ཉི་འོག་ཤར་ཕྱོགས་ཆོས་ཀྱི་ཞིང་ཁམས།

རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། 

འགྲོ་བའི་བསོད་ནམས་མར་ངོའི་ཟླ་བའི་དུས་ཀྱི་འཁོར་ལོའི་དཀྱོགས་མཚམས་ན།།
ཀླ་ཀློོའི་དམག་གི་གཡོ་རླབས་འཁྲུགས་པས་རང་བསྟན་ཡིད་འོང་མེ་ཏོག་ཚལ། །
ཁྱུར་མིད་བྱས་པའི་ལོ་རྒྱུས་བསམ་བཞིན་དགོན་གོག་ཞིག་རོའི་རྩིག་རྨང་སྟེང་། །
གཡོ་མེད་འགྲེང་སྟེ་ཕྱིར་དྲན་ཀློང་ནས་སྔོན་བྱུང་ཆོས་སྲིད་ཆགས་འཇིག་གླེངས། །

གནའ་ཞིག་མཆོག་གསུམ་བླ་མར་བྱེད་པ་ཡི། །
པཱ་ལའི་རྒྱལ་རབས་མངའ་ཐང་དར་བའི་དུས། །
ཡུལ་འདི་རྟེན་གསུམ་ལྷ་ཁང་འབུམ་ཕྲག་གིས། །
ཕྱུར་བུར་གཏམས་པའི་བདེན་དཔང་གཟུགས་ཅན་བཞིན། །

རྡོ་བརྐོས་དུམ་བུ་རེ་རེའི་གསེབ་ན་ནང་པའི་སྒྲུང་རྒྱུད་རེ་རེ་གསལ། །
ཀ་གདན་ཀ་ཞུ་རེ་རེའི་ངོས་ན་དར་རྒུད་རེག་ཟིག་རེ་རེ་མངོན། །
ཕ་གུ་རིམ་པ་རེ་རེའི་ཁྲོད་ན་དུས་ཀྱི་རྣམ་འགྱུར་རེ་རེ་བཀྲ། །
ཀྱེ་མ་མ་ལ་ཟ་ཧོར་རྒྱལ་ཁམས་འདི་འདྲར་གྱུར་པ་ཅི་ཡིས་ནོངས། །

མཁས་པ་བརྒྱ་དང་གྲུབ་པ་སྟོང་བྱོན་པའི། །
ཉི་འོག་ཤར་ཕྱོགས་ཆོས་ཀྱི་ཞིང་ཁམས་ཉིད། །
དེང་སང་ཏུ་རུཥྐ་ཡི་ཕ་ཁྱིམ་དུ། །
གྱུར་པའི་ངང་ཚུལ་བསམས་ན་ཡིད་ཆེས་དཀའ། །

ཁ་བ་ཅན་འདིར་ཤཱཀྱའི་བསྟན་པའི་སྲོལ། །
འབྱེད་མཛད་མཁན་ཆེན་བཀའ་དྲིན་ཅན་དེ་དང་། །
དཱི་པཾ་ཀ་ར་ཐུགས་རྗེའི་བདག་ཉིད་ཆེ། །
རྣམ་གཉིས་ད་ལྟ་བཞུགས་ན་ཅི་གསུང་གྲང་། །

ལྷ་མ་ཡིན་རྣམས་ལྷ་ཡིས་ཕམ་པ་དང་། །
ཆོས་ཀྱིས་ཆོས་མིན་རྣམ་པར་ཕམ་མོ་ཞེས། །
རྒྱལ་དབྱངས་གྱེར་བ་ཉམས་སུ་དགའ་མོད་ཀྱང་། །
དུས་མཐར་དེ་ལས་ལྡོག་པའི་གཏམ་རྒྱུད་མང་། །

ལས་ཀྱི་ས་པའི་ནག་པོའི་ལས་ཀྱི་མཐུ། །
དུས་སུ་སྨིན་པའི་དུས་འགྱུར་མི་བཟད་པས། །
རྣམ་པར་བརླགས་པའི་རྣམ་གསལ་ལོ་རྒྱུས་དག །
སྙིང་ལ་དྲན་ཚེ་སྙིང་རླུང་ཁོང་ནས་སློང་། །

དེ་ལྟ་ན་ཡང་མི་རྟག་མཐའ་བཞི་ཡི། །
ངེས་པ་ལ་ནི་སུ་ཞིག་འགོངས་པར་ནུས། །
འདུས་བྱས་ཆོས་རྣམས་སོ་ན་མི་གནས་པའི། །
ངང་ཚུལ་བསམས་ནས་རང་སེམས་རང་གིས་གསོ། །

