སྐད་དང་ཡི་གེ་རང་གི་བླ་སྲོག་ཡིན།

ཞོགས་ལྗང་།

སྐད་དང་ཡི་གེ་རང་གི་བླ་སྲོག་ཡིན། ཇི་ལྟར་བསམ་ཡང་མི་སྲིད་པ་ལྟ་བུའི་ལེགས་བཤད་འདིར། ལོ་ངོ་མང་པོའི་རིང་ལ་བསམ་བློ་བཏང་བའི་ཁུལ་ཡིན། ཟུར་དང་སྣེ་མི་འདྲ་བས། ངོས་ཟིན་ཡང་སྣ་ཚོགས་སྐྱེས།
སློབ་ཆེན་སྐབས་སུ། སྐད་དང་ཡི་གེ་རང་གི་བླ་སྲོག་ཡིན་མིན་ལ་རྩོད་པ་ཞིག་བྱས། སྐབས་དེར། ཁོ་བོའི་བསམ་ཚོད་ལ། སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་རིག་གནས་སྙིང་སྟོབས་དར་སྤེལ་སྔོག་འདོན་གྱི་ལག་ཆ་ཡིན་གྱི། བླ་སྲོག་ཡིན་པའི་དཔེ་མི་འདུག་སྙམ། ནམ་ཞར་ཡང་གྲོགས་པོ་ནང་ཁུལ་ལ་དེ་ལྟར་སྨོས། དགག་པ་གཏོང་བའི་མི་གཅིག་ཀྱང་མ་བྱུང་།
བཙོན་ནང་སྡོད་སྐབས། ཡང་བསྐྱར་དེའི་སྐོར་ལ་བསམ་བློ་བཏང་། བསམ་བློ་ཡང་ཡང་བཏང་མཐར། སྐད་དང་ཡི་གེའི་རིན་ཐང་ནི་ལག་ཆ་ཙམ་ལས་རིང་དུ་འདས་པའི་ཚུལ་རྟོགས། ཚན་རིག་དར་བ་དང་བསྟུན་ནས། ལག་ཆ་ནི་གཅིག་ཚབ་གཅིག་གིས་བྱས་ཆོག་པ་དང་། གཅིག་ལས་གཅིག་ལྷག་པ་ཐོན། སྐད་དང་ཡི་གེ་ནི་དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་གཅིག་ཚབ་གཅིག་གིས་བྱ་མི་ཐུབ་པ་ཞིག་རེད། གཅིག་ལས་གཅིག་ལྷག་པ་ཞིག་ཀྱང་འོང་མི་སྲིད་པ་ཞིག་རེད། དེས་ན། སྐད་དང་ཡི་གེ་ནི་ལག་ཆ་ཞིག་རྩ་བ་ནས་མ་རེད།
སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་ལག་ཆ་ཙམ་ཡིན་ན། དེ་ཡི་ཚབ་ལ་སྐད་དང་ཡི་གེ་གཞན་ཞིག་གིས་ཚབ་བྱས་ཀྱང་ཆོག་པ་ཞིག་འདུག་མོད། དེ་ནི་མི་ཆོག་པ་ཞིག་རེད། མི་རིགས་ཤིག་རང་གི་སྐད་དང་ཡི་གེ་འཇིག་ནས། སྐད་དང་ཡི་གེ་གཞན་ཞིག་དེའི་ཚབ་ཏུ་གྱུར་པ་དེ་ནས་བཟུང་། མི་རིགས་དེ་ཡང་ངོ་བོ་གཞན་ཞིག་ལ་གྱུར་ཚར་བ་རེད། མི་རིགས་ཤིག་གི་འཇིག་ཉེན་དེ། མི་རིགས་དེའི་སྐད་དང་ཡི་གེ་ལས་མགོ་བཟུང་བ་རེད།
