གངས།


པད་མ་ཚེ་བརྟན།

དང་པོ།

གངས་ནི་ཁ་བའི་དོན་དང་། བུ་མོ་ཞིག་གི་མིང་ཡང་ཡིན་ཏེ། ལོ་བཅོ་ལྔའི་སྔོན་གྱི་མཚན་མོ་ཞིག་ལ་ལུག་རྫི་གཅོད་པས་ཁ་བའི་ཁྲོད་དུ་རྙེད་པའི་བུ་མོ་ཞིག་གི་མིང་ཡིན།
མཚན་མོ་དེའི་རྨི་ལམ་ཁྲོད། ལུག་རྫི་གཅོད་པས་རང་གི་ཆུང་མ་ཡིན་ཟེར་བའི་བུད་མེད་ཅིག་གིས་བྱིས་པ་དམར་རྗེན་ཞིག་པང་ནས་ཁ་བ་ལྷབ་ལྷུབ་འབབ་པའི་ཁྲོད་ཚབ་ཚུབ་ངང་སྐྱོད་བཞིན་པ་རྨིས། དེ་ནི་སྟོང་སྣང་གི་ཞིང་ཁམས་ཤིག་སྟེ། དཀར་གསལ་ཟླ་བ་ནམ་མཁའི་དབྱིངས་སུ་མངོན་པར་འཕགས་ཤིང་། རབ་དཀར་ཁ་བས་གཡོགས་པའི་ཁོར་ཡུག་ཐམས་ཅད་གསལ་ལྷང་ངེར་མངོན་པ་ལ། རབ་རིབ་ཀྱི་ལྡོག་འོད་ཅིག་ཀྱང་འཚེར་བཞིན་གདའ། ཕྱོགས་བཞི་མཚམས་བརྒྱད་ཁུ་སིམ་མེར་གནས་ནའང་། བྱིས་པའི་ངུ་སྐད་དེ་སྟོང་སྣང་གི་ཞིང་ཁམས་སུ་བར་མེད་དུ་གྲག ལུག་རྫི་གཅོད་པ་གཉིད་ལས་སད། ཁོས་རང་ཉིད་ལ་འཕྲུལ་སྣང་བྱུང་བ་མིན་ནམ་སྙམ་ནས་མགོ་བོ་ཤུགས་ཀྱིས་ལན་འགར་གཡུགས་མོད། ངུ་སྐད་དེ་སྔར་བཞིན་ཁོའི་རྣ་ལམ་དུ་མཚམས་མི་ཆད་པར་གྲག་པར་འདུག རྨི་ལམ་ཁྲོད་ཀྱི“ཆུང་མ”དང་བྱིས་པ་གཉིས་ཀྱི་གཟུགས་བརྙན་ཁོའི་མིག་ལམ་དུ་གསལ་ལེར་སྣང་བས། ལུག་རྫི་གཅོད་པར་རང་དབང་མེད་པར་ཁོང་དགོད་ཅིག་ཤོར་སོང་། འདི་ནི་ངོ་མ་འདང་ཕོག་དཀའ་བའི་དོན་ཞིག་རེད་ཨང་། ཁོ་ཕོ་ལོ་བཅོ་ལྔར་སོན་མ་ཐག་ཡིན་པས། ཁྱིམ་ཆུང་མའི་སྐོར་ལ་ད་དུང་བསམ་བློ་གཏོང་གི་མེད་པར་མ་ཟད། རྨི་ལམ་ཁྲོད་ཀྱི་བུད་མེད་དེ་དང་བྱིས་པ་དམར་རྗེན་གཉིས་ལ་དེ་བས་ཀྱང་ཆ་རྒྱུས་མེད།
ངུ་སྐད་དེ་མུ་མཐུད་དུ་གྲག་བཞིན་འདུག ལུག་རྫི་གཅོད་པ་སྦྲ་ལས་ཕྱིར་བུད་དུས། ཕྱི་རོལ་ཏུ་དངོས་གནས་ཁ་བ་བབས་འདུག་པས་ཁོ་ནི་རེ་ཞིག་ཡ་མཚན་སོང་། ནམ་མཁའི་དབྱིངས་སུ་སྐར་ཚོགས་ཀྱི་མིག་ཟུང་བར་མེད་དུ་འཛུམ་ཞིང་། དཀར་གསལ་ཟླ་བས་ཁ་བའི་ཡུལ་ལྗོངས་འདིར་སྔར་མེད་ཀྱི་མཛེས་ཆོས་ཤིག་བསྣན་ཏེ། ལུག་རྫི་གཅོད་པའི་ཡིད་སེམས་དབང་མེད་དུ་དྲངས། བསམ་བློ་ཏོག་ཙམ་བཏང་རྗེས་ཁོ་མྱུར་དུ་བྱིས་པའི་ངུ་སྐད་གྲག་ཕྱོགས་སུ་སོང་། ཁོ་དང་བར་ཐག་ཅུང་རིང་བའི་ཁ་བའི་ཁྲོད་དུ་དངོས་པོ་ཞིག་འོད་ཡུག་ཡུག་བྱེད་བཞིན་ཡོད་པས་ཁོ་ལ་དེ་འཕྲལ་ཞེད་སྣང་ཞིག་སྐྱེས་ཏེ་གོམ་པ་སྤོ་མཚམས་དབང་མེད་དུ་བཞག ཡུད་ཙམ་ནས་སླར་ཡང་རང་ཤུགས་ཀྱིས་སྤོབས་པ་ཞིག་སྐྱེས་ཏེ་དངོས་པོ་དེའི་གམ་ལ་ཕྱིན། ཨ། དེ་ནི་དངོས་གནས་བྱིས་པ་ཞིག་རེད། བཙས་མ་ཐག་པའི་བྱིས་པ་དམར་རྗེན་ཞིག་སྟེ། ལུས་ཧྲིལ་བོ་ཁ་བ་ལྟར་དཀར་ཞིང་ཟླ་འོད་འོག་ཏུ་འོད་ཀྲིག་ཀྲིག་ཏུ་སྣང་། ཁོ་བསྒུར་ནས་ཞིབ་ལྟ་བྱས་པ་ན་ཏག་ཏག་ལ་རྨི་ལམ་ཁྲོད་དུ་ཁོའི“ཆུང་མས”པང་ཡོད་པའི་བྱིས་པ་དེ་རེད། ཐོག་མར་ཁོ་ལ་སྐྲག་སྣང་ཞིག་སྐྱེས་ན་ཡང་། བྱིས་པ་དེའི་བཅོས་མིན་གྱི་འཛུམ་མདངས་མཐོང་བས་སྙིང་ཉེ་བའི་ཚོར་བ་ཞིག་གིས་པང་ལ་བཟུང་བ་དང་། ནམ་ཟླ་གྲང་འཁྱག་འདིའི་ནང་དུ་བྱིས་པ་དམར་རྗེན་འདི་ཕྱིད་ཉེན་ཆེའོ་སྙམ་ནས་རང་གི་སྐ་རགས་བཀྲོལ་ཏེ་རུམ་ལ་འཇུག་རྩིས་བྱས། སྐབས་དེར། འཕྲུལ་སྣང་ཡིན་པར་དོགས་པས་ཁོ་ལ་སླར་ཡང་འཇིགས་སྔངས་ཤིག་སྐྱེས་ནས་བྱིས་པ་གཡུགས་ཏེ་ཕྱིར་སྦྲ་ནང་དུ་འབྲོ་རྩིས་བྱས་མོད། སེམས་རྣལ་ལ་ཕབ་ནས་ཅིས་ཀྱང་བལྟ་དགོས་སྙམ་སྟེ་བལྟས་པ་ན་དེ་མི་འཁྲུལ་མེད་དུ་མཐོང་བ་དང་སྙིང་རྗེ་ཚུལ་ལ་བལྟས་ཀྱིན་བལྟས་ཀྱིན་ད་ཅིའི་བསམ་ཚུལ་དེ་ལ་ངོ་གནོངས་ཤིང་འགྱོད་པ་སྐྱེས་པ་དང་། འདི་འདྲའི་བྱིས་པ་དམར་རྗེན་ཞིག་ཁ་བའི་ནང་དུ་བསྐྱུར་ན་ཤིན་ཏུ་མི་འོས་ཞེས་རང་གིས་རང་ལ་ལེ་བདའ་བྱེད་བཞིན་བྱིས་པ་རུམ་ལ་བཅུག་ནས་སྦྲའི་ཕྱོགས་སུ་སོང་། མ་གཞིར་བྱིས་པ་དེའི་ལུས་པོ་ཕྱི་གསལ་ནང་གསལ་ཞིག་ཡིན་ལ། ཡ་ཆུང་ཁོག་གི་དོན་ལྔ་སྣོད་དྲུག་ཀྱང་དབུགས་ཀྱི་རྒྱུ་བ་དང་བསྟུན་ནས་ལྷེམ་ལྷེམ་དུ་འགུལ་བཞིན་པ་མཐོང་ཐུབ།
