༄༅། །བོད་སྤྱི་ཚོགས་ཀྱི་གནས་སྟངས་འཕོ་འགྱུར་བརྟག་དབྱེ་
གནད་ཟིན་གཡུ་ཡི་མེ་ལོང་ཞེས་བྱ་བ།

ལྡོང་ཕྱིང་གུར་བ་རྒྱལ་ལོ།

དེ་ཡང་། ས་སྐྱ་ལེགས་བཤད་ལས།
​​​ཆེན་པོའི་འབད་ནས་བསྒྲུབས་པའི་གྲོས།།
​ངན་པས་སྐད་ཅིག་གཅིག་ལ་འཇོམས།།
​ཞིང་བས་ལོ་ཟླར་འབད་པའི་ཞིང་།།
​སེར་བས་སྐད་ཅིག་རྡུལ་དུ་རློག །
ཞེས་མེས་པོ་གོང་མའི་ཞལ་གསུང་ལྟར་བཟང་པོའི་འབྲས་བུ་བསྒྲུབ་དཀའ་ནའང་ངན་པས་བརླག་སླ་བའི་ཆོས་ཉིད་རང་བྱུང་བཅོས་མེད་ཀྱི་གནས་ལུགས་དང་སྦྱར་ཏེ་བསྟན་པ་ཇི་བཞིན་ཏུ། བོད་མཐོ་སྒང་ཞེས་པའི་རང་བྱུང་ལྷུན་གྱིས་གྲུབ་པའི་ཁོར་ཡུག་སྟེང་རང་རེའི་མེས་པོ་གོང་མ་རྣམ་ཀྱིས་ལོ་རྒྱུས་ཀྱི་འགག་འཕྲང་རིང་མོ་བརྒྱུད་དེ་འབད་པས་ལས་ཀྱིས་བོད་ཅེས་པའི་མི་རིགས་འདི་ཆགས་ཤིང་སྤྱི་ཚོགས་རང་སྐྱ་བ་གྲུབ། ལོ་སྟོང་ཕྲག་དུ་མའི་རྗེས་སུ་རྒྱ་ཡི་འོག་ཏུ་བཅུག་ཏེ་མི་ལོ་༧༠་ཡི་ནང་རྩ་མེད་བཟོ་བའི་ལྐོགས་ཇུས་ཀྱི་རྟགས་མཚན་མང་པོ་ལྷང་ལ་བུད་པས། བོད་གཞིས་བྱེས་གཉིས་ཀྱིས་ཞི་བའི་ངོ་རྒོལ་རབས་དང་རིམ་པ་བྱས་པ་ལས་ས་བྱི་ལོའི་ངོ་རྒོལ་དེ་རང་རེའི་སྤྱི་ཚོགས་འཕོ་འགྱུར་སྔར་དང་མ་འདྲ་བའི་དཀྱོགས་མཚམས་ཤིག་ཏུ་བསླེབས། འདི་རང་རེའི་བོད་སྤྱི་ཚོགས་ཀྱི་ངོ་བོར་འཕོ་འགྱུར་བྱུང་ཚུལ་མདོར་བསྡུས་ཙམ་ཞུ་བ་ལ།
​ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་འཕྲིང་ལམ་རོང་མོ་བརྒྱུད་དེ་བྱུང་བའི་གངས་ཅན་བོད་ཀྱི་གདུང་རབས་དང་། སྤྱི་ཚོགས། ཐོན་སྐྱེད་སྒྲུབ་སྟངས། སྐད་དང་རིག་གནས་མ་ལག་དང་བཅས་མི་རིགས་གྲུབ་བྱེད་ཀྱི་རྒྱུ་དང་རྐྱེན་སྣ་ཚོགས་རེ་རེ་ནས་རྡོ་ལག་བརྒྱུད་དང་ཁབ་ཤུལ་སྐུད་པས་གནན་པ་ཇི་བཞིན་སྔ་མའི་རྟིང་ཕྱི་མས་གནན་ཞིང་མུ་མཐུད་དེ་དུས་རབས་ཉི་ཤུ་བའི་མཇུག་དང་ཉེར་གཅིག་པའི་སྟོད་ཙམ་དུ་བསླེབས་སྐབས། མིག་རྒྱང་འཛམ་གླིང་དུ་བསྐྱེད་པ་དང་ལྷན་རང་རེའི་ཆབ་སྲིད་དང་སྤྱི་ཚོགས་ལེགས་བཅོས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། བཙན་པོ་རིམ་བྱུང་དང་མཛངས་བློན་བདུན་གྱི་མཛད་རྗེས་རིམ་བྱུང་བཅས་ལ་བརྟེན། དུས་རབས་བརྒྱད་པའི་སྐབས་ཀྱི་འཛམ་གླིང་བཙན་པོའི་རྒྱལ་ཁབ་གསུམ་གྱི་ཡ་གྱལ། ཨེ་ཤ་ཡྰ་ཡི་གསུམ་ཉིས་ཀྱི་ཆ་དབང་དུ་བསྡུས་མྱོང་བའི་བོད་བཙན་པོའི་རྒྱལ་རབས་བྱུང་མྱོངས་ལ། ཕྲག་དོག་དང་ཆོས་ལུགས་གྲུབ་མཐའ་བརྩད་དེ་ཆབ་སྲིད་ཀྱི་སྲོག་རྩ་ཐོར་བའི་སིལ་བའི་གནས་སྐབས་ཀྱང་བྱུང་མྱོངས། རིག་གཞུང་གཙོས་པའི་བསྟན་པའི་མེ་རོ་སྨད་ནས་གསོས་ཏེ་སྐྱེས་ཆེན་འཁྲུངས་སའི་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ཞོ་ཆགས་ཆགས་སུ་གནས་པས། དགུངས་ཉི་ཟླ་དང་སྟག་སེང་ལྟ་བུའི་སྐྱེས་ཆེན་དམ་པ་མང་པོ་རབས་དང་རིམ་པར་འཁྲུངས་པས་ལོ་རྒྱུས་ཀྱི་སྲོལ་ལམ་གསར་བ་ཕྱེས།
སྤྱི་ཚོགས་རང་སྐྱ་ཕེལ་བར་གནས་སྟངས་ལ་རིགས་གཉིས་མཆིས་ཏེ། ༡༽སྲིད་སྟོབས་ཀྱིས་ཟིན་པའི་སྤྱི་ཚོགས་དང་། ༢༽རིག་གནས་ཀྱིས་ཟིན་བའི་སྤྱི་ཚོགས། ཞེས་པ་ལས་རང་རེའི་བོད་ཀྱི་སྤྱི་ཚོགས་འཕེལ་རིམ་ནང་རིགས་དེ་གཉིས་ཀ་བརྒྱུད་མྱོངས་ཤིང་། གླང་དར་མ་གྲོངས་པ་དེ་ནི་བོད་བཙན་པོའི་ཆབ་སྲིད་སྒྲིག་འཛུགས་ཐོར་བ་ཡིན་ཀྱི་བོད་མི་རིགས་དང་བོད་ཀྱི་སྤྱི་ཚོགས་སིལ་བུར་ཐོར་བ་ནི་མ་ཡིན་པར་རང་རེའི་བོད་ཀྱི་སྤྱི་ཚོགས་འདི་དུས་དེ་ནས་རིག་གནས་ཀྱིས་གཅིག་ཏུ་ཟིན་བའི་སྤྱི་ཚོགས་སུ་གྱུར་བ་དང་། དགའ་ལྡན་ཕོ་བྲང་ཚུགས་པ་ནས་སླར་ཡང་སྲིད་སྟོབས་དང་རིགས་གནས་གཉིས་ཀས་ཟིན་པའི་སྤྱི་ཚོགས་ཀྱི་ངོ་བོར་གྱུར་ཚུལ་ལ། ​
​ལྷ་བླ་མ་ཡེ་ཤེས་འོད་༼༩༦༥-༽ནས་ས་སྐྱ་པཎ་ཆེན་༼༡༡༨༢ – ༡༢༥༡༽། དེ་ནས་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོའི་༼༡༣༥༧ – ༡༤༡༩༽་དབར་མི་ལོ་༣༨༤་ལྷག་རིང་སྔར་མཆིས་རིག་གཞུང་དག་ཐེར་ཡར་རྒྱས་དང་མཁོ་གལ་ཆེ་བ་ནང་འདྲེན་མཛད་པའི་མོད་ལ། ནང་པའི་གཞུང་གི་དཀའ་གནད་བརྡར་ཤ་བཅད་དེ་རྟེན་འབྱུང་རིག་པའི་རྣམ་བཞག་འཕགས་ཡུལ་རང་གི་མཁས་པ་ལས་ཀྱང་ལྷག་པར་ཡར་རྒྱས་བཏང་། ས་པཎ་དང་བཅས་པའི་མཁས་པ་རིམ་བྱོན་གྱིས་དབུ་བཙུགས་ཏེ་ཚད་མ་རིག་པའི་གཞུང་ལུགས་སྤེལ། རྗེ་ཙོང་ཁ་བ་ཆེན་པོ་དང་བཅས་པའི་མཁས་པ་རིམ་བྱོན་གྱིས་བདེན་གཉིས་རྟེན་འབྱུང་དང་བཅས་པའི་གནད་ཕྲ་མོའི་ཕུ་ཐག་བཅད་པས་གྲུབ་མཐའ་རེས་མེད་ཀྱི་རིགས་པའི་ཉིང་ཁུ་གཅིག་ཏུ་བསྡུས་ཏེ། དགའ་ལྡན་ཕོ་བྲང་དང་རྒྱལ་བ་པཎ་ཆེན་གཉིས་བཅས་སྲིད་ཀྱི་སྒྲིག་འཛུགས་དང་མི་རིགས་ཀྱི་དབུ་ཁྲིད་མ་ལག་གི་རྨང་རྐང་ཆགས་པས། གངས་རིའི་ལྗོངས་སུ་སིལ་ཐོར་གྱི