མི་རིགས་ཀྱི་རེ་ལྟོས་ཆེན་པོ། 

རྩོམ་པ་པོ།   ཨ་མདོ་པ་ཀརྨ་དགེ་འཕེལ།

ཡུལ་གངས་ཅན་ས་ལའི་སྨན་ལྗོངས་ཕྱུག་མོར།།
བྱང་ཤམ་བྷ་ལའི་ཆོས་ཀྱི་སྒོ་འཕར་འབྱེད་མཁས།།
དཔལ་རྣམ་ཀུན་མཆོག་ལྡན་དང་པོའི་སངས་རྒྱས།།
ལྷ་འཇམ་པའི་དབྱངས་གུང་ཐང་བསྟན་པའི་མཁན་ཆེན།།

ནོར་གསོག་སྒྲུབ་བླ་བྲང་རྒྱུ་ཡིས་མ་བཀང་།།
དུས་སྟོང་ཟད་རྒྱ་གྲོང་ཁྱི་བཞིན་མ་ཉུལ།།
བོད་རྨོངས་དད་སྤྱི་ཚོགས་མགོ་བོ་མ་བསྐོར།།
འཚོགས་ཆོས་ར་ཉ་འགྲིམ་ཆུ་འགྲིམ་བྱས་བཞག།

རྒྱན་གོས་ཆེན་སྣ་ལྔས་ཞྭ་ལྷམ་མ་བཟོས།།
ཁྲི་གསེར་དངུལ་རིན་ཆེན་འཇངས་རྡུང་མ་བྱས།།
རྒྱབ་ཕ་བཟང་མ་བཟང་ཐོབ་ཐང་མ་སྤྱད།།
བཟང་ཐག་ཆོད་ཐོས་པས་སྒྲོ་འདོགས་བཅད་བཞག།

ཀློག་སློབ་ཞོར་དབང་ལུང་གནང་ཞོར་མ་བྱས།།
བྲིས་སྦྱོང་ཞོར་གསང་སྔགས་འཆད་ཞོར་མ་བྱས།།
ལུང་སྟོན་ཞོར་གྲུབ་རྟགས་འཇོག་ཞོར་མ་བྱས།།
དོན་གཙོ་ཕལ་བྱ་བའི་འགག་མདོ་བཟུང་བཞག།

སྒྲ་བརྡ་དག་སྙན་ངག་དཀར་ནག་རྩིས་རིག།
ཐིག་རྡུལ་ཚོན་གར་དབྱངས་ཆོ་གའི་ཕྱག་བཞེས།།
སློབ་ཚན་གྱི་གོ་རིམ་ལུགས་འབྱུང་ནང་བཞིན།།
ཚུལ་སྦྱང་བརྩོན་ལོ་ཟླའི་ཁྱུད་མོར་མཐུད་བཞག།

ཀུན་མཁྱེན་དང་མཁས་དབང་གླུ་རྒྱལ་ལ་སོགས།།
གང་འདོད་དུ་འབོད་པའི་འགྲོ་སྟངས་རྫོབ་པོ།།
ཁོར་ཡུག་དེར་མེད་པའི་ལྷིང་འཇགས་འོག་ནས།།
གནས་གཅིག་ཏུ་ཐོས་བསམ་རྡོ་རུས་གཏུགས་བཞག།

བོད་བརྡ་སྤྲོད་ལག་ལེན་མ་ཤེས་གོང་ནས།།
སྐད་ཡི་གེའི་དཔྱད་གཏམ་སྤེལ་རྩིས་མ་བྱས།།
གནའ་དེང་གི་སྙན་ངག་མ་བསླབས་མཚམས་ནས།།
རྩོམ་དུམ་པ་མང་པོའི་གད་སྙིགས་མ་སྤུངས།།

ལན་རྣམ་ཐར་སྒོ་བཞིའི་གྲངས་འདྲེན་མེད་རུང་།།
མཐོ་དབུ་ཕར་འདུལ་མཛོད་སྦྱང་རྒྱུ་མ་བྱས།།
དམའ་བསྡུས་གྲྭའི་ཁ་དོག་དཀར་དམར་ནས་བཟུང་།།
གཞུང་མདོ་སྔགས་གོ་རིམ་ཚུལ་བཞིན་བསླབས་བཞག།

ཡུལ་ལྷ་སྡེ་མི་སྡེས་གཙུག་ཏུ་བཀུར་རུང་།།
ལམ་སྒྲིག་སྲོལ་མང་པོས་བཙིར་གནོན་མ་བྱས།།
འཁོར་སློབ་འབངས་མ་བོས་ངང་གིས་འདུས་རུང་།།
གཏམ་ཆེ་བཙན་འདྲེས་མས་སུན་པོ་མ་བཟོས།།

དགོས་མི་དགོས་སློབ་གསོའི་ཉོག་གཏམ་མ་སྤེལ།།
འཆད་དགོས་པ་རྒྱ་བོད་གཞུང་དོན་བཤད་བཞག།
རེད་མ་རེད་བསམ་བློའི་གོ་རྟོགས་མ་བརྩད།།
རྩོད་དགོས་པ་མདོ་སྔགས་དཀའ་གནད་བརྩད་བཞག།

ལོ་བཅུ་ཕྲག་གཉིས་ཀྱི་དུས་ཚོད་མ་བརླགས།།
ནང་ཐོས་བསམ་སྒོམ་པའི་ཉམས་རྟོགས་འཁྲུངས་བཞག།
མགོན་ཡོངས་འཛིན་དམ་པའི་རེ་བ་མ་བརླགས།།
གཞུང་ཕར་ཕྱིན་གྲྭ་སྐོར་དམ་འཇོག་གནང་བཞག།

སྒྲ་དྲུག་འགྱུར་ངང་ནས་ལུང་རྒྱུན་མ་སྤེལ།།
ཁ་་ཚིག་སྟོང་ནང་ནས་ཁྲིད་རྒྱུན་མ་སྤེལ།།
ཆོས་མདོ་སྔགས་ཕུ་ཐག་ནང་ནས་བཅད་རྗེས།།
སྐུ་འགྲོ་དོན་ཕྱོགས་ལས་རྣམ་པར་རྒྱལ་སོང་།།

དབང་གནང་ན་སྲིད་གསུམ་དབང་དུ་འདུས་བཞག།
ལྷོ་འཛམ་གླིང་ཕྱེད་ཀ་ཆོས་སྒྲས་ཁྱབ་བཞག།
བོད་ས་ཡ་དྲུག་པོའི་ལྟ་ས་ཉན་ས།།
སྐུ་གོང་མའི་མཛད་བཟང་བདག་གིར་བཞེས་བཞག།

དཔལ་ཁྱེད་འདྲ་ཡོད་ན་སྤྲུལ་སྐུ་ལོས་ཡིན།།
སྐྱབས་ཁྱེད་འདྲ་ཡོད་ན་དགེ་བཤེས་ལོས་ཡིན།།
རྗེ་ཁྱེད་འདྲ་ཡོད་ན་མཁན་པོ་ལོས་ཡིན།།
མགོན་ཁྱེད་འདྲ་ཡོད་ན་སེམས་རྩ་དྲོ་གི།

འཁོར་བུ་སློབ་ནམ་མཁའི་སྐར་ཚོགས་ཤར་འདྲ།།
སྒར་ཁྲ་ཆིལ་སྤྲིན་དཀར་ཐང་ལ་བཏིང་འདྲ།།
ཡུལ་ས་གནམ་གཉིས་ཀ་དོག་པོར་གནང་བ།།
ཐུགས་སྐུ་དྲིན་ཆེ་འོ་ཁྲི་ཆེན་གུང་ཐང་།།

         ཞེས་གྲོང་ཚིག་ཕལ་བ་འདི་དག་ཀྱང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་སྲོག་རྩར་གྱུར་པ་ཕ་གཅིག་ཁྲི་ཆེན་གུང་ཐང་རིན་པོ་ཆེའི་ཡང་སྤྲུལ་སྐུ་ཕྲེང་བདུན་པ་གུང་ཐང་༸  བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་ཚང་གི་ཕྲིན་ལས་ཀྱི་ཆ་ཤས་ཙམ་མཇལ་བས་དགའ་དད་ཤུགས་དྲག་བཅས་མདོ་ཁམས་བསྟན་པའི་འབྱུང་གནས་རྫ་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཨ་མདོ་པ་ཀརྨ་དགེ་འཕེལ་དུ་འབོད་པས་སུག་ལས་བྱས།།