ལུག་རྫི་གཅོད་པས་རྙེད་པའི་བྱིས་པ་དེ་ནི་བུ་མོ་ཞིག་ཡིན། རྗེས་སུ་ཉིན་འགའི་རིང་ལ། ལུག་རྫི་གཅོད་པས་རྣ་བ་ཕྱོགས་བཞིར་གཏད་ནས་བསྡད་རུང་། སུ་ཚང་གི་བྱིས་པ་ཡིན་པའི་གཏམ་ནི་མ་ཐོས་ལ། རྩད་གཅོད་མཁན་ཡང་མ་བྱུང་། དེ་བས་ཁོས་བྱིས་པ་དེ་སྙོར་སྐྱོང་བྱེད་རྒྱུའི་སེམས་ཐག་བཅད་ཅིང་། ཕྱི་གསལ་ནང་གསལ་གྱི་ལུས་པོ་འདི་གཞན་གྱིས་མཐོང་ན་འདྲ་མིན་སྣ་ཚོགས་བཤད་པར་དོགས་ནས་ཚར་ལྭ་ཆུང་ཆུང་ཞིག་བཟོས་ཏེ་བསྐོན། དེ་དང་མཉམ་དུ་ཁོས་བྱིས་པ་དེ་ལ་མིང་ཞིག་གདགས་དགོས་སྙམ་ཡང་རེ་ཞིག་འོས་འཚམ་གྱི་མིང་ཞིག་ཡིད་ལ་མ་དྲན། ཉིན་འགའི་རྗེས་ཀྱི་མཚན་མོ་ཞིག་ལ། ཁོ་ཟླ་འོད་ཀྱིས་དཀར་ལམ་མེར་གསལ་བའི་ཁ་བའི་ཁྲོད་འགྲེངས་ཏེ་བྱིས་པ་དེ་ནི་ཁ་བའི་ཁྲོད་རྙེད་པ་དང་། ལུས་ཡོངས་ལ་ཁ་བ་ལྟར་འོད་དཀར་པོ་ཞིག་འཕྲོ་བཞིན་པ་དྲན་པས་དེ་མ་ཐག་རིག་པ་ཀློང་བརྡོལ་དུ་བྱུང་ནས་གངས་ཞེས་པ་དོན་དངོས་དང་མཚུངས་པའི་མིང་འདི་ཡིད་ལ་ཝ་ལེར་ཤར།
ཉིན་ཞག་གི་ཕྲེང་བ་རེ་རེ་ཕར་འདས་ཤིང་། རང་གི་ཆུང་མ་ཡིན་ཟེར་བའི་བུད་མེད་དེ་ཐེངས་གང་མང་ལ་ལུག་རྫི་གཅོད་པའི་རྨི་ལམ་གྱི་ཞིང་ཁམས་སུ་མངོན་པས། དེ་ལ་འཆང་བའི་དྲན་གདུང་གི་སེམས་པའང་ཉིན་རེ་བཞིན་ཇེ་དྲག་ཏུ་གྱུར།

གཉིས་པ།

“ཁ་བ་མར་མར་འབབ་དུས། ཕ་ཡུལ་ཡིད་ལ་དྲན་བྱུང……” གངས་ཀྱིས་གར་སྟེགས་སུ་གླུ་དབྱངས་ལེན་བཞིན་པའི་བུ་མོ་དེ་ལ་ཅེར་ནས་ཧད་འདུག སྙན་ཞིང་འཇེབས་པའི་གླུ་སྒྲས་ཁོའི་ཡིད་སེམས་དབང་མེད་དུ་བཀུག་ནས་མིག་མཐར་མཆི་མ་འཁོར། ཡུད་ཙམ་ནས་ཕྱོགས་བཞིར་ཐལ་མོ་རྡེབ་པའི་སྒྲ་གྲགས་པ་དང་། བུ་མོ་དེས་གླུ་དབྱངས་བླངས་ཚར་ནས་གར་སྟེགས་ལ་ཅེར་འདུག་པས། ཁོའི་འཁྲིས་སུ་བསྡད་པའི་སློབ་གྲོགས་དཔལ་འབྱོར་གྱིས་ཚུལ་དེ་མཐོང་ནས་ཅི་ཡིན་ཆ་མ་འཚལ་བར་སྐད་དམའ་མོས“གངས་ལགས། ཁྱོད་ལ་ཅི་བྱུང”ཞེས་དྲིས་པ་ན། གངས་ནི་ད་གཟོད་གཉིད་ལས་སད་པ་ཇི་བཞིན་ཅུང་དོགས་མི་བདེ་བའི་ངང་དཔལ་འབྱོར་ལ“ཅི་ཡང་མ་རེད། ད་སོ་མའི་གླུ་དབྱངས་དེས་ང་ནི་རྒྱང་རིང་གི་ཕ་ཡུལ་དུ་བསྐྱལ་སོང་། བུ་མོ་དེའི་མིང་ལ་ཅི་ཟེར”ཞེས་དྲིས།
“མོའི་མིང་ལའང་གངས་ཟེར། ད་ལོ་སློབ་གྲྭར་ཞུགས་པའི་སློབ་མ་གསར་བ་རེད། སྔོན་ཆད་མཉམ་འཇོག་ཆེར་མ་བྱས་ནའང་། ད་ལྟ་ཞིབ་སྡུར་ཞིག་བྱས་ཚེ་ཕོ་མོའི་དབྱེ་བ་ཙམ་ལས་ཁྱོད་གཉིས་ཀའི་ཕྱིའི་རྣམ་འགྱུར་དང་ལུས་ཀྱི་སྐྱེས་གཟུགས་ངོ་མ་ཨ་ན་མ་ན་རེད། ཉིན་འདི་གར་ཚང་མས་མོ་གླེང་བཞིན་འདུག མོ་ནི་ཁ་བ་ལྟར་དཀར་ཟེར། སློབ་གྲོགས་ལ་ལས་བཤད་པ་ལྟར་ན་མོའི་ལུས་པོ་ནི་ཤེལ་ཕུང་བཞིན་ཕྱི་གསལ་ནང་གསལ་དུ་སྣང་ཟེར……” དཔལ་འབྱོར་གྱིས་གངས་ལ་ལྟ་ཞོར་དུ་སླར་ཡང་མུ་མཐུད་དུ་བཤད་རྒྱུར།“དེའི་རྐྱེན་གྱིས་བུ་མོ་རྣམས་ནི་མོ་དང་རྒྱང་བཀྱེད་ནས་བསྡད་ཡོད་ནའང་། གསར་བུ་རྣམས་ནི་དེ་ལས་ལྡོག་སྟེ་ཁ་སྣ་ཚོགས་གཡར་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མོའི་གམ་ལ་བཅར་ཅི་ཐུབ་བྱེད་བཞིན་ཡོད། ཡིན་ན་ཡང་མོས་གསར་བུ་དེ་དག་ལ་མིག་ཟུར་གྱིས་ལྟ་ཙམ་ཡང་མི་བྱེད་པས་དེ་དག་གི་སེམས་སྐྱ་མོ་ཐང་ལ་ལྷུང་ཡག་རེད། མོ་ནི་དངོས་གནས་ཁ་བ་ལྟར་དཀར་ཞིང་ཁ་བ་ལྟར་ལྷད་མེད་པའི་མཛེས་མ་ལྟ་བས་ཆོག་མི་ཤེས་པ་ཞིག་རེད་ཨང་།”