་སྤྱི་ཚོགས་གནས་སྟངས་མཇུག་སྒྲིལ་ཏེ་སླར་གཅིག་གྱུར་གྱི་རྒྱལ་ཁམས་ཆགས།​​​​​​​སྤྱི་ཚོགས་ཀྱི་ལོ་རྒྱུས་སྔ་ཕྱི་བར་གསུམ་དུ་ཆབ་སྲིད་གནས་སྟངས་འཕོ་འགྱུར་དང་སྤྱི་ཚོགས་ལེགས་བཅོས་རིམ་པར་བྱས། སྐད་དང་ཡི་གེར་བཀས་བཅད་ལན་གསུམ་མཛད་ཅིང་། དགོངས་པ་དང་བསམ་བློ་གསར་རྙིང་འཐུས་མིན་བླང་དོར་མཛད། ཆབ་སྲིད་སྒྲིག་འཛུགས་དང་སྤྱི་ཚོགས་དོ་དམ་གྱི་ལས་དོན་ཐམས་ཅད་རང་རེའི་རིག་གནས་དང་ཆོས་ལུགས་གཅིག་ལྕོགས་ཀྱི་སྒྲིག་འཛུགས་ཏེ། དགོན་པ་སྤྱི་ཚོགས་ཀྱི་མཐའ་ཟུར་ཀུན་ཏུ་བཏབ་པས་རགས་པའི་སྤྱི་ཚོགས་སྒྲིག་གཞི་གྲུབ་ཅིང་། དགོན་ལག་དང་ལྷ་སྡེ་དབར་གྱི་འབྲེལ་ལམ་གསལ་བོ་ཆགས་པས་རང་རེའི་ཕྲ་བའི་སྤྱི་ཚོགས་ཀྱི་སྒྲིག་གཞི་གྲུབ་པར་བརྟེན་རང་རེའི་སྤྱི་ཚོགས་ཀྱི་གཞི་དབྱིབས་གསར་ཏུ་ཆགས། སྤྱི་ཚོགས་ཀྱི་གཞི་དབྱིབས་ཆགས་བྱེད་དང་ཤེས་རིག་ཡར་རྒྱས་བཅས་མཐའ་དག་བོད་ཀྱི་སྐད་དང་ཡི་གེས་ནུས་པ་ཐོན་པའི་རྟགས་མཚན་ཏུ་ངེས་ཤིང། རིག་གཞུང་གསར་བའི་དགོས་མཁོ་དུས་ལྟར་ཡིག་སྒྱུར་བྱེད་ཐུབ་ན་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་གཏོང་བར་སྐད་ཡིག་གཞན་ལ་བརྟེན་མི་དགོས་པའི་གནས་ལུགས་ཀྱང་ལོ་རྒྱུས་ཀྱིས་ར་འཕྲོད་ཅིང་བསྟན།​
སྤྱི་ཚོགས་ཀྱི་འཕེལ་ཁ་རྒྱས་ཤིང་ཡར་རྒྱས་གསར་བའི་དགོས་མཁོ་བུད་པ་དང་ལྷན། རང་རེའི་སྤྱི་ཚོགས་ཀྱི་སྒྲིག་གཞི་ཕྲ་རགས་གཉིས་ཆ་ཇེ་བརྟན་ཏུ་གྱུར། མི་འབོར་གྱི་༨༠་ནས་༩༠་%་ངག་རྒྱུན་གྱི་ཤེས་བྱ་དང་སྐད་ཆ་ཁོ་ནར་བརྟེན་འཚོ་བ་བསྐྱལ་ཞིང་ཐོན་སྐྱེད་བསྒྲུབས་པའི་ཁར། ཡིག་ཐོག་གི་སྤྱི་ཚོགས་ཀྱིས་བཅའ་ལག་དང་ཐོན་སྐྱེད་ལག་ཆ་སོགས་ཤེས་བྱ་གསར་བཏོད་བྱེད་ཐུབ་མེད་པས། རང་རེའི་སྤྱི་ཚོགས་ཡར་རྒྱས་ཀྱི་ལོ་རྒྱུས་གོམ་ཁ་རིམ་གྱིས་ཇེ་དལ་ཏུ་གྱུར། དཔལ་འབྱོར་དང་ཆོས་ལུགས་གཉིས་གང་གལ་ཆེ་ཚུལ་སོགས་རྗེས་དཔག་ཚད་མའི་སྒང་ནས་དབྱེ་བ་འབྱེད་ཐུབ་པའི་མི་འབོར་གོ་རྟོགས་ཅན་མེད་པས་དོན་མེད་ཀྱི་རྙོག་འཛིངས་ནང་ལོ་མང་པོ་འཐིམས་ཤིང་། ཕྱི་ཡི་རྒྱའ་ཁབ་མང་པོར་དེང་རབས་ཚན་རིག་ཡར་རྒྱས་ཕྱིན་ཡོད་པ་གཟིགས་པས་རྒྱལ་དབང་སྐུ་ཕྲིང་བཅུ་གསུམ་པ་ཆེན་པོའི་སྐུ་རིང་༼༡༨༧༦-༡༩༣༢༽ལ་བསླེབས་དུས། སྤྱི་ཚོགས་ལེགས་བཅོས་མི་བྱེད་ཀ་མེད་ཀྱི་གནས་སྟངས་ཆགས་ཤིང་གོང་རིམ་ནས་ལེགས་བཅོས་ཀྱི་འགོ་བཙུགས་ཏེ། དངུལ་ཁང་སྦྲགས་ཁང་ཆུ་གློག་དམག་སྦྱོང་སོགས་རྒྱལ་ཁབ་གནས་བྱེད་ཀྱི་དངོས་སྟོབས་ཆ་རྐྱེན་བསྐྲུན་སླད་དུ། བོད་ཀྱི་ཁྱད་ཆོས་སུ་དངུལ་ཁང་ཡིག་སྦྲགས་ཆུ་གློག་དམག་རྩལ་སྤྱོང་བརྡར་སོགས་དེང་རབས་ལེགས་བཅོས་གལ་ཆེན་སྣ་ཚོགས་རིམ་པར་མཛད་པ་དང་། བོད་རང་བཙན་གཙང་མ་ཡིན་པའི་ཡོངས་གྲགས་གསལ་བསྒྲགས་དུས་དང་མཐུན་པར་མཛད་ཅིང་། བོད་དབྱིན་སྐད་གཉིས་གྲོང་བའི་སློབ་གྲྭ་བཙུགས་པ་སོགས་མཛད་རྗེས་བླ་མེད་བཞག་པས། རང་རེའི་སྤྱི་ཚོགས་ལ་དུས་དང་མཐུན་པའི་མདུན་སྐྱོད་ཀྱི་ཡར་རྒྱས་གོང་འཕེལ་ཆེན་པོ་ཕྱིན་ཞིང་། འགའ་རེས་རྒྱལ་དབང་བཅུ་གསུམ་པའི་སྤྱི་ཚོགས་ལེགས་བཅོས་ལམ་འགྲོ་བྱུང་མ་ཐུབ་པར་འདོད་ཀྱང་། སྤྱི་ཚོགས་རིག་པའི་ངོས་ནས་བརྟག་ན་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་སྤྱི་ཚོགས་ལེགས་བཅོས་དེ་ཡར་རྒྱས་གལ་ཆེན་ཞིག་ཡིན་པ་ཤིན་ཏུ་གསལ་ལ། གལ་ཆེ་བ་ནི་བོད་མི་རིགས་དང་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ལ་ཕན་པའི་ལེགས་བཅོས་གཞུང་དམངས་གང་གིས་བྱས་ཀྱང་བཀག་པ་དང་འགོག་བྱེད་དུ་དྲངས་བའི་རྒྱུ་མཚན་དེའི་འབྱུང་ཁུངས་བརྟག་དབྱེ་དཔྱོད་འཇུག་གདེང་ཆུད་འཕྲིག་ཚུད་ཅིག་དགོས།
​སྤྱི་ཚོགས་ལེགས་བཅོས་ཀྱི་དམིགས་ཡུལ་མཐའ་དག་དུས་གཅིག་ཏུ་འགྲུབ་ཐབས་མེད་པར་རིམ་གྱིས་བྱེད་དགོས་པ་ཞིག་ཏུ་གདའ་ན། ཕྱི་ལོགས་སྤྱི་ཚོགས་ལ་ལམ་སྣེ་གསར་བ་ཞིག་བཏད་ཡོད་པ་དེའང་གྲུབ་འབྲས་ཤིག་ཏུ་མཐོང་གལ་ཆེ། བབ་འདིར་སྤྱི་ཚོགས་ཀྱི་ཡར་རྒྱས་བརྒྱུད་རིམ་བརྟག་དཔྱད་ཞིབ་འཇུག་ཡིན་གྱི་ལོ་རྒྱུས་ཉིད་ཀྱི་ཞིབ་འཇུག་མ་ཡིན་པས། སྐབས་དེའི་ལོ་རྒྱུས་རྒྱབ་ལྗོངས་ཞིབ་ཕྲ་ལོ་རྒྱུས་སྨྲ་བའི་རྣམ་དཔྱོད་ཅན་སྐུ་ཞབས་ཧོར་གཙང་འཇིགས་མེད་ལགས་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་པར་གཟིགས་ན་གསེར་གྱི་ཐང་མ་གདལ་གདལ་བྱས་འདུག་པས་ཤིན་ཏུ་གསལ།​​དུས་རབས་ཉི་ཤུ་བའི་སྟོད་ཙམ་ལ་བསླེབས་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་གནས་སྟངས་ནི། གངས་ལྗོངས་མདོ་སྟོད་སྨད་དབུས་གཙང་དང་བཅས་པའི་སྤྱི་ཚོགས་ཆེན་པོ་ཁྱོན་འཛམ་གླིང་ཡུལ་གྲུ་གཞན་དག་གི་གནས་སྟངས་དང་འདྲ་བར། སྤྱི་ཚོགས་དང་མི་རིགས་གྲུབ་བྱེད་ཀྱི་ཆ་རྐྱེན་ཀུན་ནས་འཛོམས་ཡོད་ནའང་སྐྱོན་མེད་པ་ཞིག་མ་ཡིན་པར། རང་གི་སྤྱི་ཚོགས་ཀྱི་ནང་སྐྱོན་ཏུ་གྱུར་བའི་གནད་དོན་དང་བྱ་བ་མང་པོ་མཆིས་མུར། སྲིད་དབང་རང་བདག་རང་འགོ་ཡི་གནས་ཚུལ་ཡུལ་གྲུ་གཞན་དག་དང་གཅིག་མཚུངས་སུ་སྣང་ཞིང་གནས་པའི་སྒང་དེར། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སྐུ་གཤེགས་ཤིང་བཅུ་བཞི་བ་ཆེན་པོ་སྐུ་འཁྲུངས་ཏེ་ལོ་འགའ་ཕྱིན་པའི་དུས་ལ་བསླེབས། ​