མི་རིགས་ཤིག་གི་སྐད་དང་ཡི་གེའི་ནང་དུ། མི་རིགས་དེའི་རིག་གནས་སྙིང་སྟོབས་མཐའ་དག་འདུ། མི་རིགས་དེའི་སྐད་དང་ཡི་གེ་ལ་འགྱུར་བ་བྱུང་བའི་ཉིན་དང་པོ་ནས། མི་རིགས་དེའི་རིག་གནས་སྙིང་སྟོབས་ལ་འགྱུར་བ་བྱུང་བའི་མགོ་ཚུགས། མི་རིགས་དེའི་ཉམ་ང་ཆག་འཇིག་མཐའ་དག་སྐབས་དེ་ནས་མགོ་ཚུགས།
སྒེར་གཅོད་ཀྱི་ལོ་རྒྱུས་དག་ལ་བལྟས་ན། མི་རིགས་རྩ་མེད་དུ་གཏོང་བ་ལ། དེའི་སྐད་དང་ཡི་གེ་རྩ་མེད་གཏོང་བ་ནས་མགོ་བཟུང་། སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་ལག་ཆ་ཙམ་ཡིན་པའི་གཞུང་ལུགས་ཁྱབ་སྤེལ་གཏོང་བ་ནི། མི་རིགས་ཤིག་གི་སྐད་དང་ཡི་གེ་རྩ་མེད་གཏོང་བ་ལ་གཞུང་ལུགས་ཀྱི་རྨང་བཙུགས་པ་རེད། ང་ཚོས་གནས་ལུགས་འདིའི་མཐར་ཐུག་མ་རྟོགས་པ་དེ་སྲིད་དུ། སྒེར་གཅོད་ཀྱི་ལག་པ་གཞན་དག་ཀྱང་ཤིན་ཏུ་མཐོང་དཀའ།
སྐྱེ་བོ་སུ་ཞིག་མི་རིགས་རང་གི་སྐད་དང་ཡི་གེ་སྦྱོང་མིན་དེ་སོ་སོའི་རང་དབང་རེད། དེ་ལ་བློ་ལྡན་སྐྱེ་བོ་སུས་ཀྱང་དབང་དང་བཙན་བཀོལ་ནས་འདེད་པ་མི་འོས། སྐྱེ་བོ་སུ་ཞིག་རང་གི་སྐད་དང་ཡི་གེ་སློབ་པ་དེའང་སོ་སོའི་རང་དབང་རེད། དེ་ལ་ཁ་ཆེན་དབང་ཆེན་དག་འགོག་པ་དང་བཙིར་བ་སོགས་མི་ཆོག དབང་དང་བཙན་གྱིས་སྐྱེ་བོ་སུ་ཞིག་མི་རིགས་རང་གི་སྐད་དང་ཡི་གེ་ལ་འཇུག་པའི་སྒོ་འགོག་པ་ནི་སྒེར་གཅོད་རེད། དམར་པོ་ཁྲག་གི་བྱུང་བ་མཐའ་དག་དེ་དང་དེ་ལྟ་བུའི་སྒེར་གཅོད་ཀྱི་མཇུག་འབྲས་ཡིན་གྱི། གཞན་དུ་ན་རང་དབང་རང་འཐད་དུ་གནས་པའི་སྐྱེ་བོ་དག་ནི་མི་གསོད་ཁྲག་སྦྱོར་གྱི་ལས་ལ་མི་མོས། རྒོལ་བ་དང་གཏོར་བ་སོགས་ནི་བསྡམས་པ་དང་བཙིར་བ་ལས་འབྱུང་གི གྲོལ་བ་དང་ལྷོད་པ་ལས་མིན།