གངས་ཀྱིས་ཁ་རོག་གེར་ཅི་ཞིག་ལ་བསམ་བློ་གཏོང་བ་འདྲ། ཡུད་ཙམ་འགོར་རྗེས་ཁོས་ཁེར་ལབ་རྒྱག་པ་བཞིན་བཤད་རྒྱུར།“གངས། མོའི་མིང་ལ་དངོས་གནས་གངས་ཟེར་རམ།”
“རེད། མོའི་མིང་ལ་གངས་ཟེར།”
སྐབས་དེར། དགོང་ཚོགས་གྲོལ་ཟིན་པས། མི་རྣམས་འཚང་ཁ་ཤིག་ཤིག་གིས་སྒོར་འགྲོ་བཞིན་འདུག གངས་ཀྱིས་འགྲོ་གྲབས་བྱེད་བཞིན་པའི་དཔལ་འབྱོར་འཐེན་ཙམ་བྱས་ཏེ“ཁྱོད་སྔོན་ལ་སོང་། ངས་མོ་ལ་བསྒུག་དགོས”ཞེས་གཅིག་པུ་གར་སྟེགས་ཀྱི་ཕྱོགས་སུ་སོང་ཞིང་། གར་སྟེགས་ཀྱི་ཟུར་ཞིག་ནས་མོ་ཡོད་པ་མཐོང་། མོ་དང་བུ་མོ་འགའ་འགྲོ་གྲབས་བྱེད་བཞིན་ཡོད་པ་ལ། གངས་ཀྱིས་མོའི་རྒྱབ་ནས་འཐེན་ཙམ་བྱེད་ཞོར་དུ“ཁྱོད་ཀྱིས་ཅུང་ཙམ་སྒུགས་དང་། ཁྱོད་ལ་བཤད་རྒྱུའི་ཚིག་འགའ་ཡོད”ཅེས་བཤད་པ་ན། མོ་དང་མཉམ་དུ་ཡོད་པའི་བུ་མོ་དེ་རྣམས་ཁ་ཕྱིར་འཁོར་ནས་ཧ་ལས་པའི་ངང“ཨ་ཙི། མཚར་རོ་མཚར་རོ། ། ཅི་འདྲའི་རིགས་འདྲ་གཉིས”ཞེས་འུར་བརྒྱབ།
གངས་ཀྱི་སེམས་ལ་འཚུབ་ཆ་ཞིག་ལངས་པ་དང་མཉམ་དུ་སྙིང་ཉེ་བའི་ཚོར་བ་ཞིག་ཀྱང་རང་ཤུགས་སུ་སྐྱེས། གངས་ཀྱི་སྐད་ཆ་ཐོས་པས་མོ་དལ་གྱིས་ཕྱིར་འཁོར་ཞིང་། གངས་ཀྱི་ངོ་གདོང་མཐོང་མ་ཐག་ལུས་ཡོངས་འདར་ཙམ་བྱས།
“ཁྱོད་ཀྱི་མིང་ལའང་གངས་ཟེར་རམ།” ཁོས་དེ་ལྟར་དྲིས།“ཟེར་བ་ཡིན། ཅི་རེད་ལགས།” མོས་དེ་ལྟར་ཟེར་བཞིན་ཁོ་ལ་ཞིབ་ཏུ་བལྟས་པ་ན། ད་གཟོད་མིག་མདུན་གྱི་གསར་རྒོད་འདི་མེ་ལོང་ནང་གི་རང་ཉིད་དང་གཉིས་སུ་མ་མཆིས་པ་ཚོར།
“ངའི་མིང་ལའང་གངས་ཟེར། ཁྱོད་ཀྱི་གླུ་སྒྲས་ངའི་སེམས་པ་དབང་མེད་དུ་བཀུག་སོང་། ཁྱོད་ཀྱི་གླུ་ལ་ཉན་ན་ང་ནི་རྒྱང་རིང་གི་ཕ་ཡུལ་དུ་སླེབས་པའི་ཚོར་བ་སྟེར། སློབ་གྲོགས་ཚོས་བཤད་པ་ལྟར་ན་འུ་གཉིས་ནི་མ་གཅིག་གི་བྱང་ཁོག་བརྒྱུད་པའི་མཚེ་མ་ཞིག་དང་འདྲ་ཟེར། དེ་བདེན་ནམ། དངོས་གནས་དེ་ལྟར་ཡིན་ནམ།” ཁོས་མོའི་ལག་མགོར་དམ་པོར་འཇུས་ནས་ཕུར་ཚུགས་སུ་མོའི་གདོང་ལ་ཅེར་ནས་དབུགས་ཐེངས་གཅིག་གིས་དེ་ལྟར་བཤད།
“འདི་ནི་ངའི་སེམས་ཁོང་དུ་ཡུན་རིང་ཉར་བའི་གླུ་དབྱངས་ཤིག་ཡིན། ང་གླུ་འདིའི་ཚིག་དང་འགྱུར་ཁུགས་ལ་ཤིན་ཏུ་དགའ་བས། དུས་རྒྱུན་པར་རང་ཉིད་གཅིག་པུས་ལྐོག་ཏུ་གླུ་དབྱངས་དེ་བླངས་པ་ཡིན། གླུ་འདི་ལེན་གྱིན་ལེན་གྱིན་བདག་གིས་ཀྱང་རྒྱང་རིང་གི་ཕ་ཡུལ་དབང་མེད་དུ་དྲན་པ་དང་། མྱུར་དུ་ཕ་ཡུལ་ལ་ལོག་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེས་པར་མ་ཟད། དངོས་གནས་ཕ་ཡུལ་དུ་སླེབས་པ་དང་འདྲ་བའི་ཚོར་སྣང་ཞིག་ཀྱང་སྐྱེས་འོངས……” མོས་ཀྱང་ཁོའི་སྤྲོ་བས་ཁེངས་པའི་གདོང་ལ་ཅེར་ནས་དལ་ལྷོད་ངང་དེ་ལྟར་འཆད་བཞིན་ཤེས་མེད་ཚོར་མེད་ངང་ཁོ་གཉིས་མཉམ་དུ་སྒོའི་ཕྱི་རོལ་ཏུ་ཐོན། ཕྱི་རོལ་ཏུ་ཁ་བ་བབས་འདུག སྐབས་དེར་ཁ་བའི་འབབ་མཚམས་ཆད་ནས་སྐར་ཚོགས་ཀྱི་དབུས་སུ་བསིལ་སྦྱིན་མཁན་པོས་འོད་ཀྱི་སྣང་བ་ཕངས་མེད་དུ་སྤྲོས་ཏེ་ཁ་བའི་ཡུལ་ལྗོངས་འདི་གསལ་ལྷང་ངེར་གྱུར། ཁོ་གཉིས་མཉམ་གཤིབ་ཀྱིས་ཁ་བའི་ནང་དུ་ལངས་ནས་བློ་སེམས་རྩེ་གཅིག་གིས་དཀར་གསལ་ཟླ་བར་ཅེར་ཅིང་། མིག་ཟུང་ལས་ཡིད་སྨོན་གྱི་མདངས་ཤིག་ཤར་འདུག ཟླ་ཟེར་འོག་གི་ཁ་བ་ནི་དཀར་ཞིང་འཇམ་ལ། ཁོ་གཉིས་ཀྱི་བཞིན་རས་ཀྱང་ཟླ་ཟེར་འོག་གི་ཁ་བ་ལྟར་དཀར་ཞིང་འཇམ།
“གངས་ལགས། ངའི་ཕ་ཡུལ་རྒྱང་རིང་གི་གངས་རིའི་འདབས་སུ་ཡོད། དེ་ནི་མཛེས་སྡུག་ལྡན་པའི་ཡུལ་གྲུ་ཞིག་ཡིན་པར་མ་ཟད། གནས་དེ་རུ་ངའི་གཉེན་ཉེ་གཅིག་པུ—ངའི་དྲིན་ཅན་གྱི་ཨ་མ་ཡོད།”