རང་རེའི་བོད་ཀྱི་སྤྱི་ཚོགས་འཛམ་གླིང་ཡུལ་གྲུ་གཞན་དག་དང་འདྲ་བར་དུས་དང་གནས་བབ་གཉན་ཕྲེང་ཅན་ལ་འཁེལ། ཕྱི་རྒྱལ་སྤྱིའི་ཁོར་ཡུག་ནི་འཛམ་གླིང་དམག་འཁྲུག་གཉིས་པ་མཇུག་རྫོགས་ཏེ་རྒྱལ་སྤྱིའི་གནས་སྟངས་བརྟན་བརླིངས་ཆགས་མེད་པ་དང་། ནང་རང་རེའི་བོད་ཀྱི་གནས་སྟངས་ཡང་དངོས་སྟོབས་རྒྱུ་ཤུགས་དམག་རྩལ་དེང་རབས་ཤེས་བྱ་དང་བཅས་མཐའ་འབྲེལ་རྒྱལ་ཁབ་དག་དང་བརྡུར་ན་ཤིན་ཏུ་སྐྱོ་བའི་སྐབས་ལ་ཁེལ། ༡༩༣༥་ལོའི་སྤྱི་ཟླ་༦་པའི་ནང་། རྒྱ་དམག་བཙན་བྱོལ་རྒྱང་སྐྱོད་དམག་སྡེ་བོད་མདོ་སྟོད་སྨད་གཉིས་ཀྱི་ས་ཆ་འགར་བསླེབས་སྐབས་བོད་ཀྱི་སྤྱི་ཚོགས་ཆ་རྒྱུས་མང་པོ་བླངས་ཏེ། མའོ་དང་བཅས་པའི་རྒྱ་མི་དམག་དཔོན་དག་གི་ཡིད་ལ་བོད་ཀྱི་ས་ཆ་དམག་འཐབ་ཀྱིས་བཙན་བཟུང་ལས་སླ་བོ་ཡིན་པའི་གདེང་ཚོད་སྐྱེས་བཞིན་པའི་སྐབས་དེར་བོད་པ་རྣམས་ཀྱིས་ཁོ་ཚོ་ལྟོགས་གཟེར་གྱིས་གནན་པའི་ཉམས་ཐག་གནས་སྟངས་དེར་སྙིང་རྗེ་སྐྱེས་ཏེ་ཟ་མ་སྤྱིན་པ་བཏང་སྟེ་རྒྱ་དམག་འབོར་ཆེན་འཆི་བདག་གི་ཁ་ནས་བསྐྱབས་པས། མའོ་ན་རེ། ང་ཚོ་དམར་ཤོག་ཚོགས་པའི་གསར་བརྗེ་འགོ་མཇུག་བར་གསུམ་དུ་རྒྱལ་ཁབ་གང་ལའང་བུ་ལོན་ཆད་མེད་ཀྱང་། བུ་ལོན་ཆད་ཡོད་ས་གཅིག་བུ་དེ་ནི་བོད་ཡིན་ཞེས་བཤད་མྱོང་ཚུལ་ལོ་རྒྱུས་ཡིག་ཚགས་སུ་གསལ།
​༡༩༥༠་ལོར་བསླེབས་དུས། རང་རེའི་སྤྱི་ཚོགས་ཀྱི་སྒྲིག་གཞི་ཕྲ་རགས་གཉིས་ཀ་སྔར་མུས་རང་འཇགས་སུ་གནས་ཤིང་། ཆབ་སྲིད་དང་། དཔལ་འབྱོར། གྲོང་བའི་སློབ་གསོ། མི་འབོར་གྱི་སྤུས་ཀ་བཅས་ལ་བོད་རང་ངོས་ཀྱི་ཚོགས་པ་བཞི་ཡིས་ལེགས་བཅོས་རིམ་པ་བཞི་བྱས་ཀྱང་ལམ་ལྷོངས་མ་བྱུང་པ་དང་། སྤྱི་ནོར་༧་གོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོས་སྤྱི་ཚོགས་ལེགས་བཅོས་གསར་བའི་ཇུས་གཞི་ལག་བསྟར་བྱེད་གྲབས་ཀྱི་སྒང་དེར་རྒྱ་ནག་དམར་ཤོག་ཚོགས་པའི་དམག་དཔུང་ཁྲིམས་འགལ་བཙན་འཛུལ་བསླེབས་ཁར། བོད་གཞུང་ནང་ཁུལ་གྱི་གསར་རྙིང་སྤྱི་སྒེར་རྭ་སྒྲེང་དང་སྟག་བྲག་སོགས་འཐབ་རྩོད་སྐྱུག་བྲོ་བ་མང་པོ་བྱས་རྐྱེན་གྱིས་བོད་ཀྱི་ནང་སྟོབས་ཉམས་ཏེ་སྐབས་དེའི་ཉེན་ཁ་བཟློགས་མ་ཐུབ་པར། རྒྱ་ནག་གཞུང་དང་དེའི་དམག་སྡེ་ཟུང་འབྲེལ་གྱིས་འཇིགས་སྐུལ་དང་སླུ་འགུགས་སྐྱ་གཅིག་ཏུ་ཁྲབ་ཏེ་རྒྱ་བོད་དབར་ཏུ་དོན་མཚན་བཅུ་བདུན་ཅན་གྱི་ཆིངས་ཡིག་འཇོག་དགོས་བྱུང་ཞིང། ཆིངས་ཡིག་འདིའི་སྔ་རྗེས་གང་ཡིན་ཀྱང་མདོ་སྟོད་སྨད་གཉིས་ཀྱི་དམངས་ཚོགས་སྤྱི་སྒེར་གཉིས་ཀས་རྒྱ་ནག་གི་ཆ་ཤོས་ཡིན་པར་ཁྲིམས་མཐུན་མོས་མཐུན་གྱི་ཁས་ལེན་བྱས་མྱོང་མེད་པར་ཆོལ་ག་གསུམ་གོང་བུ་གཅིག་གྱུར་ཏུ་བསྡད། དམག་སྟོབས་ཀྱི་བཙན་བཟུང་དང་དབང་སྒྱུར་ཁྲིམས་མཐུན་ཏུ་ཁས་ལེན་མི་ལེན་ནི་ཆབ་སྲིད་རིག་པའི་སྒང་ནས་གོ་དོན་ཁ་ཁ་སོ་སོ་ཡིན་ཞིང་། དབང་སྒྱུར་གྱི་ཐོབ་ཐང་ཡོད་མེད་དེ་ཡུལ་མིས་མོས་མཐུན་ངོས་ལེན་བྱས་ཡོད་མེད་ལ་ཐུག་ཡོད་པ་དེ་རྒྱལ་སྤྱིའི་ཁྲིམས་རྩར་ཆགས། ​​
རང་རེའི་གཞིས་ཀྱི་ཡོད་ཚད་སྟངས་འཛིན་བྱེད་པར་རྒྱ་ཡི་དམར་གཞུང་གིས་ཐབས་ཇུས་ལྔ་སྟེ། ༡༽མངའ་འོག་ཏུ་བསྡུ་ཆེད་དམག་ཤེད་བཙན་འཛུལ་བྱས་པ། ༢༽དབང་སྒྱུར་ཁྲིམས་མཐུན་ཅན་ཏུ་གཏོང་བྱེད་ལ་དཔལ་འབྱོར་ཡར་རྒྱས་བཏང་བ། ༣༽དབང་སྒྱུར་ཁྲིམས་མཐུན་ཏུ་གྱུར་ཡོད་མེད་ལ་མ་ལྟོས་པར་སྟངས་འཛིན་ཁྱོན་ཡོངས་སུ་བྱེད་པ། ༤༽སྟོབས་ཤུགས་རྒྱས་ཏེ་དྲག་སྤྱོད་དྲག་གནོན་ཐད་ཀར་བྱེད་པ། ༥༽བྱེས་ཀྱི་གཞུང་དམངས་ནང་སོ་ཉུལ་བཏང་ཏེ་ནང་དཀྲིགས་ཀྱིས་བོད་སྤྱི་བའི་ཆབ་སྲིད་གཞི་མེད་བཟོ་བའི་ཐབས་ཇུས་བཅས་ལག་བསྟར་བྱས་དང་བྱེད་བཞིན་པའི་གནས་ཚུལ་འོག རྩ་བ་དོར་ཏེ་ཡལ་གར་འཇུ་བ་དང་ཙན་ཏན་སོལ་བསྲེགས་ཀྱི་བརྟུལ་ཞུགས་སོགས་ལ་ཅིས་ཀྱང་གཟབ་དགོས་ཤིང་། དམག་ཤེད་མེད་ཀྱང་གནས་སྐབས་ཀྱི་དཔལ་འབྱོར་ཁེ་ཕན་གྱིས་ལོ་རྒྱུས་དང་འབྱུང་འགྱུར་གྱི་ཚབ་བྱེད་མི་རུང་ལ། ཁྲིམས་མཐུན་ཡིན་མིན་གོ་འབྱེད་བྱེད་ཀྱི་རྣམ་དཔྱོད་དང་ཡིད་ཆེས་ཡང་གལ། གཉོམ་ཆུང་འདུག་ཤེས་ན་བཙན་པོས་བསྒུལ་མི་ཚུགས་ལྟ་བུའི་གཤིས་ཀ་ལྷག་ཏུ་དགོས་ལ། རང་གཞན་ལྷ་འདྲེ་ཡི་ངོ་ཁྱད་འབྱེད་བྱེད་ཀྱི་བློ་སྟོབས་དང་སྤོབས་པའང་གལ།
