་ལ་རྣམ་གཡེང་དང་རང་བདེ་དཔལ་ལ་རོལ་འདོད་ཀྱིས་ཀྱང་མི་འཁྱོངས་ཏེ། དེ་ནི་ཡང་ན་ལྷག་བསམ་གྱི་དར་དཀར་འཕྱར་ཏེ་རྣམ་དཀར་གྱི་དགེ་ལས་སྒྲུབ་མཁན་གླུ་མ་ཧན་ཧོང་ལྟ་བུ། ཡང་ན་ལས་ཀ་གང་རུང་ཞིག་ལ་ཤ་ཐང་དུ་རྒྱུན་འཁྱོངས་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བའི་མཁན་མོ་ཡོན་ཏན་ལྟ་བུ། ཡང་ན་དུས་ཡུན་རིང་བོའི་ནང་ལ་ཐོས་པ་དོན་དུ་གཉེར་བའི་མཁས་མ་གཡང་མོ་འཚོ་ལྟ་བུ། ཡང་ན་དཀའ་བ་སྣ་ཚོགས་ཁྱད་དུ་བསལ་ནས་ཕུགས་བསམ་རྩེ་གཅིག་ཏུ་སྙེག་མཁན་ཆོས་དབྱིངས་སྐྱིད་ལྟ་བུ། ཡང་ན་འཁོར་བའི་འདམ་རྫབ་ནང་དུ་ཡ་རབས་སྤྱོད་ལམ་དྲང་ཞིང་ཁྱིམ་གཞི་ཐབས་ཀྱིས་སྐྱོང་མཁས་ཀྱི་རླབས་ཆེ་བའི་ཨ་མ་མང་པོ་ལྟ་བུ་སོགས་ཏེ། ཁོ་མོ་ཅག་ལ་མཛངས་མའི་མཚན་སྙན་བསྒྲོན་འོས་པར་འདོད་ལ། ཆོས་དབྱིངས་སྐྱིད་ལྟ་བུ་ལ་ནི་དེ་བས་ཀྱང་གངས་ཅན་མཛངས་མ་དང་བོད་ཀྱི་སྲས་མོའི་མཚན་སྙན་གྱི་དབུ་རྒྱན་གནང་མི་འོས་ཞེས་སྨྲ་མཁན་སུ་ཡོད། ཁོ་མོས་མི་རིགས་འདི་དང་རྒྱལ་ཁབ་འདིའི་ལོ་རྒྱུས་ལ་བྱུང་མ་མྱོང་བའི་ཟིན་ཐོ་བཀོད་པ་ཡིན་པས། ཁོ་མོ་ལ་ནི་འཛམ་གླིང་གི་གློག་བརྙན་སྒྱུ་རྩལ་གྱི་སྟེགས་བུ་ཆེན་པོར་ལོ་རྒྱུས་ཀྱི་ཟིན་ཐོ་འགོད་མཁན། རང་རེ་བའི་སེམས་ཁོང་ན་གཏན་དུ་གནས་སྲིད་པའི། རྒྱལ་སྤྱིའི་འཁྲབ་འཁྲིད་པ་གྲགས་ཅན་ཁོང་ཉིད་དང་མཉམ་པའི་གོ་གནས་སྤྲད་ཆོག་སྙམ་སྟེ། ཁོ་མོ་ཡང་ཀྲུང་གོ་རྒྱལ་ཁབ་དང་གངས་ལྗོངས་ར་བ་འདི་ཉིད་ཁོ་ནའི་མ་ཡིན་པར་འཛམ་གླིང་གི་མི་སྣ་གྲགས་ཅན་དུ་གྱུར་པས་ཡིན། ཁོ་མོས་སྤྱད་པའི་དཀའ་བ་དང་བཏོན་པའི་རྔུལ་ཆུ་ནི་དུས་ཡུན་ཐུང་ཐུང་ཞིག་ཡིན་མི་སྲིད་དེ། གཞོན་ནུ་མ་ཞིག་གི་ལུས་དང་ལང་ཚོའི་བཟང་སྒང་བསྟིམས་པ་ཡིན་པས། དེ་ལ་སྙིང་སྟོབས་དང་སྡུག་རུས་ག་འདྲ་དགོས་ངེས་ཡིན།    འདི་ནི་ཀྲུང་གོའི་ལོ་རྒྱུས་སུ་བོད་པ་ཞིག་ཨོ་ལམ་ཕིག་གི་ལུས་རྩལ་འགྲན་ཚོགས་སུ་ཞུགས་ཏེ་དགའ་རྟགས་ཨང་དང་པོ་ཐོབ་མཁན་ཐོག་མ་ཡིན་ལ། འཛམ་གླིང་ལོ་རྒྱུས་སུ་བོད་མོ་ཐོག་མའང་ཡིན་ན། བོད་པ་རྣམས་ལ་མཚོན་ན། འཛམ་གླིང་གི་ནོར་རྦེལ་དགའ་རྟགས་ཐོབ་པའི་གཟི་བརྗིད་དང་ཅིས་མི་མཚུངས།

 ཆོས་དབྱིངས་སྐྱིད་ཀྱིས་མིའི་རིགས་ལ་མཛད་རྗེས་འཇོག་ཚུལ་དང་ཕྱི་རབས་པར་མིག་དཔེ་སྟོན་ཚུལ་ནི་དལ་འབྱོར་ལ་རིན་ཐང་ལེན་ཚུལ་ཡིན་པས། ཁོ་མོའི་ལང་ཚོ་འོད་དུ་འཚེར་ཞིང་མི་ཚེ་རབ་ཏུ་བརྗིད། 

 གངས་རིའི་སྲས་མོ། སྙིང་རུས་དང་ལ་རྒྱ་ལྡན་པའི་བུ་མོ། ང་ནི་ཁྱེད་ལ་རྩིས་ཐང་ཆེ་ཞིང་། ཁྱེད་ཀྱི་མི་ཚེའི་བཞུད་ལམ་ཐོ་རུ་འགོད་མཁན་ཞིག་ཡིན། ངས་འདིར་སྙིང་ཐག་པ་ནས་ཁྱེད་ལ་རྟེན་འབྲེལ་ཞུ་བ་དང་ལྷན་ཅིག་ཏུ། སང་ལོའི་Parisལུས་རྩལ་ར་བ་ཆེན་པོའི་འགྲན་རྩོད་ཀྱི་གཡུལ་ལས་ཁྱེད་རང་ཡང་བསྐྱར་རྣམ་པར་རྒྱལ་བར་སྨོན་འདུན་ཞུ།།


        ཞེས་༢༠༢༣ལོའི་སྤྱི་ཟླ་བཅུ་བའི་ཚེས་ལྔའི་མཚན་མོར་གཡུ་གྲོང་དུ་བྲིས།

ཡོང་ཁུངས་། ཁྱུང་སྔོན་བོད་ཡིག་རྩོམ་རིག་དྲ་བ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།