“གངས་ལགས། ང་ཡི་ཕ་ཡུལ་ཡང་རྒྱང་རིང་གི་གངས་རིའི་འདབས་སུ་ཡོད། དེའང་མཛེས་སྡུག་ལྡན་པའི་ཡུལ་གྲུ་ཞིག་ཡིན། གནས་དེར་ང་ལའང་ཨ་ཕ་མ་གཏོགས་གཉེན་ཉེ་གཞན་མེད།”

གསུམ་པ།

དེ་ནས་བཟུང་། ཁོ་གཉིས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲལ་ཐབས་མེད་པར་གྱུར་པས། སློབ་གྲོགས་རྣམས་ཀྱིས་ཁོ་གཉིས་ནི་མཚེ་མ་གཅིག་དང་འདྲ་ཟེར། དུས་ཡུན་རིང་བོ་ཞིག་ལ་ཁོ་གཉིས་ནི་དགེ་སློབ་རྣམས་ཀྱི་གླེང་བྱ་གཙོ་བོར་གྱུར།
དཀྱིལ་རྒྱུགས་བླངས་རྗེས། ཁོ་གཉིས་ཀྱིས་རང་རང་གི་ཡུལ་ལ་འཕྲིན་ཡིག་རེ་བསྐུར་ཏེ་སློབ་གྲྭའི་ནང་ན་རང་ཉིད་དང་མིང་གཅིག་ལ། མཚེ་མ་ཞིག་དང་འདྲ་བའི་སློབ་གྲོགས་ཤིག་འདུག་པ་དང་། ཁོ་གཉིས་ཀྱང་ཕན་ཚུན་ལ་འདྲིས་ཤིང་མཐུན་པས་གོ་སྐབས་འདྲ་འགྲིག་ན་ཨ་ཕ(ཨ་མ)ཅིས་ཀྱང་ཁོ་གཉིས་ལ་སྐོར་ཞིག་རྒྱག་ཏུ་ཡོང་བར་ཞུས།
འཕྲིན་ཡིག་བསྐུར་ནས་ཉིན་བཅོ་ལྔ་འདས་པའི་ཕྱི་དྲོ་ཞིག་ལ། ཁོ་གཉིས་ཀྱི་ཨ་ཕ་དང་ཨ་མ་གཉིས་མ་བགྲོས་རང་བྱུང་གི་ངང་ནས་དུས་གཅིག་ལ་སློབ་གྲྭར་སླེབས། ཁོ་གཉིས་ངོ་ཐུག་མ་ཐག ཐོག་མར་འགུལ་ཙམ་ཡང་མི་བྱེད་པར་ཕན་ཚུན་ལ་ཅེར་ཅིང་། ཡུད་ཙམ་འགོར་རྗེས་མིག་ནས་མཆི་མ་ཉིལ་བཞིན་ཚམ་ཚོམ་མེད་པར་ཕན་ཚུན་ལ་དམ་དུ་འཁྱུད། ལུག་རྫི་གཅོད་པས“ཨ་ཁ། ངས་རྨི་ལམ་དུ་མི་ལོ་ཉི་ཤུར་རེ་སྒུག་བྱས་པའི་མི་དེ་མ་གཞིར་ཁྱོད་མ་ཡིན་ནམ”ཞེས་ཡིད་འགུལ་ཐེབས་པའི་ངང་བཤད་པ་དང་། བུད་མེད་དེས་ཀྱང་གདོང་གི་མཆི་མ་འབྱིད་ཞོར་དུ“ངས་ཀྱང་མི་ལོ་ཉི་ཤུའི་རིང་ལ་སེམས་ཁོང་ནས་ཁྱོད་ལ་རེ་སྒུག་བྱས”ཞེས་ངུ་སྔངས་བྱེད།
གངས་དང་གངས་ཀྱིས་ཚུལ་དེ་མཐོང་བས་ཅི་ཡིན་ཆ་མ་འཚལ་པར་གྱུར་ཏེ་མཉམ་གཅིག་ཏུ“ཨ་ཕ(ཨ་མ)ལགས། དོན་དག་ཅི་ཞིག་བྱུང་སོང”ཞེས་དྲིས་པས། ཁོ་གཉིས་ཀྱང་གཞི་ནས་གཉིད་ལས་སད་པ་ཇི་བཞིན་རང་གི་བུ་དང་བུ་མོའི་ངོ་ལ་ཅེར་ནས་མགྲིན་གཅིག་ཏུ“ཨ་ཨ། ཅི་འདྲའི་རིགས་འདྲ་གཉིས”ཞེས་ཟེར།
“བུ་མོ་ལགས། ད་ནི་ཁྱོད་ཀྱིས་རང་གི་ལོ་རྒྱུས་ཤེས་ན་ལེགས། ཁྱོད་ནི་ལོ་བཅོ་ལྔའི་སྔོན་གྱི་ཟླ་འོད་ཡོད་པའི་མཚན་མོ་ཞིག་ལ་ངས་ཁ་བའི་ནང་ནས་རྙེད་པ་ཡིན། ཁྱོད་གང་གི་ཡིན་པ་དང་ཕ་མ་སུ་ཞིག་ཡིན་པ་ངས་ཀྱང་མི་ཤེས། གང་ལྟར་མིང་ནི་ངས་རྗེས་སུ་བཏགས་པ་ཡིན།” ཡུད་ཙམ་འགོར་རྗེས་ལུག་རྫི་གཅོད་པས་རང་གི་བུ་མོ་ལ་དེ་སྔོན་གྱི་གནས་ཚུལ་རྣམས་ཞིབ་མོར་བརྗོད།
དེ་དང་མཉམ་དུ་ལུག་རྫི་གཅོད་པའི“ཆུང་མས”ཀྱང“བུ་ལགས། ད་ནི་ཁྱོད་ཀྱིས་ཡོད་ཚད་ཤེས་རན་ལ་སླེབས་འདུག ཁྱོད་ནི་ལོ་བཅོ་ལྔའི་སྔོན་གྱི་ཟླ་འོད་ཡོད་པའི་མཚན་མོ་ཞིག་ལ་ངས་ཁ་བའི་ནང་ནས་རྙེད་པ་ཡིན། ཁྱོད་གང་གི་ཡིན་པ་དང་ཕ་མ་སུ་ཞིག་ཡིན་པ་ངས་ཀྱང་མི་ཤེས། གང་ལྟར་མིང་ནི་རྗེས་སུ་ངས་བཏགས་པ་ཡིན”ཞེས་ལུག་རྫི་གཅོད་པས་བུ་མོ་རྙེད་པའི་བརྒྱུད་རིམ་དང་འདྲ་བའི་གནས་ཚུལ་རྣམས་གངས་ལ་བཤད།
ཆུང་དུས་ནས་བཟུང་ཁོ་གཉིས་ཀྱིས་རང་རང་གི་ཕ་མ་ཡོད་མེད་སྐོར་གྱི་གནས་ཚུལ་ཡང་ཡང་དྲིས་ནའང་།“དེ་འདྲ་མང་བོ་དྲིས་ནས་ཅི་བྱེད། ཁྱོད་ཉིད་ནར་སོན་རྗེས་ཡོད་ཚད་ཤེས་སྲིད”ཅེས་པ་ལས་ལན་གསལ་བོ་ཞིག་མ་བྱུང་།
ད་ལྟ་མི་ལོ་ཉི་ཤུའི་རིང་གི་གསང་རྒྱ་དེ་སྐད་ཅིག་ལ་གྲོལ་སོང་བ་བཞིན་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་ཁེངས་ཏེ། གངས་དང་གངས་གཉིས་ཀྱིས་པུས་མོའི་ལྷ་ང་སར་བཙུགས་ཏེ“ཁྱེད་ཅག་ནི་ངེད་གཉིས་ཀྱི་དྲིན་ཆེན་ཕ་མ་དངོས་ཡིན་ལ། ངེད་གཉིས་ཀྱང་ཁྱེད་ཅག་གི་སྙིང་གི་དུམ་བུར་གྱུར་པའི་བུ་ཕྲུག་ཡིན”ཞེས་ཕྱག་བཙལ་པ་ན། ལུག་རྫི་གཅོད་པ་དང་ཁོའི“ཆུང་མ” གཉིས་ཀྱང་མིག་ནས་མཆི་མ་ཉིལ་ལེར་བུ་དང་བུ་མོར་འཐམས།