​དེ་མུར་བོད་ཁ་བ་ཅན་གྱི་སྤྱི་ཚོགས་ལ་གཞི་རྩའི་འཕོ་འགྱུར་ཚབས་ཆེན་བྱུང་དང་འབྱུང་མུས་སུ་མཆིས་པ་ལས། ༡༽བོད་གཞིས་བྱེས་གཉིས་སུ་གྱེས་པ་དང་། ༢༽བྱེས་ཀྱི་བོད་གཞུང་ཆབ་སྲིད་མང་གཙོ་ཅན་ཏུ་བསྒྱུར་ཀྱང་དད་པ་ལོག་སྤྱོད་དང་ཆོལ་ཁ་གྲུབ་མཐའ་འཐེན་ཁྱེར་ཤུགས་ཆེར་ཕྱིན་པ། ༣༽ གཞིས་ཀྱི་སྤྱི་ཚོགས་སིལ་བུར་ཡང་གཏོར་དང་སྤྱི་ཚོགས་ཀྱི་གཞི་རྩ་གཅོད་བཞིན་པའི་གནས་བབ། ༤༽ བོད་གངས་ཅན་པའི་འབྱུང་འགྱུར་ལོ་རྒྱུས་ཀྱི་རྒྱུན་བསྐྱང་ཐུབ་མིན་གྱི་གནད་འགག་ལ་འཕྲད་པ། ཅེས་པའི་དོན་གནད་བཞི་ནི་བོད་ཀྱི་དེང་རབས་ལོ་རྒྱུས་གཉན་ཕྲེང་ཅན་ཏུ་གྱུར་པའི་རྟགས་མཚན་བཞིར་ངེས།

བོད་གཞིས་བྱེས་གཉིས་སུ་གྱེས།
༡༩༥༩་ལོར་སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་བཅས་བོད་ཀྱི་སྲིད་གཞུང་དང་དབུ་ཁྲིད་རྒྱ་གར་ཏུ་བཙན་བྱོལ་ཕེབས་པས། བོད་ཀྱི་དབུ་ཁྲིད་དང་སྲིད་གཞུང་གི་སྐྱབས་རྒྱ་གར་ལ་བཅོལ་དགོས་བྱུང་ཞིང་། ལུས་ལྟ་བུའི་གཞིས་ཀྱི་སྤྱི་ཚོགས་རྒྱ་ལག་ཏུ་ཤོར་བའི་གནས་སྟངས་བྱུང་བས་སྤྱི་ཚོགས་ཁག་གཉིས་སུ་མི་གྱེས་ཀ་མེད་དུ་གྱུར། གཞིས་ཀྱི་སྤྱི་ཚོགས་གནས་ཚུལ་འདི་བོད་བཙན་པོའི་རྒྱལ་སྲིད་ཐོར་ཏེ་སྤྱི་ཚོགས་སིལ་བུར་ཐོར་བའི་གནས་བབ་དང་ཅུང་མ་འདྲ་བའི་ཟོལ་མཆིས། བོད་སིལ་བུར་ཐོར་སྐབས་གཞན་གྱིས་རྐང་བཙུགས་ཏེ་མེད་པར་བཟོ་བའི་ཉེན་ཁ་མེད་པ་དང་། ད་ལྟ་རྒྱལ་ཁབ་དང་མི་རིགས་སྟོབས་ཅན་ཞིག་གིས་རྐང་བཙུགས་ཏེ་འཆར་གཞི་དང་རྒྱུ་སྟོབས་ཅི་འཐུས་ཀྱིས་རིག་གནས་དང་མི་རིགས་ཀྱི་ངོ་བོ་གཞི་རྫོགས་བྱེད་བཞིན་མཆིས་པས་བྱུང་མྱོང་མེད་པའི་ཉེན་ཁར་བཏུགས། ​​བོད་ཀྱི་གཞིས་བྱེས་གཉིས་ཀར་གནས་སྐབས་དཀའ་ངལ་འཕྲད་བཞིན་པ་བདེན་ཡང་དཀའ་ངལ་གྱི་རྒྱ་ཆེ་ཆུང་དང་། ཤུགས་རྐྱེན་གྱི་ཚད་མཚམས་ག་རེ་ཞིག་ཏུ་བསླེབས་ཡོད་པ་རྟོགས་སླ་ནའང་ཕྱོགས་ག་རེ་ཞིག་ཏུ་འགྱུར་སྲིད་པ་སོགས་དཔོག་དཀའ་བར་སྣང་། བོད་མི་རིགས་ཀྱི་དབུ་ཁྲིད་དང་སྲིད་གཞུང་སྟེ་བྱེས་ཀྱི་གོང་ས་མཆོག་དང་གཞུང་དམངས་གཉིས་ཀྱིས་བོད་ཀྱི་དེང་རབས་སྤྱི་ཚོགས་ཀྱི་མིག་དཔེ་མཚོན་བཞིན་པ་དང་། བོད་མི་རིགས་ཀྱི་གཞི་རྩ་སྟེ་གཞིས་ཀྱི་སྤྱི་ཚོགས་འཕོ་འགྱུར་འགྲོ་ཕྱོགས་རང་ལག་ཏུ་ཟིན་མེད་པས་ཉེན་ཁ་ཆེ་ཤོས་སུ་ཆགས་འདུག འཕོ་འགྱུར་འགྲོ་ཕྱོགས་རེ་རེ་ནས་སྤྱི་ཚོགས་རིག་པའི་གཞུང་དང་སྦྱར་ཏེ་བརྟག་དབྱེ་དཔྱོད་འཇུག་བརྒྱུད་འཇིག་ཉེན་གྱི་རྒྱུ་རྐྱེན་རེ་རེ་ག་རེ་ཡིན་པ་རྟོགས་དགོས་རྒྱུ་དེ་སྐོམ་པ་ཆུ་འདོད་ཀྱི་ཚུལ་དུ་སྣང་།
བྱེས་ཀྱི་བོད་གཞུང་ཆབ་སྲིད་འགྲོ་སྟངས་དམངས་གཙོ་ཅན་ཏུ་འཕེལ་བ།
སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བཙན་བྱོལ་གཞུང་མང་གཉིས་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན། བོད་ཀྱི་ཆབ་སྲིད་རྩ་དོན་འཛམ་གླིང་ཀུན་ཏུ་ཁྱབ་བཅུག་པ་དང་ལྷན་རྒྱལ་སྤྱིའི་རྒྱབ་སྐྱོར་རྒྱ་ཆེན་པོ་ཐོབ་ཅིང་། སྲོལ་རྒྱུན་རིག་གནས་ཀྱི་ཉིང་རྐང་འཛམ་གླིང་རྩེ་ཕུད་ཚན་རིག་དང་སྣེ་མཐུད་པས་དེང་རབས་ཅན་ཏུ་བསྐྱོད་ཆོག་ཆོག་ཏུ་མཛད་ཡོད་པ་བཅས་བོད་གཅིག་གྱུར་གྱི་སྤྱི་ཚོགས་ཡར་རྒྱས་ལ་གོ་སྐབས་གསར་བའི་སྐྱ་རིངས་བསུ་གྲབས་ཆ་འགྲིགས་སུ་བསྐྲུན་ཞིང་། ཆབ་སྲིད་ཀྱི་ལམ་ལུགས་རྙིང་བ་ལེགས་བཅོས་བྱས་སྟེ་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་གྱི་མཇུག་དྲིལ་ཞིང་མང་གཙོ་གཙང་མའི་ལམ་དུ་ཆས་པའི་གྲུབ་འབྲས་འདི་དག་ལ་བསམ་བློ་ཞིབ་ཏུ་བཏང་ན། བོད་རང་ས་ནས་དུས་ཐུང་ཐུང་ནང་འདི་འདྲ་འཁྱོངས་དཀའ་བས་བཙན་བྱོལ་ཏུ་ཕེབས་པ་དེ་རྐྱེན་ངན་གྲོགས་སུ་ཤར་བའི་སྣང་བའང་སྐྱེས།
​སྤྱིར་བོད་ལ་མང་གཙོ་གལ་ཆེ་ནའང་བཙན་བྱོལ་སྤྱི་ཚོགས་ཀྱི་མི་འབོར་ཕལ་ཆེ་བའི་གོ་རྟོགས་སྤུས་ཀ་ཤིན་ཏུ་དམའ་བས། མང་གཙོ་དད་པའི་དབང་དུ་སོང་སྟེ་ཆབ་སྲིད་ཀྱི་ཁ་ཕྱོགས་ཐབས་རྡུགས་སུ་གྱུར་དང་འགྱུར་བཞིན་པ་འདི་མང་གཙོ་ཡང་དག་ཏུ་འགྲོ་མི་ཐུབ་པའི་སྔ་ལྟས་སུ་མཐོང་། མང་གཙོ་གཙང་མའི་ལམ་ཀ་དེ་མི་རིགས་གང་དེའི་མི་འབོར་གྱི་༩༠%་སློབ་གསོ་ཐོབ་ཚད་འཛིན་གྲྭ་བཅུ་གཉིས་བ་མཐར་ཕྱིན་པའམ་མཐོ་སློབ་མཐར་ཕྱིན་པ་ཡིན་ན། སྤྱི་ཚོགས་ཀྱི་ལམ་ཕྱོགས་ག་རེ་ཡིན་པ་འགོ་ཚེས་ཤིང་ཕྱོགས་གང་ལ་རྒྱབ་སྐྱོར་བྱེད་པ་རྒྱུ་མཚན་དང་ལྡན་པའི་ངང་འགྲོ་ཐུབ་པས། མི་འབོར་གྱི་སློབ་གསོའི་ཆ་སྙོམ་ཆུ་ཚད་སློབ་ཆུང་ལོ་རིམ་བཞི་བ་དང་ཆབ་སྲིད་གོ་རྟོགས་ཤིན་ཏུ་དམའ་བའི་སྤྱི་ཚོགས་ནང་མང་གཙོ་གཙང་མ་ལམ་ལྷོངས་འོངས་དཀའ་འམ་མི་ཐུབ། ​​​