རང་གི་སྐད་དང་ཡི་གེ་དོར་ནས་གཞན་གྱི་སྐད་དང་ཡི་གེ་སློབ་པ་དེ་སྐྱེ་བོ་སུ་ཞིག་རང་དབང་གི་འཚོ་བར་འཇུག་པའི་ཚུལ་ཞིག་ངེས་པར་ཡིན་མོད། མི་རིགས་རང་གི་སྐད་དང་ཡི་གེ་དོར་ནས་མི་རིགས་གཞན་གྱི་སྐད་དང་ཡི་གེ་འབའ་ཞིག་སློབ་པ་དེ། རང་གི་རྩིས་ཐང་དང་ཐོབ་ཐང་གི་ཆ་ཞིག་བསམ་བཞིན་དོར་བ་ཤ་སྟག་རེད། མི་རིགས་ཟེར་བ་ནི། སྐད་དང་ཡི་གེས་སྦྲེལ་བའི་ཤ་ཁྲག་གདོས་བཅས་ཀྱི་རིག་གནས་ཀྱི་འདུས་སྦྱོར་ཆེན་པོ་ཞིག་རེད། དེ་ཡི་ཐོབ་ཐང་དང་རྩིས་ཐང་སོགས་ཀྱང་དེ་དག་ཚང་མར་འབྲེལ་བ་ཞིག་ཡིན་གྱི། དེ་ལས་གང་རུང་གིས་མཚོན་པ་མ་ཡིན་ནོ།། དེ་དག་གང་ཞིག་ཡལ་བར་དོར་བ་ནི་རང་གི་རྩིས་ཐང་དང་ཐོབ་ཐང་གི་ཆ་ཤས་རྨེག་མེད་བཟོས་པ་རེད། སྐྱེ་བོ་སུ་ཞིག རང་གི་རྩིས་དང་ཐོབ་ཐང་རྨེག་མེད་བཟོ་བ་ནི་རྨོངས་པའི་རྒྱ་ལས་མ་གྲོལ་བ་ཡིན། ངང་ཚུལ་དེ་འདྲ་བློ་དང་ལྡན་པ་སུ་ཞིག་བཟོད་པར་ནུས།
དིང་སང་ཨ་གསར་ཅན་རེ་འགས་ཤིན་ཏུ་གསར་མདོག་ཁ་བོས། རང་གི་སྐད་དང་ཡི་གེ་བཀོལ་བ་ལོགས་སུ་བཞག་ནས། གཞན་གྱི་དེ་དག་དང་དུ་ལེན། གཅིག་ཏུ་ན། མི་སེམས་ཀྱི་གཏམ་འདོད་ཚ་བོའི་ཧམ་པ་སོགས་ཀྱིས་བསྐྱེད་པ་ཡིན་སྲིད་མོད། ཞིབ་ཏུ་བསམ་ན། ཧམ་པ་དེ་དག་ཐམས་ཅད་མ་རིག་པས་བསྐྱེད་པ་ཤ་སྟག་རེད། རྨོངས་པའི་རྒྱ་ལས་མ་གྲོལ་བའི་མི་དག་ནི་རང་ཉིད་རྒུད་པའི་ལམ་ལ་ཞུགས་པ་ཡིན་གྱི། ཤེས་རབ་ཅན་གྱི་སྐྱེས་བུ་དག་ནི་དེ་ལྟའི་ལམ་ལ་འཇུག་པ་མི་སྲིད་དོ།། ལར་འདི་དག་ལ་ཤ་ཚའི་གཏམ་སྨྲ་བ་འོས་སུ་མ་བབ་ཀྱང་། རང་གི་རིགས་ལ་ཞེན་པའི་སེམས་ནི་རྟ་རྒོད་ཀྱི་བང་དང་། རི་གཟར་གྱི་རྦབ་བཞིན་འགོག་པའི་སྐབས་ནི་མ་མཆིས་སོ།།