བཞི་པ།

ལོ་བཞིའི་སློབ་གྲྭ་ཆེན་མོའི་འཚོ་བ་ནི་སྐད་ཅིག་ཙམ་གྱིས་འདས། སློབ་མཐར་ཕྱིན་པ་ན། ཁོ་གཉིས་ཀྱིས་གྲོང་ཁྱེར་དུ་སྡོད་པའི་གོ་སྐབས་རྒྱབ་ཏུ་བསྐྱུར་ནས་ཕྱིར་ཕ་ཡུལ་རྩྭ་ཐང་དུ་ལོག
དེ་སྔོན་སློབ་གྲྭ་ནས་ཕན་ཚུན་ངོ་ཕྲད་རྗེས། གངས་ཀྱི་ཨ་མའང་གཞིས་སྤོར་ནས་ལུག་རྫི་གཅོད་པའི་གམ་དུ་སོང་ཞིང་། མི་ལོ་ཉི་ཤུའི་རིང་ཕན་ཚུན་ལ་རེ་སྒུག་བྱས་ཤིང་ལྷད་མེད་ཀྱི་བརྩེ་སེམས་འཆང་བའི་མི་གཉིས་ད་ནི་གཞི་ནས་ལྷན་འཛོམས་བྱུང་། ད་ལྟ་གངས་དང་གངས་གཉིས་ཀྱང་གམ་དུ་ཡོད་པས། འཚོ་བ་མཉམ་རོལ་བྱེད་རྒྱུའི་དམིགས་འདུན་དེ་ཡོངས་སུ་གྲུབ་སྟེ། བཟའ་མི་བཞི་ལྡན་གྱི་ཁྱིམ་ཚང་ཆུང་ཆུང་འདིའི་ནང་དུ་བདེ་སྐྱིད་ཀྱི་དགོད་སྒྲས་ཁྱབ།
གངས་དང་གངས་གཉིས་རྩྭ་ཐང་འདིའི་སློབ་ཆུང་དུ་ལས་བགོ་བྱས་ཤིང་། ལྷད་མེད་ཀྱི་བྱིས་པ་ཚོ་དང་མཉམ་དུ་སྡོད་པ་ནི་ཅི་འདྲའི་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རེད་ཨང་།
དྭངས་གསལ་གྱི་ནམ་མཁའི་ངོས་སུ་སྤྲིན་པ་ལེབ་མོ་ཙམ་ཡང་མི་མཐོང་བའི་དགུན་མགོའི་ཉིན་ཞིག་ལ། གངས་ཀྱིས་དམའ་རིམ་འཛིན་གྲྭའི་སློབ་མ་འགར་སྐད་ཡིག་འཁྲིད་བཞིན་ཡོད། མོས་སྒོ་སམ་སྟེང“ཁ་བ”ཞེས་པའི་ཡིག་འབྲུ་ཆེན་པོ་གཉིས་འབྲི་དུས། ལུས་ཀྱི་ཟུངས་ཁྲག་ཡོད་ཚད་ཟད་པ་དང་འདྲ་བའི་ཚོར་བ་ཞིག་སྐྱེས་ཤིང་། སྐར་མ་བཅུ་ལྷག་གི་ཡུན་ལ་ཡིག་འབྲུ་དེ་གཉིས་འབྲི་དགོས་བྱུང་ལ། གློ་བུར་དུ་མགོ་ཡོམ་དྲག་པོ་ཞིག་འཁོར་ཏེ་དྲན་པ་རབ་རིབ་ཏུ་གྱུར། ཡུད་ཙམ་གྱི་རྗེས་སུ་མོའི་རྣམ་རིག་རིམ་བཞིན་ཇེ་གསལ་དུ་གྱུར་ཏེ། “ཁ་བ། ཁ་བ”ཞེས་སློབ་ཁྲིད་བྱེད་མགོ་བརྩམས། སྐབས་དེར། ནམ་རྒྱུན་འདྲི་ཚིག་འདྲི་རྒྱུར་དགའ་བའི་བུ་མོ་ཆུང་ཆུང་ཞིག་ཡོད་པ་དེ་ཡར་ལངས་ནས“དགེ་རྒན་ལགས། ཁ་བ་ནི་ཅིའི་དོན་ཡིན”ཞེས་སྐད་དམའ་མོའི་ངང་དྲིས་བྱུང་།
“དེ……དེ་ནི……” མོར་རེ་ཞིག་ལན་གདབ་རྒྱུ་མེད་པར་གྱུར། ནམ་རྒྱུན་ལྟར་ན་དེ་ནི་སྤྱིར་བཏང་གི་འདྲི་ཚིག་ཅིག་ཡིན་མོད། དེ་རིང་ཇི་ལྟར་ལན་གདབ་རྒྱུའང་མི་ཤེས་པས། མོའི་ངོ་མདོག་དམར་པོར་གྱུར་ནས་ཅི་བྱེད་འདི་བྱེད་མེད་པའི་སྐབས་སུ། སློབ་མ་འགས་དགའ་སྤྲོའི་ངང“ཁངས་བབས་བྱུང་། ཁངས་བབས་བྱུང”ཞེས་སྐད་བརྒྱབ་བྱུང་།
ཕྱི་རོལ་ཏུ་དངོས་གནས་ཁ་བ་འབབ་བཞིན་འདུག འདི་ནི་དགུན་ཟླ་འདིའི་ཁ་བ་འབབ་ཐེངས་དང་པོ་ཡིན་ལ། འབབ་ཐེངས་དང་པོའི་ཁ་བ་འདི་ལ། གངས་དང་གངས་ཀྱིས་ཡུན་རིང་ལ་སེམས་ཁོང་ནས་རེ་སྒུག་བྱས། གངས་ནི་ཅི་ཡང་མི་སྨྲ་བར་སློབ་ཁང་གི་སྒོར་ཕྱིན། སྐབས་དེར། འཛིན་གྲྭ་གཞན་ཞིག་ལ་སློབ་ཁྲིད་བྱེད་བཞིན་པའི་གངས་ཀྱང་ཚུར་བརྒྱུགས་ཡོང་སྟེ། ཁོ་གཉིས་མཉམ་གཤིབ་ཀྱིས་ཁ་བའི་འདབ་མ་འབབ་པ་དག་ལ་ཅེར་ཅིང་། འགོག་ཐབས་བྲལ་བའི་འཛུམ་མདངས་ཤིག་གིས་གདོང་ཡོངས་སུ་ཁེངས། དེའི་དུས་སུ་གངས་ཀྱི་མིག་ཟུང་གློ་བུར་དུ་གསལ་ལྷམ་མེར་གྱུར་ཅིང་བློ་རིག་ཀྱང་སྐད་ཅིག་ཉིད་ལ་གྲིམ་པོར་གྱུར་ནས“སློབ་གྲོགས་ཚོ། ཁ་བ། འདི་ནི་ཁ་བ་རེད། འདི་ནི་ཁ་བ་རེད”ཅེས་ཡང་ཡང་སྐད་གསང་མཐོན་པོས་བཤད།
“འོ། ཁ་བ། ཁ་བ།” བྱིས་པ་རྣམས་ནི་སྔ་མོ་ནས་ཁ་བའི་ཁྲོད་དུ་གནམ་ལྡིང་ས་ལྡིང་བྱེད་བཞིན་འདུག གངས་དང་གངས་གཉིས་ཀྱང་བྱིས་པའི་རྩེ་གྲལ་དུ་ཞུགས་ཏེ་ལྷང་ལྷང་གི་དགོད་སྒྲ་ཁ་བའི་འདབ་མ་ཇི་བཞིན་ནམ་མཁའི་དབྱིངས་སུ་འཕུར།

ལྔ་པ།