མང་གཙོ་ལ་དབུ་ཁྲིད་ཀྱིས་མང་གཙོའི་རྩ་བ་ལྟར་སྤྱི་ཚོགས་སྣེ་ཁྲིད་དོ་དམ་བྱེད་སྟངས་ཤིག་དང་། མང་ཚོགས་རང་ནས་སྤྱི་ཚོགས་ཀྱི་ལམ་ལུགས་དང་འགྲོ་ཕྱོགས་གྲོས་མོལ་བརྒྱུད་དེ་ཐག་གཅོད་བྱེད་སྟངས་ཤིག་སྟེ་རིགས་གཉིས་མཆིས་པས། གནས་སྐབས་བོད་ཀྱི་སྤྱི་ཚོགས་ལ་མང་གཙོ་ལུགས་སྔ་མ་འོས་ཤིང་རིམ་གྱིས་མི་འབོར་གྱི་སྤུས་ཀ་ཚད་དུ་བསླེབས་ཚེ་མང་གཙོ་ཕྱི་མ་ལག་བསྟར་བྱས་ན་དོན་དང་ལྡན་པ་འོངས་ཐུབ་ཅེས་པའི་སྙམ་པའང་འཆར། རང་རེ་བོད་ཀྱི་མང་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་ཐད་རྩོད་པ་བྱུང་བ་མ་ཡིན་པར། དད་པ་དང་ས་ཕྱོགས་འཐེན་ཁྱེར་གཞི་བྱས་ཏེ་དོན་མེད་ཀྱི་རྩོད་པ་མང་པོ་བྱུང་དང་འབྱུང་བཞིན་པ་མངོན་སུམ་དུ་གདའ་ཚུལ་འདི་དམངས་ཚོགས་ལ་མང་གཙོ་ལག་བསྟར་གྱི་ཤེས་ཡོན་དང་གོ་རྟོགས་ཆ་རྐྱེན་མ་ཚང་བའི་རྟགས་མཚན་ཏུ་ངེས་ཤིང་། རྨོངས་དད་ཆབ་སྲིད་དུ་འདྲེས་པ་ནི་མང་གཙོའི་ཆབ་སྲིད་བརླག་བྱེད་ཀྱི་རྒྱུ་ཡིན་པའང་གོ་དགོས། ནང་པའི་དད་པ་དང་དགོངས་པ་ལག་ལེན་གཙོས་པའི་རང་རེའི་སྤྱི་ཚོགས་འདི་ལ་སྤྱི་ཚོགས་སྐྱོང་བྱེད་ཀྱི་ལམ་ལུགས་ག་འདྲ་ཞིག་འོས་ཚུལ་ལ་ཚོགས་པ་སྣ་ཚོགས་བཙུགས་ཏེ་རིགས་ལམ་སྣ་མང་གི་སྒང་ནས་རྩོད་པ་བྱས་པ་ཡིན་ན་ཆབ་སྲིད་བློ་བསྐྱེད་ཅིག་འཕེལ་སྲིད། དེ་ལྟ་མ་ཡིན་པར་གྲུབ་མཐའ་དང་ས་ཕྱོགས་རྩོད་པ་རང་རིགས་ཉམས་བྱེད་ཀྱི་རྒྱུ་རུ་འགྲོ་བ་ལས་ཕན་བྱེད་ཀྱི་རྒྱུ་གཞན་གང་ཡང་མ་ཡིན་པ་ཤིན་ཏུ་གསལ།

གཞིས་ཀྱི་སྤྱི་ཚོགས་སིལ་བུར་ཡང་གཏོར་དང་སྤྱི་ཚོགས་ཀྱི་གཞི་རྩ་གཅོད་བཞིན་པའི་གནས་བབ།
ཆེན་པོ་ཆུང་ངུར་བཟོ་བ་དང་ཆུང་ངུ་གཞི་མེད་བཟོ་བ་ཞེས་པའི་ཆབ་སྲིད་ཀྱི་གཡོ་སྒྱུ་འོག རང་རེའི་གཞིས་ཀྱི་སྤྱི་ཚོགས་གཅིག་གྱུར་ཅན་སིལ་བུར་གཏོར་བའི་གནས་སྟངས་ནི། དབུས་གཙང་བོད་རང་སྐྱོང་ལྗོངས་ཞེས་མངའ་སྡེ་རིམ་པའི་འཛིན་སྐྱོང་སྲིད་རིམ་ཏུ་བཀར་བ་དང་། མདོ་སྟོད་སྨད་གཉིས་རྒྱ་ཡི་མངའ་སྡེ་བཞི་ཡི་ནང་སིལ་བཅད་ཀྱིས་སྲིད་རིམ་དམའ་རུ་བཏང་སྟེ། མདོ་སྟོད་ཕལ་ཆེར་སི་ཁྲོན་དང་ཡུན་ནན་ཞེས་པ་གཉིས་ཀྱི་མངའ་འོག་ཏུ་བཅུགས་ཤིང་། མདོ་སྨད་ཕལ་ཆེར་མཚོ་སྔོན་དང་ཀན་སུའུ་ཞེས་པ་གཉིས་ཀྱི་མངའ་འོག་ཏུ་བཅུགས། ཡང་མདོ་སྨད་ཀྱི་རྔ་བ་སི་ཁྲོན་གྱི་མངའ་འོག་ཏུ་བཅུགས་པ་དང་མདོ་སྟོད་ཀྱི་ཡུལ་ཤུལ་མཚོ་སྔོན་གྱི་མངའ་འོག་ཏུ་བཅུགས་པའང་མཆིས། ​​​​​
རང་སྐྱོང་ལྗོངས་༼ཞིང་ཆེན་དང་མཉམ་པའི་སྲིད་རིམ་ཡིན་པས་རྒྱ་ནག་དབུས་གཞུང་གིས་ཐད་ཀར་ཐེ་གཏོགས་སྟངས་འཛིན་བྱེད་བཞིན་པ༽དང་། རང་སྐྱོང་ཁུལ་༼རྒྱ་ནག་གི་ཞིང་ཆེན་རིམ་པ་དང་རྫོང་རིམ་པའི་བར་ཏུ་གནས་པའི་སྲིད་རིམ་ཞིག་ཏེ་དབུས་གཞུང་དང་ཞིང་ཆེན་སྲིད་གཞུང་གཉིས་ཀས་ཐེ་གཏོགས་དང་སྟངས་འཛིན་བྱེད་བཞིན་པ༽། རང་སྐྱོང་རྫོང་བཅས་སྲིད་གཞུང་རིམ་པ་རིགས་གསུམ་དུ་བགོས་ཏེ་དབང་ཚད་མ་འདྲ་བའི་གནས་སྟངས་འོག་སྟངས་འཛིན་དོ་དམ་བྱེད་བཞིན་པ། འདི་སྲིད་བྱུས་ཡུལ་བསྟུན་གྱི་དབང་ཚད་ཆེ་ཆུང་ལ་ཐུག་ཡོད་པས་སྲིད་བྱུས་ལག་བསྟར་གྱི་ཤེད་ཤུགས་དང་འཕོ་འགྱུར་གཏོང་སྟངས་བཅས་གནས་ཚུལ་མ་འདྲ་བ་བྱུང། མངའ་སྡེ་སོ་སོའི་འགོ་ཁྲིད་དང་སྤྱི་ཚོགས་ཆ་རྐྱེན་བཟང་ངན་ལ་ཁྱད་པར་མཆིས་པས། སྲིད་བྱུས་བཟང་ངན་ལག་བསྟར་བྱེད་ཚད་ལ་ཁྱད་པར་བྱུང་མཐར་བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་འགྲོ་སྟངས་གནས་ཚུལ་ཐ་དད་ཅིང་ཁྱད་པར་མང་པོ་བཟོ་བཞིན་པའི་གནས་སྟངས་འོག སྔར་མཆིས་པའི་གཞིས་ཀྱི་སྤྱི་ཚོགས་སྒྲིག་གཞིའི་སྟེང་རྒྱ་གཞུང་གིས་སྲིད་གཞུང་གསར་བའི་མ་ལག་བཙན་གྱིས་བསྣན་ཏེ་སྤྱི་ཚོགས་སྒྲིག་གཞི་འཕར་མ་བྱུང་བས་གཞིས་ཀྱི་སྤྱི་ཚོགས་ལ་སྒྲིག་གཞི་རིགས་གཉིས་གྲུབ་ཅིང་། རང་རེའི་སྔར་ཡོད་སྤྱི་ཚོགས་སྒྲིག་གཞི་རིམ་གྱིས་ནུས་མེད་བཟོ་བཞིན་མཆིས། ​གཞིས་ཀྱི་རགས་པའི་སྤྱི་ཚོགས་སྒྲིག་གཞིར་མངོན་གསལ་གྱི་ཉེན་ཁ་ཆེན་པོ་ད་ལྟ་མེད་ཀྱང་། ཕྲ་བའི་སྤྱི་ཚོགས་ཀྱི་སྒྲིག་གཞིར་འཕོ་འགྱུར་བྱུང་དང་འབྱུང་བཞིན་པའི་སྒང་ལ་འཁེལ་འདུག