གཅིག་ཏུ་ན། རྨོངས་པའི་སྐྱེ་བོ་འདི་དག་གིས་རང་དབང་དང་འཛམ་གླིང་ཁ་ལ་འཁྱེར་ནས། གཏམ་འཆལ་སྣ་ཚོགས་བྱུང་རྒྱལ་དུ་སྨྲ་ཡང་སྲིད་མོད། རང་དབང་གི་ཡང་སྙིང་སྲུང་འཛིན་ཡིན་པ་སེམས་ལ་ངེས་ཚེ། རང་གི་བླ་སྲོག་རང་གིས་འཚོང་བཞིན་པར་རྟ་ཁ་བག་ཙམ་བསྒག་ཆོག ཁ་ནས་སེམས་ཅན་གྱི་དོན་སྨྲ་ཡང་། དོན་ལ་རང་གི་སྐད་དང་ཡི་གེ་ཡང་འདོར་བ་དག་ནི་གསོན་པའི་རིན་ཐང་ཅི་ཞིག་ཡོད་དམ་སོམས་ཤིག་ཀྱེ།
སྐད་དང་ཡི་གེ་མ་ཤེས་པས་རང་གི་རིག་གནས་དང་ཆོས་ལུགས་ཀྱི་རིན་ཐང་མི་ཤེས། ཆོས་དང་རིག་གནས་ཀྱི་རིན་ཐང་མི་ཤེས་པས་དེ་དག་ཐམས་ཅད་ཐལ་བའི་རྡུལ་བཞིན་འདོར། དེས་ན། སྒེར་གཅོད་ལ་སུ་དང་གང་ཞིག་འཇིགས་མིན་དེ་ཡང་བསམ་གཞིག་གི་སྲང་ལ་འཇལ་རན། ཆོས་རིག་གཉིས་ཀྱི་གཟུང་ཐག་སྐད་དང་ཡི་གེ་ཡིན། ཆོས་རིག་གཉིས་དང་བྲལ་བའི་མི་རིགས་ཤིག་སྐལ་བའི་ལོགས་སུ་རྙེད་པ་དཀོན་པས། རང་གིས་རང་ཉིད་དམར་གསོད་གཏོང་བ་ལ། ཐོག་མར་རང་གི་སྐད་དང་ཡི་གེ་འདོར་བ་འདི་ཡིན་པས། སེམས་དང་ལྡན་པ་དག་ལེགས་པར་སོམས་ཤིག རང་གིས་རང་དམར་གསོད་བཏང་རྗེས་གཞན་དུ་དམར་གསོད་གཏོང་མཁན་ཞིག་འཚོལ་བ་ནི། འདྲེ་ཤར་དུ་བཞག་ནས་ཀླུད་ནུབ་ལ་འཕེན་པ་མ་ཡིན་ནམ།
ཡང་ངས་ནི་རང་གི་སྐད་དང་ཡི་གེ་མ་ཤེས་པ་མིན་ཏེ། གཞན་གྱི་སྐད་དང་ཡི་གེ་སྦྱོང་བ་ཡིན་ཞེས། རང་གི་སྐད་དང་ཡི་གེ་བཀོལ་བ་བཞག་ནས་གཞན་གྱི་སྐད་དང་ཡི་གེ་མང་དུ་བཀོལ་བ་དག་ནི། སྒེར་གཅོད་པ་ཁོ་རང་རེད་དེ་ངས་ནི་ལམ་རྒྱུས་བསྟན་པ་ཡིན་ཟེར་བ་དང་ཀུན་ནས་མཚུངས་པས། དེ་ལ་བཟང་ངན་ལེགས་ཉེས་ཀྱི་རྐྱ་བཀར་བ་སུས་ཀྱང་མེད་དོ།། ནཱ་ཛིའི་དམར་གསོད་ཀྱི་སྐབས་སུ། ང་ནི་གོང་ནས་བཙིར་བས་མ་སྒྲུབ་པ་མི་ཆོག་ན་ཉེས་པ་ཅི་ཞིག་ཡོད་ཅེས་འདྲི་མཁན་ཡོད་མོད། ཐམས་ཅད་ཕྱོགས་གཅིག་ཏུ་སྡིག་སྤྱོད་ལག་དམར་དུ་བསྙད་པ་འཛམ་གླིང་ཡོངས་མཐུན་ནོ།།