གངས་དང་གངས་རྩྭ་ཐང་འདིར་ཡོང་ནས་ལོ་གསུམ་འགོར་སོང་། ལོ་འདིའི་དགུན་ཁར་རྩྭ་ཐང་ལ་ཁ་བ་ཆེན་པོ་བསྟུད་མར་བབས་པས། གཟན་རྩྭ་ཐམས་ཅད་ཁངས་འོག་ཏུ་མནན་ཅིང་། ཕྱི་ལོའི་སོས་དུས་ལ་སླེབས་སྐབས་རྩྭ་མྱུག་ད་རུང་མ་འབུས་པས། འབྲོག་པའི་སྒོ་ཟོག་གི་ཤི་གྲངས་མང་དུ་སོང་སྟེ་མང་ཚོགས་ཀྱི་སེམས་པའང་བློང་བློང་བོར་བཟོས། གངས་སྐྱོན་འདི་འདྲ་ཚབས་ཆེན་ཞིག་ད་ལྟའི་བར་བྱུང་མ་མྱོང་བས་སྡེ་བས་ཚོགས་འདུ་ཞིག་བསྡུས་ཏེ་སྒོ་ཟོག་མྱུར་སྐྱོབ་ཀྱི་གྲོས་གཞི་བཏོན།
ཉིན་དེར། གསར་དུ་ལས་པའི་སློབ་གྲྭའི་ལུས་རྩལ་ར་བའི་ནང་མི་ཚོགས་ལང་ལོང་བྱེད་བཞིན་མཆིས། མི་ཚོགས་ཀྱི་དཀྱིལ་ན་སྡེ་དཔོན་གསར་རྙིང་གཉིས་ཀས་ལག་པ་གཡུག་གཡུག་བྱེད་ཞོར་ཅི་ཞིག་ལབ་ཀྱིན་འདུག་ལ། མཐའ་འཁོར་གྱི་མི་ཚོགས་ནི་རེ་ཐག་ཆད་པའི་ཚུལ་གྱིས་སྒྱིད་ལུག་ངང་མགོ་བོ་དང་གར་སྨད་འདུག
ཉིན་ཕྱེད་ཙམ་ལ་འཚོགས་ཀྱང་ངལ་བ་འབྲས་མེད་དུ་གྱུར་པས་ཚོགས་འདུ་རང་ཤུགས་ཀྱིས་ཐོར། མི་རྣམས་རེ་ཐག་ཆད་པའི་ངང་སློབ་གྲྭའི་ཕྱི་རོལ་ཏུ་འགྲོ་གྲབས་བྱེད་བཞིན་པའི་སྐབས་སུ། གངས་དང་གངས་གཉིས་ཀྱིས་བརྩེ་བའི་མིག་མདངས་ཀུན་ལ་མངོན་པར་བྱས་ཏེ“ཚང་མའི་སེམས་མ་ཕམ། ཡོད་ཚད་ངེད་གཉིས་ཀྱིས་བཀོད་སྒྲིག་བྱེད་ཆོག”ཅེས་སེམས་གསོའི་ངག་གིས་བཤད་པ་ན། མི་རྣམས་ཀྱི་སེམས་ལ“སྡེ་དཔོན་གསར་རྙིང་གཉིས་ལའང་ཐབས་བཀོད་མེད་པས་སློབ་ཆུང་དགེ་རྒན་གཉིས་ལ་ཐབས་ཅི་ཡོད”སྙམ་ནས་སོ་སོར་རང་གནས་སུ་ལོག
“འུ་གཉིས་ཀྱིས་མཉམ་དུ་ཧུར་བརྩོན་བྱེད། ཡིན་ན་ཡང་ཁྱོད་ནི་བུ་མོ་ཞིག་ཡིན་པས་དོན་དག་འདིའི་རིགས་སྒྲུབ་མི་འོས། ཁྱོད་ཀྱིས་ང་ལ་རོགས་རམ་བྱས་པས་ཆོག” གངས་ཀྱིས་གངས་ལ་དེ་ལྟར་བཤད་པ་དང་། མོས་ཀྱང་འཐད་པའི་བརྡ་ལ་མགོ་ལྕོག་ལྡེམ་ལྡེམ་བྱེད། མ་གཞིར་ཁོ་གཉིས་ཀས་རང་ཉིད་ཀྱི་ཕྱི་གསལ་ནང་གསལ་གྱི་ལུས་པོ་འདི་གཞན་ལ་འགྲེམས་སྟོན་བྱས་ཏེ་ཡོང་འབབ་ཚང་མ་འདི་གཞི་མང་ཚོགས་ལ་འབུལ་རྒྱུའི་བློ་ཐག་བཅད་པ་རེད།
ཕྱི་ཉིན་ཁོ་གཉིས་ཀྱིས་ཞིང་ཆེན་ཚགས་པར་ཁང་དུ་གསར་འགོད་པའི་བྱ་བ་སྒྲུབ་བཞིན་པའི་སློབ་གྲོགས་དཔལ་འབྱོར་ལ་འཕྲིན་ཡིག་ཅིག་བྲིས་ཏེ་འབྲོག་ཁུལ་གྱི་གནས་བབ་དང་ཁོ་གཉིས་ཀྱི་འཆར་གཞི་གསལ་བོར་བརྗོད།
ཁོ་གཉིས་ཀྱིས་བསྐུར་བའི་འཕྲིན་ཡིག་དེ་གཟའ་འཁོར་གཅིག་གི་རྗེས་སུ་དཔལ་འབྱོར་གྱི་ལག་ལ་འབྱོར་ཅིང་། དཔལ་འབྱོར་གྱིས་ཁོ་གཉིས་ཀྱི་ཡི་གེ་མཐོང་རྗེས་ཐོག་མར་ཡིད་མི་ཆེས་པར་གྱུར་ནའང་། སློབ་གྲྭར་ཡོད་དུས་གངས་དང་གངས་ཀྱི་ལུས་པོ་ནི་ཕྱི་གསལ་ནང་གསལ་ཞིག་ཡིན་པའི་སྐད་ཆ་ཁོས་ཀྱང་ཐོས་མྱོང་བས། གལ་སྲིད་བདེན་པ་ཡིན་ཚེ་དེ་ནི་རིན་ཐང་ཁྱད་པར་ཅན་གྱི་གསར་འགྱུར་ཞིག་མ་ཡིན་ནམ་སྙམ་ནས་འཕྲིན་ཡིག་དེ་སྤྱི་ཁྱབ་རྩོམ་སྒྲིག་པ་ལ་བསྟན་ཅིང་། རང་ཉིད་དེ་རུ་བཅར་འདྲི་ལ་འགྲོ་རྒྱུའི་རེ་བ་བཏོན། སྤྱི་ཁྱབ་རྩོམ་སྒྲིག་པས་འཕྲིན་ཡིག་དེ་ལ་ཐེངས་འགར་བལྟས་ཀྱང་ཡིད་ཆེས་གཏན་ནས་མ་བྱུང་ནའང་། དཔལ་འབྱོར་གྱིས་ཡང་ཡང་ཞུས་པས་ཁོའི་རེ་བ་ཙམ་པོ་བ་དེ་བསྐང་ཆེད་ཆོག་མཆན་དགོད་རྒྱུར་འཐད་པ་བྱུང་། གསར་འགོད་པ་དཔལ་འབྱོར་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་ཞིང་ཆེན་འདིའི་བས་མཐར་གནས་པའི་རྫོང་མཁར་ལ་སླེབས་ཤིང་། རྫོང་མཁར་ནས་ད་དུང་རྐང་ཐང་ལ་ཉིན་གསུམ་གྱི་ལམ་ལ་སོང་བས་ད་གཟོད་གངས་དང་གངས་ཡོད་སའི་འབྲོག་ཁུལ་ལ་སླེབས། སྒོ་ཟོག་གི་བེམ་རོ་རྩྭ་ཐང་གི་གང་སར་ཁྱབ་པའི་ཡ་ང་བའི་ངང་ཚུལ་དེ་མཐོང་རྗེས། ཁོའི་སེམས་པ་ལྗིད་ཏིག་གེར་གྱུར་ཅིང་། དེ་དང་ཆབས་ཅིག་གངས་དང་གངས་ཀྱི་ཡ་རབས་ཀྱི་སྤྱོད་པས་ཀྱང་ཡིད་འགུལ་ཆེན་པོ་ཐེབས་སུ་བཅུག།