ཕྲ་རགས་ཀྱི་སྤྱི་ཚོགས་སྒྲིག་གཞི་གཉིས་ཀ་ཕན་ཚུན་རྟེན་ཅིང་འབྲེལ་ཏེ་གྲུབ་པས། ཕྲ་བའི་སྤྱི་ཚོགས་སྒྲིག་གཞིའི་འཕོ་འགྱུར་ཚད་ངེས་ཅན་ཞིག་ཏུ་བསླེབས་ཚེ་རགས་པའི་སྤྱི་ཚོགས་སྒྲིག་གཞི་གྲུབ་བྱེད་ཀྱི་རྨང་གཞི་ལ་ཉེན་ཁ་འཕྲད་ངེས། ཉེན་ཁ་དེ་འབྱུང་བྱེད་ལ་སློབ་གྲྭ་འགྲིམས་༼སློབ་དེབ་ཀྱི་ནང་བོད་ཀྱི་རིག་གནས་དང་ཤེས་བྱ་༡༥%་ནས་༢༥%་ལས་ལྷག་ཡོད་མི་ཆོག་པའི་སྲིད་བྱུས་དང་། ཆབ་སྲིད་ཀྱི་དབང་གིས་སློབ་གྲྭའི་དམིགས་ཡུལ་ཀྱང་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་སུ་གཏོང་བྱེད་དུ་མ་གྱུར་བར་མི་རིགས་ཀྱི་ངོ་བོ་བསྒྱུར་བའམ་མི་འབོར་ནུས་མེད་ཅན་གསོ་སྐྱོང་གི་ལག་ཆར་གྱུར།༽་པ་དང་། བོད་པ་རྣམས་ཚོང་རའི་དཔལ་འབྱོར་གདོང་ལེན་གྱི་མ་རྩ་མེད་པ་དང་ནུས་པ་གསོ་སྐྱོང་བྱས་མེད་པས་། རང་རེའི་རིག་གནས་ལས་སྨན་གཞུང་མ་གཏོགས་གཞན་ཆ་ཚང་མཐོང་མེད་པར་བཟོ་བཞིན་པ། རྩ་འཛུགས་ཡོད་པའི་སྒང་ནས་རྐང་བཙུགས་ཏེ་རང་རེའི་ལོ་རྒྱུས་བཟོ་བཅོས་རྒྱག་བཞིན་པ། སྲིད་གཞུང་གི་སྤྱི་ཚོགས་སྣེ་ཁྲིད་ཕྱོགས་བཅས་རྒྱུ་རྐྱེན་མང་པོ་བརྒྱུད་དེ་ངན་ཇུས་ཀྱི་འབྲས་བུ་རིམ་གྱིས་སྨིན་བཞིན་པ་མཐོང་སླ། གཞིས་ཀྱི་སྤྱི་ཚོགས་ངོ་བོ་མ་འགྱུར་བར་གནས་ཐུབ་མིན་དེ་ཕྲ་རགས་ཀྱི་སྤྱི་ཚོགས་སྒྲིག་གཞི་ག་ཚད་གནས་ཐུབ་མིན་ལ་རེག་ལས་པས་སྤྱི་ཚོགས་སྒྲིག་གཞི་གྲུབ་བྱེད་ཀྱི་རྒྱུ་རྐྱེན་དང་དེ་དག་དབར་གྱི་འབྲེལ་བའི་འཕོ་འགྱུར་ཞིབ་འཇུག་གལ་ཆེར་སྣང་། ​​​​​​​​
བོད་པ་དཀྱུས་མ་ཚུན་ཆད་ཀྱིས་རང་རང་གི་སྤྱི་ཚོགས་ཉེན་ཁར་བཏུགས་ཡོད་པ་རྟོགས་ཏེ། དུས་རབས་སྔོན་མའི་ལོ་རབས་༥༠་བ་ནས་༢༠༢༠་ལོའི་མཇུག་བར་གཞིས་ཀྱི་མི་དམངས་དང་སྐྱེས་ཆེན་དམ་པ་མང་པོས་ངོ་རྒོལ་དང་ཐབས་ཇུས་སྣ་ཚོགས་ཀྱིས་བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་དེ་བོད་རང་གི་མངོན་འདོད་ལྟར་ཟིན་ན་སྙམ་པའི་རེ་བ་བཅིངས་ཤིང་། ལྷག་པར་དུ་ལོ་རབས་༨༠་བའི་མཇུག་ནས་བཟུང་ཉེན་ཁ་རིམ་གྱིས་ཚབས་ཆེར་ཕྱིན་པས་ངོ་རྒོལ་རབས་དང་རིམ་པ་མང་པོ་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་ལས། ས་བྱི་ལོའི་ཞི་རྒོལ་ཆེན་མོ་དང་དེ་རྗེས་ཀྱི་རང་ལུས་མེ་བསྲེགས་ཀྱི་ངོ་རྒོལ་གཉིས་ནི། བོད་ཀྱི་དེང་རབས་ལོ་རྒྱུས་ནང་མདོ་སྟོད་སྨད་དབུས་གཙང་གཅིག་གྱུར་གྱི་མི་རིགས་ངོ་བོ་དང་ཆབ་སྲིད་ཀྱི་ཐོབ་དབང་བརྩོན་ལེན་ཏུ་ཆགས་པར་མ་ཟད། རྒྱལ་སྤྱིའི་ནང་བོད་ཅེས་པ་ནི་མདོ་སྟོད་སྨད་དབུས་གཙང་གོང་བུ་གཅིག་ཏུ་གྲུབ་པའི་གོ་དོན་ཞིག་ཡིན་པར་ར་འཕྲོད་བྱུང་ཞིང་། རྒྱ་ཡི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་སྲོག་དང་ཁྲག་གི་འཐབ་རྩོད་ཤུགས་རྐྱེན་ཕྱོད་ཆེར་བསྐྱེད་རྒྱུ་གལ། ​

སྤྱི་ཚོགས་སྒྲོམ་གཞིའི་འཕོ་འགྱུར།
བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་དང་དཔལ་འབྱོར་གནས་སྟངས་ཁྱོན་ཡོངས་ནས་རྒྱ་ཡི་དེང་རབས་ཅན་ཞེས་པའི་འཁོར་ཆེན་པོའི་ནང་བཅུག་པས། བོད་མི་དམངས་ཀྱི་མངོན་འདོད་དང་གཞི་ནས་རྒྱབ་འགལ་དུ་གྱུར་བའི་སྤྱི་ཚོགས་འཕོ་འགྱུར་སྣ་ཚོགས་བཟོས་ཤིང་། རང་ཁ་རང་གསོ་དང་ལྷང་འཇགས་ལྷོད་ཡངས་ཀྱི་འཚོ་བ་དང་རོང་འབྲོག་གི་ལག་བཟོའི་ཐོན་སྐྱེད་སྒྲུབ་སྟངས་ཚོང་རའི་དཔལ་འབྱོར་ནང་བཅུག་པ་དང་། ཆོས་དད་ཀྱི་འཚོ་བ་དངོས་གཙོ་ཁེ་སྒྲུབ་གཙོས་པའི་འགྲོ་སྟངས་ཅན་ཏུ་སྒྱུར་བ། བོད་མི་རིགས་ཀྱི་ངོ་བོ་བརྟན་ཆགས་བྱ་བ་དང་ཆོས་དད་རང་དབང་ལ་བཀག་རྒྱ་མང་པོ་བཟོས་པ། རྒྱ་ཡི་འདོད་པ་ལྟར་བོད་ཀྱི་སྤྱི་ཚོགས་ལ་འཕོ་འགྱུར་བཟོས་པས་འགལ་བ་སྣ་ཚོགས་སྐྱ་བཏབ་ཏེ་མདུན་ཏུ་ལྷགས་ཤིང། དེང་རབས་ཅན་ཏུ་སྒྱུར་བ་དེ་ལས་བོད་ཀྱི་དམངས་ཚོགས་ལ་ཁེ་ཕན་མ་རེག་པར་མ་ཟད། ༡༩༥༡་ལོ་ནས་༡༩༧༩་ལོའི་བར་རང་སྐྱོང་སྲིད་གཞུང་རིམ་པར་བཙུགས་བ་དང་ལྷན་སྤྱི་ཚོགས་བཅོས་སྒྱུར་སྣ་ཚོགས་བརྒྱུད་དེ་རྒྱ་ཡི་དབང་བསྒྱུར་ཁྲིམས་མཐུན་ཅན་ཏུ་བཟོ་ཇི་ཐུབ་དང་། བོད་ཀྱི་སྤྱི་ཚོགས་སྒྲིག་གཞི་རྒྱའི་སྤྱི་ཚོགས་ནང་རྡོ་ཆག་བཙན་བསྒྲིགས་ཀྱིས་སྤྱི་ཚོགས་སྒྲིག་གཞི་ཡི་སྒང་ནས་བོད་མི་མང་དང་རྒྱའི་དབུས་གཞུང་དབར་གྱི་འབྲེལ་བ་བཅས་འཕོ་འགྱུར་ཆེན་པོ་བཏང། ​​​
༡༩༨༠་ནས་༡༩༩༠་ལོ་བར་རྩྭ་ས་དང་ཞིང་ས་ཁྱིམ་བགོས་བྱས་པས་བོད་དམངས་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་ནའང་། ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གིས་༡༩༨༧་ལོའི་སྤྱི་ཟླ་༣་པའི་ཚེས་༢༨་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྟེང་བོད་དུ་རང་སྐྱོང་གཙང་མ་ལག་བསྟར་མེད་པ་ཁ་གསལ་བོ་གསུང་ཟིན། ཚོང་རའི་དཔལ་འབྱོར་སྤེལ་ཏེ་དེང་རབས་ཅན་གྱི་གོམ་ཁ་ཇེ་མགྱོགས་སུ་བཏང་བས། གཞིས་ཀྱི་ཆབ་སྲིད་རྨང་གཞི་དང་དཔལ་འབྱོར་སྒྲུབ་ལུགས་སྤྱི་ཚོགས་ཀྱི་སྒྲིག་གཞི་བཅས་གཏོར་ཇི་ཐུབ་བྱས་ཏེ་རྒྱ་ཡི་སྲིད་འགྲིག་གསར་བ་བཙུགས་ཤིང་། ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་ཡར་རྒྱས་ཟུང་འབྲེལ་གྱིས་རྒྱ་ཡི་དབང་སྒྱུར་ཁྲིམས་མཐུན་ཅན་ཏུ་སྒྲུབ་པ་མཐར་ཐུག་གི་དམིགས་ཡུལ་དུ་བཅིངས། བོད་པ་དམངས་ཚོགས་རང་ཡུལ་༼དཔལ་འབྱོར་གྱི་སྒང་༽ནས་མི་སེར་ཕལ་བར་གྱུར་བའི་གནས་སྟངས་རྟོགས་པ་ནི་༢༠༠༨་ལོའི་ཞི་རྒོལ་ཆེན་མོའི་རྒྱུ་རྐྱེན་གཙོ་བོར་ཆགས་འདུག་པ་རྒྱ་གཞུང་གིས་མཐོང་མ་འདོད་པར་དྲག་གནོན་བྱེད་བདེ་སླད་ཁ་བྲལ་པའི་ནག་ཉེས་གཡོག ​​