དིང་སང་བོད་སྐད་དང་བོད་ཡིག་གིས་གོ་མི་ཆོད་པས། ད་ཡིན་ན་འདི་དག་སྦྱངས་པས་ཅི་ཕན་ཟེར། སྐང་དང་ཡི་གེས་གོ་ཆོད་མིན་ལབ་མཁན་དག་ནི་སྐད་ཡིག་ལག་ཆར་འདོད་པ་དག་ཡིན་ཏེ། གཞན་དུ་རྒྱུ་མཚན་ཡེ་མེད་དོ།། སྐད་དང་ཡི་གེས་མི་རིགས་ཤིག་གི་རིག་གནས་སྙིང་སྟོབས་མངོན་པར་མཚོན། མི་རིགས་སོ་སོའི་རིག་གནས་ལ་ལེགས་ཉེས་བཟང་ངན་གྱི་ཁྱད་པར་ཡེ་མེད། ཡུལ་དུས་ཀྱི་བར་སྟོང་ངེས་ཅན་དུ། སྤྱོད་མཁན་མང་ཉུང་གི་ཁྱད་པར་ངེས་པར་ཡོད་མོད། དེ་ཙམ་གྱིས་འདི་ལེགས་དང་ཀན་ངན་ཞེས་བསྙད་པ་རྨོངས་པ་ཅན་གྱི་ལས་ཤ་སྟག་རེད། དེ་ཙམ་གྱིས་འདི་སྤྱི་བས་སྤྱོད་ཀྱི་ཀན་ཀུན་གྱིས་དོར་ཅིག་ཅེས་སྙོད་མཁན་ནི་སྒེར་གཅོད་པ་ཤ་སྟག་རེད།
ལར་སྤྱོད་མཁན་ཉུང་བའི་སྐད་དང་ཡི་གེ་ལ་གཙིགས་ཆེན་དུ་སྲུང་དགོས། ང་ཚོས་རང་གི་ལུས་སྟེང་གི་དོན་ལྔ་སྣོད་དྲུག་གང་ལ་སྐྱོན་ཤོར་ན། དེ་ལ་ཆེད་དུ་སྨན་བསྟེན་པ་བཞིན། མི་རིགས་དང་རྒྱལ་ཁབ་གང་ཞིག་གི་སྐད་དང་ཡི་གེ་ཉམ་ང་བར་མཆིས་ན། དེ་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བ་དེ་མིའི་རིགས་སྤྱི་མཐུན་གྱི་འོས་འགན་དང་ལེགས་བྱང་རེད། གཞན་གྱི་ལོངས་སྤྱོད་ལ་ཡིད་སྨོན་དང་དེར་འཚོལ་སྙེག་བྱེད་པ་བཞིན། ང་ཚོས་རང་གི་ཕུན་སུམ་ཚོགས་པའི་སྐད་དང་ཡི་གེ་ལ་ཡིད་སྨོན་དང་དར་སྤེལ་གཏོང་དགོས། དེ་ཙམ་ཡང་ནུས་པ་མིན་ན། སོ་སོའི་ལ་རྒྱ་དང་རྩིས་ཐང་སྲུང་ནུས་པའི་དཔེ་ཡེ་མེད་དོ།།