གསར་འགོད་པ་དཔལ་འབྱོར་གྱིས་བྲིས་པའི་གསར་འགྱུར་དེ་ཚགས་པར་དུ་བཀོད་རྗེས། ཞིང་ཆེན་གསར་འགྱུར་སྡེ་ཁག་ཏུ་གྲག་འགུལ་མི་ཆུང་བ་ཞིག་བྱུང་། ཞིང་ཆེན་ཕྱི་ནང་གི་གསར་འགྱུར་ཁང་ཆེ་ཆུང་གང་མང་གི་གསར་འགོད་པ་མེ་ཏོག་ལ་སྦྲང་མ་འཁོར་བ་ཇི་བཞིན་ཕྱོགས་བཞི་མཚམས་བརྒྱད་ནས་གངས་དང་གངས་ཡོད་སའི་རྩྭ་ཐང་དུ་འདུས་ཏེ། གངས་དང་གངས་ཀྱི་ངོ་མཚར་བའི་ལུས་གཟུགས་དེར་ཡང་དང་བསྐྱར་གྱིས་པར་བརྒྱབ་སྟེ་འཇིག་རྟེན་ན་མཐོང་དཀའ་བའི་བྱ་དངོས་ཁྱད་པར་བ་དེ་པར་རིས་དང་ཡི་གེ་སྦྲེལ་མའི་ལམ་ནས་ཁྱབ་བསྒྲགས་བྱས་པས། དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་གངས་དང་གངས་ནི་རྒྱལ་ཁབ་ཕྱི་ནང་གི་མི་མང་བོ་ཞིག་གི་གླེང་བྱར་གྱུར།
དེ་དང་མཉམ་དུ། གངས་དང་གངས་ཡོད་སའི་རྩྭ་ཐང་དེ་རུའང་གནམ་ས་ཁ་ལོ་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་མཆིས། དང་ཐོག་འདི་རུ་མི་དང་ཚོགས་པ་རེ་གཉིས་མ་གཏོགས་ཡོང་མཁན་མེད་ནའང་། རིམ་བཞིན་ལྟད་མོ་པ་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ་མཐར་རྒྱལ་ཁབ་ཕྱི་ནང་དང་། གྲོང་དང་གྲོང་ཁྱེར་གྱི་རིགས་སོ་སོའི་ལྟད་མོ་པ་བགྲང་བར་ངལ་བ་ཞིག་འདུས་ཤིང་། གངས་ཀྱི་ཕྱི་གསལ་ནང་གསལ་གྱི་ལུས་པོ་འགྲེམས་སྟོན་བྱེད་སའི་སློབ་གྲྭའི་མཐའ་སྐོར་དུ་མི་ཚོགས་ཀྱིས་གང་སྟེ་གྲོག་ཚང་གི་ཁ་ཕྱེ་བ་དང་མཚུངས། མི་ཚོགས་འདུས་པའི་རྐྱེན་གྱིས། ནོམ་བརྒྱ་འཛོམས་པའི་ཚོང་པ་དང་། སྐད་ངག་བདེ་བའི་གླུ་པ། རྩལ་དགུ་ཚང་བའི་གར་མཁན། དོན་ཀུན་མཁྱེན་པའི་མོ་པ་རྩིས་པ་རྣམས་ཀྱང་མ་བོས་རང་འདུས་ཀྱིས་གནས་འདིར་སླེབས་ཤིང་། རང་གི་ལས་ལ་འབད་བཞིན་མཆིས། ད་སྔ་ཁུ་སིམ་མེར་འདུག་པའི་ས་མཐའི་རྩྭ་ཐང་དེ་ད་ནི་མི་ཚོགས་ཀྱི་རྒྱ་མཚོ་འཁྱིལ་ཞིང་རྡུལ་ཕྲན་གྱི་རྦ་རླབས་འཕྱུར་ནས་དངོས་གནས་གྲོང་ཁྱེར་གྱི་ཁྲོམ་ར་ཆུང་ཆུང་ཞིག་དང་མཚུངས། མི་རྣམས་ཀྱི་སིལ་ཏོག་ཟ་འཕྲོ་དང་། དུ་བའི་ཕྱི་ཤུན། དམ་བེ་སྟོང་བ་སོགས་ཁོར་ཡུག་གི་སྤང་ཐང་དུ་གང་སར་ཁྱབ་འདུག
ཉིན་དཀར་གངས་དང་གངས་ཀྱིས་ཡུལ་གྲུ་སོ་སོ་ནས་འོངས་པའི་ལྟད་མོ་པ་རྣམས་སྣེ་ལེན་བྱེད་དགོས་པས་ཁོམ་པ་ཇ་ཡུན་ཙམ་ཡང་མེད་ལ། དགོང་མོ་ཐོན་དུས་ཁོ་གཉིས་ཀྱིས་ད་གཟོད་ངལ་གསོ་བའི་གོ་སྐབས་ཙམ་ལ་བརྟེན་ནས་སློབ་ཁྲིད་བྱེད་པ་དང་། སློབ་ཁྲིད་ཚར་རྗེས། ཁོ་གཉིས་ཀྱིས་ཉིན་དཀར་གྱི་ཡོང་འབབ་རྣམས་སྡོམ་རྩིས་བྱེད་པ་ཡིན།
དེ་ལྟར་ཟླ་ཕྱེད་ཙམ་ལ་གངས་ཀྱི་ལུས་གཟུགས་ཤོམ་སྟོན་བྱས་པས་འཛིན་བྱང་བཙོངས་པའི་སྒོར་མོ་འབོར་ཆེན་ཞིག་ཐོབ། ཁོ་གཉིས་ཀྱིས་ཡོང་འབབ་ཚང་མ་སྡེ་དཔོན་ལ་སྤྲད་དེ། སྡེ་བའི་གསར་བུ་ཡོད་ཚད་མངགས་ཏེ་རྫོང་མཁར་ནས་འབྲུ་རིགས་དང་རྩྭ་ཆས་སོགས་ཉོས་ནས་སྐྱེལ་འདྲེན་བྱས་ཡོང་བས། བཀྲེས་ཤིང་ལྟོགས་པའི་སྡུག་བསྔལ་གྱིས་མནར་པའི་མི་ཕྱུགས་ཚང་མ་རེ་ཞིག་གཤིན་རྗེའི་ལག་འོག་ནས་ཐར།
དེ་ནས་ཟླ་གཅིག་གི་རྗེས་སུ།འདི་རུ་ཕྱི་རྒྱལ་སྐྲ་སེར་སྐོར་ཅིག་ཐོན་ཅིང་། དེ་དག་གིས་ལོ་ཙཱ་བ་བརྒྱུད་གངས་ཀྱི་ཕྱི་གསལ་ནང་གསལ་གྱི་ལུས་པོ་དེ་ཞིབ་ཕྲའི་ངང་པར་རྒྱག་རྒྱུའི་རེ་བ་བཏོན་པ་ལ། གངས་ཀྱིས་དེ་དག་གི་རེ་འདོད་ཇི་བཞིན་བསྐངས་པས་སྒོར་མོ་ཡང་མང་བོ་ཐོབ།
སྐབས་དེར་ཕྱི་རྒྱལ་པ་ཚོས་སྒོར་མོ་སྡུད་བཞིན་པའི་གངས་ཀྱི་ལུས་པོའང་ཕྱི་གསལ་ནང་གསལ་ཞིག་ཡིན་པ་ཤེས་རྗེས། གངས་དང་གངས་ལ་མཉམ་གཅིག་ཏུ་པར་རྒྱག་རྒྱུའི་རེ་བ་བཏོན་ཏེ། སྒོར་མོ་ཅི་ཙམ་དགོས་ཀྱང་སྟེར་ཟེར། ཡིན་ཡང་དེ་ནི་གངས་དང་གངས་ཀྱིས་ཁས་མ་བླངས་པས། རེ་ཞིག་ཁོ་ཚོ་ཐབས་ཟད་འུ་ཐུག་ཏུ་གྱུར་ཏེ་སྡེ་དཔོན་གྱི་གམ་དུ་སོང་ནས་རེ་བ་བཏོན་ཀྱང་ཕན་མ་ཐོགས།