༢༠༠༨་ལོ་ནས་བཟུང་རྒྱ་ནག་དབུས་གཞུང་དང་ས་གནས་སྲིད་གཞུང་གཉིས་ཀས་བོད་མི་རིགས་དགྲ་ཕྱོགས་སུ་བཟུང་སྟེ་མདོ་སྟོད་སྨད་གཉིས་ཀྱི་བོད་པ་དབུས་མཇལ་ཕེབས་མཁན་ཀྱི་ཕོ་མོ་རྒན་གཞོན་དབྱེར་མེད་དུ་ས་གནས་སྲིད་གཞུང་གི་ལམ་ཡིག་དགོས་ཚུལ་གྱི་ཇུས་ངན་བསྟར་ཏེ་བོད་པ་རང་ཡུལ་ནས་ཕར་འགྲོ་ཚུར་འོང་བཀག་བསྡོམས་ཀྱིས་སྤྱི་ཚོགས་འབྲེལ་ལམ་གཅོད་ཐབས་བྱས་ཤིང་། ༢༠༢༡་ལོའི་དབར་མཐོ་སློབ་རྒྱུགས་སྤྲོད་སློབ་མའི་ནང་མི་གང་རུང་ཞིག་ཞི་རྒོལ་ཆེན་མོའི་ནང་ཞུགས་ཡོད་ཚེ་མཐོ་རྒྱུགས་སྤྲོད་མི་ཆོག་པའི་ལྐོག་ཇུས་ལག་བསྟར་བྱེད་བཞིན་པ་དང་། ༢༠༠༨་ལོར་བཙོན་བཅུག་བྱས་ཤིང་ལོ་འགའི་རྗེས་བཙོན་གྲོལ་ཐོབ་མིར་དམངས་ཚོགས་རང་མོས་ཀྱིས་འཚམས་འདྲིར་ཕྱིན་པ་ཐོས་ཚེ་ཉེས་ཆད་གཅོད་པ་དང་། དེ་བཞིན་སྐྱོབ་གསོ་དང་ལས་བྱེད་བསྡུ་ལེན་སོགས་ཁེ་དབང་གཞན་ཐམས་ཅད་བཀག ལྐོག་ཇུས་འདི་མདོ་དབུས་ཁམས་གསུམ་གཅིག་གྱུར་ཏུ་ལག་བསྟར་བྱེད་བཞིན་པ་དང་། དབུས་ཀྱི་ལས་བྱེད་ངལ་གསོ་བྱས་དང་མ་བྱས་པ་ཐམས་ཅད་མཆོད་མཇལ་མཐའ་གཅིག་ཏུ་བཀག་པས་མང་ཆེ་ཤོས་མདོ་སྨད་དུ་མཆོད་མཇལ་ཕེབས་བཞིན་པ་དང་། ད་ལྟ་མདོ་སྨད་དུའང་མཆོད་མཇལ་འགོག་པའི་ལྐོག་ཇུས་དེ་ལག་བསྟར་བྱེད་བཞིན་པའི་སྒང་འཁེལ་འདུག
​རྒྱ་ཡིས་བོད་དུ་བཙུགས་པའི་སྲིད་གཞུང་རིམ་པ་སོ་སོའི་འབྲེལ་ལམ་གྱིས་གྲུབ་པའི་སྤྱི་ཚོགས་སྒྲིག་གཞི་འཕར་མ་དེ་ཤུགས་ཇེ་ཆེ་དང་རྩ་བ་ཇེ་བརྟན་ཏུ་གྱུར་བ་དང་ལྷན། བོད་ཀྱི་མི་རབས་གསར་བ་དང་རྒྱ་གཞུང་དབར་གྱི་འགལ་བ་གསར་བ་དང་གནད་དོན་གསར་བ་མང་པོ་བྱུང་ཞིང་། གཞི་རྒྱ་ཆེ་བའི་སྤྱི་ཚོགས་སྒྱུར་བཀོད་དང་༼བོད་དང་༽འབྲེལ་མེད་ཀྱི་ཡར་རྒྱས་ཀྱིས་བོད་བོད་ཡུལ་དང་རྒྱ་རྒྱ་ཡུལ་ཞེས་པའི་གོ་ཕྱེས་ཤིང་། བོད་ཡུལ་དུ་བསྒྲུབས་པའི་དེང་རབས་ཅན་ཞེས་པ་དེའང་བོད་ཀྱི་མངོན་འདོད་ལྟར་སྒྲུབ་པ་ཞིག་མ་ཡིན་པར། རྒྱ་ཡི་གཏམ་དཔེ་ཞིག་ཏུ། སྦལ་པ་ཆུ་འཇམ་ནང་རིམ་གྱིས་འཚོད། (a frog in boiling water) ཅེས་པའི་གཡོ་ཇུས་ཅན་གྱི་བརྒྱུད་རིམ་ཞིག་ཏུ་གྱུར་འདུག་པ་ཤིན་ཏུ་གསལ་ཞིང་། ས་བྱི་ལོའི་ཞི་རྒོལ་ཆེན་མོའི་ནང་ཞུགས་མཁན་ཕལ་ཆེ་བ་ལོ་ན་༢༠་ཅན་དང་༣༠་ཅན་གྱི་བོད་པ་ཡིན་པས་དེ་དག་ལ་དཀའ་ངལ་འཕྲད་ཕྱོགས་མང་པོ་མཆིས་ཀྱང་གལ་ཆེ་ཤོས་སློབ་གསོས་བཟོས་པའི་མི་ཚེའི་མདུན་ལམ་རེ་མེད་དུ་གྱུར་བའི་སྒང་ནས་བྱུང་། ​​​​​​​
ས་བྱི་ལོའི་ཞི་རྒོལ་ཆེན་མོ་བྱུང་རྗེས༡་གཞིས་ཀྱི་རྒྱ་བོད་དབར་གྱི་སྤྱི་ཚོགས་འབྲེལ་བ་དེ་ཆབ་སྲིད་དཀའ་རྙོག་ཁོ་ན་མ་ཡིན་པར། སྲིད་རིམ་སོ་སོའི་སྤྱི་ཚོགས་མ་ལག་གི་ངོས་ནས་གཞི་རྩའི་འཕོ་འགྱུར་བྱུང་ཞིང་། དམངས་ཚོགས་དཀྱུས་མའི་དབར་གཏིང་རིམ་ནས་ཞེ་ཐག་ཇེ་རིང་དུ་ཕྱིན་པའི་ཁར། སྤྱི་ལོ་༢༠༡༥་པ་ནས་རྒྱ་རིགས་ཆེན་པོ་ཞེས་པའི་མི་རིགས་རིང་ལུགས་ཤུགས་ཆེར་འཕེལ་བ་དང་ལྷན། བོད་དང་བཅས་པའི་མི་རིགས་གྲངས་ཉུང་དག་ལའང་དེ་དང་དེ་བཞིན་གྱི་་མི་རིགས་རིང་ལུགས་དྲན་སྐུལ་བྱས་པས་རང་རང་གི་མི་རིགས་ལ་རྒྱ་འཕེལ་བའི་གོ་སྐབས་བྱུང་ནའང་། རང་གི་ངོ་བོའི་སྒང་ནས་སྤྱི་ཚོགས་ཡར་རྒྱས་འགྲོ་བྱེད་ཀྱི་ལམ་ག་ཕྱོགས་ཡོངས་ནས་བཀག
སློབ་གསོའི་དཀའ་ངལ།
༢༠༠༧་ལོའི་བསྡོམས་རྩིས་ལྟར་ན། གཞིས་ཀྱི་མི་འབོར་ཆ་སྙོམས་སློབ་གསོ་ཐོབ་ཚད་ནི་སློབ་ཆུང་ལོ་རིམ་བཞི་བ་ཙམ་ལས་ཕྱིན་མེད་པས་རྒྱ་སྐད་རྒྱ་ཡིག་གི་ཚོང་རའི་དཔལ་འབྱོར་ནང་འགྲན་བྱེད་ཀྱི་འཇོན་ཐང་དང་ནུས་པ་མེད་པར་གྱུར་བར་མ་ཟད། སློབ་གྲྭ་ནས་མཐར་ཕྱིན་པའི་བོད་ཀྱི་གཞོན་སྐྱེས་མང་པོ་རྒྱ་བོད་གཉིས་ཀའི་སྤྱི་ཚོགས་ནང་བེད་མེད་ནུས་མེད་དུ་གྱུར་བས་དཀའ་ངལ་སྤྲད་འདུག།