རྒྱལ་ཁབ་ཅིག་གི་རྩིས་ཐང་ནི་དེའི་དཔལ་ཡོན་གྱིས་མཚོན་པ་ཡིན། དཔལ་ཡོན་གྱི་སྲོག་ཤིང་ནི་རིག་གནས་ཡིན། རིག་གནས་ཀྱི་མཚོན་བྱེད་ལ་སྐད་དང་ཡི་གེ་ལས་གལ་ཆེ་བ་མེད། སྐད་དང་ཡི་གེས་མཚོན་པའི་རིག་གནས་གང་དེས་རྒྱལ་ཁབ་དང་མི་རིགས་སོ་སོའི་དཔལ་ཡོན་གྱི་ཚད་ཐིག་མཚོན་ན། རང་རེའི་དཔལ་ཡོན་ནི་རང་གི་སྐད་དང་ཡི་གེས་མཚོན་པའི་རིག་གནས་མ་ལག་དེ་ཡིན། རང་གི་སྐད་དང་ཡི་གེ་ཡང་དོར་བ་ཡིན་ན། སོ་སོའི་རྩིས་ཐང་དང་ལ་རྒྱ་དོར་བ་ཡིན། ལ་རྒྱ་དང་རྩིས་ཐང་དོར་བའི་མི་དེར་མིའི་མཚན་ཉིད་མ་ཚང་བ་ཡིན། རང་དབང་སོགས་ཀྱང་ལོགས་སུ་འཚོལ་བ་མེད།
ངས་ནི་རང་གི་རིག་གནས་དོར་ནས་གཞན་གྱི་རིག་གནས་སྦྱོང་གི་ཡིན་ཏེ། དེ་ལྟར་བྱས་པས་རང་གི་ལ་རྒྱ་དང་རྩིས་ཐང་ཡང་སྲུང་བ་ཡིན་ཟེར་ན། མ་ཆོག་པ་གཞན་མེད་མོད། པཎ་ཆེན་རིན་པོ་ཆེས་གསུངས་པ་བཞིན། ཁྱོད་ཀྱི་ཤ་དང་རུས་པ་ཇི་ལྟར་བྱའམ། མི་རིགས་གཞན་གྱིས་ཁྱོད་ཀྱི་ཤ་རུས་དང་དུ་ལེན་ནམ། རོལ་རྩེད་འདི་ཤིན་ཏུ་ཉམ་ང་བར་འདུག་པས། རྨོངས་པ་དག་ལེགས་པར་སོམས་ཤིག མགོ་རུས་ས་ལ་མ་འཐོར་བ་དེ་སྲིད་དུ། ཁྱོད་ཀྱི་ཤ་རུས་འགྱུར་བའི་དུས་མ་ཡོད་དོ།།
བློ་དང་ལྡན་པ་དག་ལེགས་པར་སོམས་ཤིག མེས་པོ་བཀའ་དྲིན་ཅན་དག་ནི་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་གཞན་གྱི་ཁྱད་དུ་འཕགས་པའི་རིག་གནས་དག་རང་གི་སྐད་དང་ཡི་གེ་ལ་བསྒྱུར་བ་ཡིན་གྱི། རང་གི་དེ་དག་ཕར་བསྒྱུར་པ་ཧ་ལམ་མེད། དེ་དག་ལ་ཕར་བསྒྱུར་བའི་རྩལ་དང་ནུས་པ་མེད་པ་མིན་ལ། ཕར་བསྒྱུར་བྱའི་རིག་གནས་མེད་པའང་མིན་ཏེ། རང་གི་སྐད་དང་ཡི་གེ་ལ་མི་རིགས་རང་གི་བླ་སྲོག་ཞུགས་ནས་ཡོད། རང་གི་སྐད་དང་ཡི་གེ་ལ་བསྒྱུར་པ་གང་ཞིག རང་གི་རིག་གནས་སུ་གྱུར་པ་ཡིན། རང་གི་རིག་གནས་ནི་རང་གི་སྐད་དང་ཡི་གེ་ལ་བརྟེན་ནས་གནས་ཐུབ་པ་ཡིན། དེ་ལ་བརྟེན་ན་གཞི་ནས་རང་གི་སྙིང་སྟོབས་སུ་འགྱུར་བ་ཡིན། རིག་གནས་ཙམ་ནི་གཞན་གྱི་སྐད་དང་ཡི་གེ་ལ་བརྟེན་ནས་སྦྱངས་ཆོག་པ་ཡིན་མོད། དེ་ལ་བླ་སྲོག་མེད། དིང་སང་སྙན་ངག་ཚིག་རྐང་རེ་འགའ་ཕར་གཞན་དུ་འགྱུར་བའི་ལས་ལ་བརྩོན་ཞིང་། དེ་གཟི་བརྗིད་དུ་ངོམ་པ་ཉིན་རེ་བཞིན་གཅིག་རྗེས་གཉིས་མཐུད་དུ་འོང་མོད། རང་གི་བླ་བཙོང་བའི་མགོ་བརྩམས་པ་ཡིན། ང་སྙན་ངག་པ་ཡིན་པས་ཡི་གེ་ལ་རྒྱལ་མཚམས་མེད་ཟེར་ན་སྐད་ཆ་གཞན་མེད་མོད། ནམ་ཞིག་ལོ་རྒྱུས་ཀྱིས་ཁ་གྲགས་པའི་དུས་ལ། ལག་དམར་གྱི་ངན་རོགས(帮凶)དང་དེ་གཉིས་ལ་ཁྱད་པར་མེད་པ་གོང་ནས་ཞུས་པ་བཞིན་ཡིན། རྒྱ་སྐད་ཀྱི་བརྡ་སྤྲོད་ཕྱིན་ཅི་ལོག་ཏུ་འབྲི་བ་དག་ཀྱང་བོད་སྐད་ཚིག་འགའ་བྲིས་པའི་རྗེས་ལ་རྒྱ་སྐད་ཚིག་འགའ་བསྐྱར་ཅིང་། དེ་ཉིད་ངོམ་སོར་བྱེད་པས། སྐྱོ་བ་ལ་ཚད་མེད། འདི་དག་ཐམས་ཅད་ཀྱི་ཀླད་པའི་ནང་ལ། སྐད་དང་ཡི་གེ་ནི་ལག་ཆ་འབའ་ཞིག་ཡིན་སྙམ་པ་ལས་གཞན་མེད། ཐམས་ཅད་ཀྱི་ཀླད་པ་གཏིང་ནས་བཀྲུས་ཚར་བས། བསྐྱར་དུ་གསོན་པའི་སྐབས་ཕྲ་མོད། རྗེས་རབས་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཀྱེ།
སྔོན་ཆད་མཚོ་སྔོན་ཕྱོགས་ན་བོད་ལྭའི་སྟེང་ལ་དམར་དམག་གི་སྟོད་ལྭ་དང་ཞྭ་མོ་གྱོན་པ་མང་སྟེ། བོད་པ་གཞན་གྱིས་མཐོང་ན་དགོད་བྲོ་བ་ཞིག་འོང་། ད་ལྟ་བོད་ཡིག་གི་རྗེས་སུ་རྒྱ་ཡིག་ཚིག་འགའ་སྦྱོར་བ་དང་། བོད་ཡིག་གི་སྙན་ངག་ཚིག་རྐང་འགའ་ངོ་ཤེས་དག་གིས་རྒྱ་ཡིག་ཏུ་བསྒྱུར་རྗེས། “ང་འདི་ན་ཡོད”ཅེས་འུད་སྒྲོག་བྱེད་པ་དག་ནི་གོང་གི་ཆ་ཁ་ཡ་སྡེབ་ཀྱི་ལྭ་བ་གྱོན་ཚུལ་ལས་ཀྱང་དགོད་བྲོ་ཞིང་ཉམ་ང་བར་འདུག་མོད། གླེན་པ་འདི་དག་མི་ཤེས་པར་འདུག དེས་ན། མི་རིགས་རང་གི་སྐད་དང་ཡི་གེ་འཆི་ལམ་དུ་འདེད་པ་ལ། ངན་རོགས་འདི་དག་ཡོད་པས། ལག་དམར་གཞན་དག་འཛུམ་གྱི་ལེར་བཞུགས་ཆོག་པ་མ་ཡིན་ནམ།