ཕྱིར་དྲན་ཀློང་ནས་ལོ་རྒྱུས་གསང་བ་འཚོལ། །
དེ་ཡི་ཁྲོད་ནས་སེམས་ཀྱི་རྨི་ལམ་འཚོལ། །
རྨི་ལམ་ནང་ནས་བསྟན་པའི་མེ་རོ་འཚོལ། །
དེ་ཡི་ཁྲོད་ནས་རེ་བའི་ལྷག་མ་འཚོལ། །

འདི་ལྟར་བསམས་ཚེ་རྩིག་གོག་དམར་པོ་ཡི། །
ཉེ་འཁོར་དག་ནས་སྔོན་བྱོན་པཎ་གྲུབ་ཚོའི། །
ཞབས་རྗེས་རེ་ཁཱ་རྣམ་པར་བཙལ་བའི་ཕྱིར། །
ངལ་བ་ལྷུར་ལེན་འདི་ཡང་དོན་ལྡན་སྙམ། །

སྐྱེ་བོ་ལ་ལས་རྒྱལ་ཁམས་མིག་གིས་སྐོར། །
འགའ་ཞིག་རྒྱལ་ཁམས་ཐོས་འཛིན་རྣ་བས་སྐོར། །
གཞན་དག་རྒྱལ་ཁམས་འཕྱར་བའི་སེམས་ཀྱིས་སྐོར། །
རིག་པས་རྒྱལ་ཁམས་སྐོར་མཁན་རེ་རེ་ཙམ། །

འཛམ་གླིང་ལག་པའི་ནང་ནས་མཐོང་དུས་འདིར། །
ས་མཐའ་ཉུལ་བའི་ཚེགས་ལ་ལྟོས་མིན་པར། །
གང་འདོད་ལྟད་མོ་འདོད་དགུར་ལྟ་ནུས་པས། །
བགྱི་བ་འདི་འདྲ་དོན་མེད་མཐོང་སྲིད་ཀྱང་། །

རིང་ནས་སྙིང་གི་དབུས་ན་ཉར་བ་ཡི། །
ཟ་ཟིའི་ཐོས་པ་བསགས་པའི་བག་ཆགས་ལ། །
གོམས་པའི་ཤུགས་ཀྱིས་རང་དབང་མེད་པར་ནི། །
ཡལ་འདབ་ལྔ་པ་ཟློས་པའི་གར་དུ་བརྩེས། །

མ་བཅོས་ཚོར་བ་རྣོན་པོའི་འདུ་འཕྲོད་ཀྱི། །
ཀུན་རྟོག་ལྡེམ་པོར་འཁྱུགས་པའི་རྣམ་འགྱུར་ལས། །
ལྗོངས་རྒྱུར་ཡན་པའི་མྱོང་བྱང་ཐན་ཐུན་འགའ། །
བསྐུལ་བ་མེད་པར་ཡི་གེའི་རིས་སུ་ཕབ། །

འདི་ཀོ་ས་ཆེན་རིག་པས་སྐོར་བ་ལ། །
དགའ་བའི་ཡིད་ཅན་བློ་གསལ་སྐོར་ཞིག་དང་། །
ཐན་ཐུན་དཔེ་ཀློག་ལ་དགྱེས་སྐལ་མཉམ་འགའི། །
སྤྱན་ཟུར་གཡོ་བའི་འབབ་སྟེགས་ཙམ་དུ་དམིགས། །

མོག་མོག་ཆུ་ཡི་རླབས་རིས་འཁྲིགས་པའི་སྨིག་རྒྱུའི་ཀླུང་། །
ལང་ལོང་ན་བུན་སྐྱ་བོའི་ཁྲོད་ན་བཞུར་བ་ཡི། །
ཕྱད་ཕྱོད་མྱ་ངམ་ཐང་འདིར་གོམ་ཁ་སྒྱུར་མྱོང་བའི། །
མཁས་མཁས་ལོ་པཎ་ཚོགས་རྣམས་ཡིད་ལ་འཁོར་བཞིན་དུ། །

གང་ཤར་འགྱུ་ཚོར་ནག་འགྲོས་རིས་སུ་ཉེར་ཕབ་པའི། །
ཉི་འོག་ཤར་ཕྱོགས་རིག་པས་བསྐོར་བའི་ལམ་ཡིག་འདི། །
ཡུལ་དེར་རྒྱལ་བསྟན་ཉི་མ་སླར་ཡང་ལེགས་འཆར་བའི། །
རྟེན་འབྱུང་དགེ་བའི་མཐུན་རྐྱེན་བཟང་དགུར་འགྱུར་བར་ཤོག །

ཉི་འོག་ཤར་ཕྱོགས་བྷངྒ་ལའི་ལམ་ཡིག་སྒྱུ་མའི་ཕོ་ཉའི་གླིང་བུ་ཞེས་པའི་བརྩམས་ཆོས་ཀྱི་མཇུག་རྩོམ་ཆེད་བཀོད་བྱས་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།