ཕྱི་རྒྱལ་པ་ཚོས་རང་ཉིད་ཀྱི་དམིགས་ཡུལ་དེ་འགྲུབ་ཆེད། སྦྲ་གུར་འགའ་ཉོས་ནས་གཏན་སྡོད་བྱས་ཤིང་། སྡེ་དཔོན་གྱི་གམ་དུ་ཡང་ཡང་བརྒྱུགས་ཏེ་སྒོར་མོའི་གྲངས་ཀ་ཡང་ཇེ་མང་དུ་བཏང་། དེ་བས་དོན་དག་དེ་རྩྭ་ཐང་གི་མི་ཚང་མས་ཤེས་ལ། དང་ཐོག་ཕྱི་རྒྱལ་པ་ཚོར་སྡིགས་མོ་འདྲ་བྱེད་བཞིན་ཡོད་ནའང་། གངས་དང་གངས་ཀྱིས་དེ་དག་གི་རེ་བ་བསྐངས་ན་སྒོར་མོ་ངེས་ཅན་ཞིག་འཐོབ་སྲིད་པ་ཤེས་རྗེས། སེམས་ལ་རང་དབང་མེད་པར་ཟ་འཕྲུག་ཅིག་ལངས་ཏེ་མི་རེ་འགས་ལྐོག་ཏུ་གངས་དང་གངས་ལ་ལེ་བདའ་བྱེད་བཞིན་ཡོད། རིམ་བཞིན་སྡེ་དཔོན་སོགས་དང་ཐོག་དེར་མི་འཐད་པའི་མི་རྣམས་ཀྱི་སེམས་ལའང་རང་ཤུགས་ཀྱིས་ཟ་འཕྲུག་ཅིག་ལངས་ཏེ་ཁོ་གཉིས་ལ་ལེ་བདའ་བྱེད་མགོ་བརྩམས། ཁོ་ཚོ་གཅིག་རེ་གཉིས་རེ་སོང་ནས་གངས་དང་གངས་ལ་ཁ་བརྡ་ཅི་ཙམ་བྱས་རུང་ཕན་ཡེ་ནས་མ་ཐོགས་པས། མཇུག་མཐར་ཕྱི་རྒྱལ་པ་ཚོར་ཐབས་ཟད་དེ་སྲིད་གཞུང་གི་མི་འགའ་ཁྲིད་ཡོང་ནས་སྡེ་དཔོན་ལ་འཇིགས་འཇིགས་བྱས་ཤིང་། སྡེ་དཔོན་གྱིས་གངས་དང་གངས་ཀྱི་ཕ་མ་གཉིས་ཀར་འཇིགས་འཇིགས་བྱས། དེ་ལྟ་ནའང་། གངས་དང་གངས་ཀྱི་ཕ་མས་ཁས་ལེན་གཏན་ནས་མི་བྱེད་པས་ཕྱི་རྒྱལ་པ་ཚོའི་དམིགས་ཡུལ་འགྲུབ་ཐབས་མ་བྱུང་།
མཚན་མོའི་སྨག་རུམ་ཕྱོགས་བཞི་མཚམས་བརྒྱད་ནས་ཆོམ་རྐུན་བཞིན་འཇབ་འོང་བའི་དུས་སུ། ཐབས་ཟད་འུ་ཐུག་གི་གནས་ལ་ཚུད་པའི་སྲིད་གཞུང་གི་མི་སྣ་དང་སྡེ་དཔོན་རྣམས་ཀྱིས་མཇུག་མཐའི་ཚོགས་འདུ་ཞིག་ཚོགས་ཏེ། གལ་སྲིད་སང་ཉིན་གངས་དང་གངས་ཀྱིས་དེ་དག་གི་རེ་འདོད་ཇི་བཞིན་མ་བསྐངས་ན་བཙན་ཚུགས་ཀྱིས་པར་རྒྱག་རྒྱུའི་གྲོས་ཐག་བཅད།
མཚན་མོ་དེར། སྲིད་གཞུང་གི་ལས་བྱེད་པ་དང་། དེ་གའི་སྡེ་དཔོན། ད་དུང་རྩྭ་ཐང་གི་མི་གཞན་ཚང་མས་མཉམ་གཅིག་ཏུ་རྨི་ལམ་རིགས་འདྲ་ཞིག་རྨིས། རྨི་ལམ་དུ་དབུ་སྐྲ་དང་སྨ་ར་དུང་ལྟར་དཀར་བའི་བགྲེས་པོ་ཞིག་གིས་ཁོང་ཁྲོའི་ངང“གངས་དང་གངས་ནི་གངས་རིའི་ཁྱེའུ་ཡིན། ཁྱོད་ཚོས་དྲིན་ལན་ལོག་འཇལ་བྱེད་མི་རུང”ཞེས་བཤད་པ་རེད།
དེ་བཞིན་ལུག་རྫི་གཅོད་པ་དང་ཁོའི་ཆུང་མས་ཀྱང་རྨི་ལམ་ཞིག་རྨིས་བྱུང་སྟེ། དབུ་སྐྲ་དང་སྨ་ར་དུང་ལྟར་དཀར་པའི་བགྲེས་པོ་ཞིག་གིས“གངས་དང་གངས་ནི་གངས་རིའི་ཁྱེའུ་ཡིན། ཁོ་གཉིས་ཀྱི་མཐའ་མཇུག་གི་གནས་མལ་ནི་གངས་རི་ཡིན་པས་ད་ཕྱིར་བསླེབ་རན་འདུག བདག་གིས་སྙིང་ཐག་པ་ནས་ཁྱེད་གཉིས་ལ་བཀའ་དྲིན་ཆེ་ཞུ”ཞེས་འཛུམ་ཤིག་ཤིག་གིས་བཤད་དེ་མི་སྣང་བར་གྱུར་སོང་།
ཕྱི་ཉིན་ནམ་ལངས་མ་ཐག མི་རྣམས་ཚབ་ཚུབ་ལང་ལོང་གིས་ཕྱོགས་གཅིག་ཏུ་འདུས་ཏེ་མདང་དགོང་གི་ཁྱད་མཚར་ཅན་གྱི་རྨི་ལམ་དེ་གླེང་བཞིན་འདུག ལུག་རྫི་གཅོད་པ་དང་ཁོའི་ཆུང་མའང་སྔ་མོ་ནས་ལྷགས་རླུང་ཁྲོད་འགྲེང་སྟེ་རྒྱང་རིང་གི་དཀར་ཞིང་བརྗིད་པའི་གངས་རི་ལ་ཅེར་འདུག
གངས་དང་གངས་གཉིས་རྒྱང་རིང་གི་གངས་རིའི་ཁྲོད་ཕེབས་སོང་བ་ཁོ་གཉིས་ཀྱིས་གསལ་བོར་ཤེས་ནའང་སེམས་ལ་སྐྱོ་བ་སྤུ་ཙམ་ཡང་མེད་དེ། དེ་ནི་གངས་དང་གངས་ཀྱི་མཇུག་མཐའི་གནས་མལ་ཡིན་པས་སོ། །
མི་རྣམས་ཀྱང་ལུག་རྫི་གཅོད་པ་དང་ཁོའི་ཆུང་མའི་གམ་དུ་འགྲེངས་ནས་འགུལ་ཙམ་ཡང་མི་བྱེད་ལ། ཅི་ཞིག་བོར་བ་བཞིན་རྒྱང་རིང་གི་དཀར་ཞིང་བརྗིད་པའི་གངས་རིའི་ཕྱོགས་སུ་ཅེར་འདུག

(1999ལོའི《སྦྲང་ཆར》དེབ་གཉིས་པ་ལས་བདམས)

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།