འདི་དག་གི་སྣེ་ཁྲིད་ལ་སྐྱབས་ཆེན་བདེ་གྲོལ་སོགས་དཔའ་ཉམས་དང་བཅས་མདུང་ཐུང་འཕྱར་ནས་རྒྱུགས་པས། མ་འོངས་པའི་དུས་ཡུན་ཐུང་ངུ་ཙམ་ལ། ཨ་གསར་ཅན་གྱི་བོད་ཕྲུག་མང་པོས་སྤྲེའུའི་ལྟད་མོ་སྣ་ཚོགས་སྟོན་པར་ཐེ་ཚོམ་མེད། རང་གི་སྐད་དང་ཡི་གེས་གསོས་པ་འདི་དག གལ་ལ་ཐུག་ན་སེང་རྡོར་སོགས་དང་འདྲ་བར། “ང་ནི་ཆུང་ངུའི་དུས་ནས་འབྲས་ཀྱིས་གསོས་པའོ”ཟེར་བར་བློ་ལྡན་སུ་ཞིག་ཐེ་ཚོམ་བྱེད།
ནམ་ཞར་ཡང་འཁྲབ་སྟོན་འབའ་ཞིག་གིས་དུས་འདའ་བ་དག་སྐྱུར་ཞོག རང་རེས་ནི་སྐད་དང་ཡི་གེ་རང་གི་བླ་སྲོག་ཡིན་པ་ལ་ངོས་འཛིན་གཙང་མ་བྱེད། མེས་པོ་བཀའ་དྲིན་ཅན་དག་གི་བློ་དཔྱོད་ལ་རྗེས་སུ་ཡི་རང་ཞུ། རང་གི་མགོ་བོ་གཞན་གྱི་རྐང་འོག་ཏུ་མི་འཇོག་པ་ལ་ད་ནས་གྲབས་གཤོམ། སྐད་ཡིག་གི་སྐྱེ་འཆི་ནི་སོ་སོའི་རྩིས་ཐང་དང་རང་དབང་ལ་འབྲེལ་བའི་སྐོར་ལེགས་པར་འཚོལ། སྐད་ཡིག་ཅིག་གི་རིན་ཐང་ནི་ཆོས་ལུགས་དང་རིག་ཚན་ཡན་གར་བ་གཞན་ཞིག་གིས་ཚབ་བྱེད་ཐུབ་པ་མིན། ཆོས་ལུགས་དང་རིག་ཚན་གཞན་དག་སྐད་ཡིག་གཞན་གྱི་སྟེང་ནས་གནས་ཀྱང་སྲིད་མོད། སོ་སོའི་སྐད་དང་ཡི་གེའི་ང་རོ་ནི་སྐད་ཡིག་གཞན་གྱི་སྟེང་ནས་གནས་ཐབས་མེད། འདི་ནི་རང་དབང་གི་རྣམ་པ་གཞན་ཞིག་ཡིན་པས། ཚབ་ཏུ་འཇོག་པའི་ཐབས་མེད། ཁྱོད་ཀྱི་བླ་སྲོག་གི་ཚབ་ལ་ང་ཡི་བླ་སྲོག་འཇོག་མི་ཐུབ་པ་བཞིན།
དེས་ན། ང་ནི་ང་དང་ཁྱོད་ནི་ཁྱོད་ཡིན་པའི་ངོ་བོ་ལ། སྐད་དང་ཡི་གེའི་ནུས་པ་ནི་ཚབ་ཏུ་མེད་པའོ།། འདི་ཉིད་གཅེས་པར་བཟུང་བས་སོ་སོའི་རྩིས་ཐང་དང་ལ་རྒྱ་མི་ཤོར་བ་ཡིན། སོ་སོའི་རུས་པ་དང་ཁྲག་རྒྱུད་མི་འགྱུར་བ་ཡིན། གཞན་དུ་ན། གཡུལ་འགྱེད་ཆེན་པོ་འདི་ལས་ཁྱོད་ཉིད་འཚོ་བའི་དབང་མེད་དོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།