​དགེ་རྒན་སྤུས་དག་ཅན་དཀོན་པ་དང་སློབ་གསོའི་སྤུས་ཀ་ཡར་རྒྱས་འགྲོ་དཀའ་བ་གཞིས་ཀྱི་སློབ་གསོ་ཡར་རྒྱས་མེད་པའི་རྒྱུ་རྐྱེན་གཙོ་བོ་གཉིས་ཀྱི་སྟེང་བསླབ་དེབ་ཀྱི་ནང་དོན་སྟངས་འཛིན་བྱས། ལོ་རབས་དགུ་བཅུ་བའི་དཀྱུལ་ཙམ་ནས་མི་རིགས་གཞན་པ་འབོར་ཆེན་བོད་དུ་གནས་སྤོར་དང་ཚོང་ལས་སྒྲུབ་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་པས་རྒྱ་དང་བཅས་པའི་མི་རིགས་གཞན་པ་བོད་ཀྱི་སྤྱི་ཚོགས་ནང་བསླེབས་པས་རྒྱའི་སྲིད་དབང་བོད་ཀྱི་གཞི་རིམ་སྤྱི་ཚོགས་ནང་ཇེ་བརྟན་ཏུ་གྱུར་ཅིང་། བོད་པའི་གཞོན་སྐྱེས་འབོར་ཆེན་རྒྱ་ནང་དུ་སློབ་སྦྱོང་སྤྲད་པ་དང་ལྷན་བོད་ཀྱི་རྨང་གཞིའི་སློབ་གསོ་ཡི་བསླབ་དེབ་ནང་རྒྱ་ཡི་རིག་གནས་༧༥་% ནས་༨༥་%་བཅུག་པས་གཞོན་སྐྱེས་མང་པོ་སེམས་ཁམས་ཀྱི་སྟེང་ནས་རྫོགས་ཐབས་བྱས་དང་བྱེད་བཞིན་པ་དང་། ཉེ་བའི་ལོ་འགའི་ནང་རྒྱ་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཤུགས་ཆེར་བསྐྱེད་བཞིན་པ་དང་ལྷན་བོད་ཀྱི་གཞོན་སྐྱེས་མང་པོར་བོད་ཀྱི་མི་རིགས་ལ་རྒྱ་དྲན་གསོ་བྱས་པས། དཔལ་འབྱོར་དང་འཚོ་བ་ཡར་རྒྱས་ཕྱིན་པ་ཙམ་གྱིས་རང་དབང་རང་བདག་གི་ཐོབ་ཐང་སུ་གང་གིས་ཚབ་བྱེད་མི་རུང་པའི་གོ་རྟོགས་ཇེ་མཐོར་འགྲོ་བཞིན་པ་དང་། ༢༠༡༥་ལོའི་རྗེས་ནས་བོད་ཀྱི་སློབ་གསོའི་སྲིད་བྱུས་ནང་ཕ་སྐད་སྣང་མེད་བཏང་སྟེ་རྒྱ་སྐད་ཤུགས་ཆེར་ལག་བསྟར་བྱས་པར་མ་ཟད། བོད་ཡིག་གི་གྲོང་བའི་མཐོ་སློབ་སྒྲིག་འཛུགས་གཞི་མེད་བཟོས་ཤིང་བཀག་བསྡོམས་སྣ་ཚོགས་འོག བོད་ཡིག་གི་ཁྲིད་ཚན་མང་པོ་རྒྱ་ཡིག་སྒང་ནས་ཁྲིད་དུ་བཅུག་པའི་ཤུགས་རྐྱེན་རྨང་གཞིའི་སློབ་གསོར་ཐེབས་ཏེ་བོད་ཡིག་གི་སློབ་ཆུང་དུ་སློབ་མ་ཇེ་ཉུང་མངོན་གསལ་དུ་སོང་བའི་ཁར། བོད་ཀྱི་སློབ་ཆུང་ཁག་ཏུ་ཕ་སྐད་སློབ་གསོ་སྔར་བས་སྣང་ཆུང་བྱས་བཅུགས་ཤིང་། མདོ་སྟོད་སྨད་དབུས་གཙང་དང་བཅས་པའི་བོད་ཡིག་སློབ་གྲྭའི་ནང་གཅིག་གྱུར་གྱི་སློབ་ཁྲིད་འགྲོ་སྟངས་ཆགས་བཅུག་མེད་པའི་སྟེང་དགེ་རྒན་མ་འདང་བ་དང་། དགེ་རྒན་སྤུས་དག་ཅན་སློབ་གྲྭའི་ལས་གནས་སུ་མི་བསྡུ་བ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་བོད་ཀྱི་སློབ་གསོ་ཡར་རྒྱས་འགྲོ་དཀའ་བའི་རྒྱུར་ཆགས།
​གཞིས་ཀྱི་བོད་པ་རྣམས་ལ་རྒྱ་གཞུང་གིས་མི་སེར་གྱི་ཐོབ་ཐང་སྤྲད་མེད་ཚུལ་ལ། དཔེར་ན། ༢༠༠༨་ལོ་སྤྱི་ཟླ་༡༡་པའི་ཚེས་༢༥་ཉིན་གནའ་མཁར་ཟི་ལིང་གི་བོད་པ་ཁྲི་ཚོ་ཉི་ཤུ་ཡི་བུ་ཕྲུག་བཞི་སྟོང་ལྷག་གི་སློབ་གསོའི་ཐོབ་ཐང་དང་སྐད་ཡིག་འདྲ་མཉམ་ཡོང་ཆེད་ཟི་ལིང་མཁར་ཏུ་བོད་ཡིག་གི་སློབ་གྲྭ་འཛུགས་དགོས་པའི་རེ་འདོད་ཁྲིམས་མཐུན་སྙན་ཞུ་ཨང་༡༡༢་དང་༡༣༨་གཉིས་སྔ་ཕྱིར་རིམ་པར་ཕུལ། ལོ་ངོ་བཅུ་ལྷག་གི་རིང་ཐབས་བརྒྱ་ཇུས་སྟོང་གིས་འབད་བརྩོན་བྱས་ཀྱང་ལན་ཏུ། ཟི་ལིང་གྲོང་ཁྱེར་སྲིད་གཞུང་ལ་ཉེ་ཆར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པས་བོད་ཡིག་སློབ་གྲྭ་འཛུགས་རྒྱུར་དགེ་རྒན་དང་གྲོན་དངུལ་མེད་པ་སོགས་ཆ་རྐྱེན་མ་འདང་བའི་རྐྱེན་གྱིས་ཁྱེད་རང་ཚོའི་རེ་འདོད་སྐོང་ཐབས་མེད་ཅེས་པ་ལྟ་བུ་བོད་པ་མང་པོ་གྲོང་ཁྱེར་ནང་གནས་སྤར་བ་དང་ལྷན་བོད་ཡིག་སློབ་སྤྱོང་གི་གོ་སྐབས་དང་ཐོབ་ཐང་སྤྲད་མེད་པ་དེ་བཞིན་ཏུ། ད་དུང་གྲོང་ཁྱེར་སྤུས་ལྡན་(ཁྲིན་འདུ)་ན་ཡོད་པའི་བོད་པ་ཚོས་བོད་ཡིག་སློབ་གྲྭ་འཛུགས་དགོས་པའི་མངོན་འདོད་༢༠༡༧་ལོ་ནས་ཞུས་ཀྱང་ཡ་ལན་མ་སྤྲད། འདི་དག་དཔེ་ཆུང་ཆུང་ཡིན་ཀྱང་བོད་པར་མི་སེར་ངོ་མའི་ཐོབ་ཐང་མེད་པ་དང་རིམ་གྱིས་རྩ་མེད་ཤུལ་མེད་ཆགས་རྒྱུར་ལྐོག་ཇུས་ཕུགས་སུ་བཅིངས་ཡོད་ཚུལ་གསལ་བར་མཐོང་ཐུབ། ​​​
གཞིས་ཀྱི་གཞོན་སྐྱེས་མཐོ་སློབ་ཏུ་འགྲོ་མ་ཐུབ་པ་རྣམས་ཕལ་ཆེ་བར་ཆེད་ལས་སློབ་གསོ་ཐོབ་མེད་པའི་སྟེང་གྲོང་ཁྱེར་སྤྱི་ཚོགས་དུ་བསླེབས་ཚེ་མ་དངུལ་དང་དབང་ཆ་སོགས་ཐོན་ཁུངས་རེག་བྱེད་ཀྱི་སྤྱི་ཚོགས་འབྲེལ་ལམ་མེད་པ་བཅས་ཀྱིས་འཁྱམ་པོར་གྱུར་དང་འགྱུར་བཞིན་པ་སོགས་སྤྱི་ཚོགས་གནད་དོན་ཤིན་ཏུ་མང་། སློབ་གྲྭའི་འབྲས་བུ་ཞིག་ཏུ་ངེས་པའི་འཁྱམ་པོ་དེ་དག་ཕ་སྐད་དང་སྲོལ་རྒྱུན་རིག་གནས་གཉིས་ཆའི་རྨང་གཞི་ཆགས་མེད་པར་མ་ཟད་བོད་རང་གི་ལོ་རྒྱུས་སློབ་སྤྱོང་ཡང་མེད་པས་བོད་པ་རྣལ་མ་ཞིག་ཏུ་ཆགས་མེད་ལ་རྒྱ་ཡང་མ་ཡིན་པའི་ཕུང་གསུམ་པར་གྱུར།
རང་སྐྱོང་དང་སྤྱི་ཚོགས་དོ་དམ་བྱེད་སྟངས།
བོད་བོད་ཡུལ་དུ་སྐྱིད། རྒྱ་རྒྱ་ཡུལ་དུ་སྐྱིད། ཅེས་པའི་གཏམ་དཔེ་ལྟར་རྒྱ་བོད་གཉིས་རིག་གནས་དང་ལོ་རྒྱུས་ཀྱི་སྒང་ནས་རང་རང་སོ་སོར་གནས་པས། སྤྱི་ཚོགས་ཀྱི་གྲུབ་ལུགས་དང་། སྒྲིག་གཞི། འབྲེལ་ལམ་སྐྱོང་སྟངས། འཇིག་རྟེན་ལྟ་ཚུལ། སྐད་དང་ཡི་གེ གོན་པ་དང་བཟའ་བཏུང་། སྤྱི་ཚོགས་གནས་སའི་རང་བྱུང་ཁོར་ཡུག་བཅས་གཅིག་ཏུ་གོ་བྱེད་ཀྱི་གཞི་གང་ཡང་མེད་ནའང་། བོད་དང་རྒྱ་མི་རིགས་གཉིས་ལོ་རྒྱུས་སྟེང་ཕན་ཚུན་འཆམས་མཐུན་གྱི་དུས་སྐབས་མང་ཞིང་དམག་འཐབ་འཁྲུག་རྩོད་ཀྱི་དུས་སྐབས་ཉུང་། བོད་བཙན་པོའི་སྐབས་དང་རྒྱ་ནག་ཐང་གི་སྐབས་སུ་ཕན་ཚུན་མཐའ་མཚམས་སྲུང་ཆེད་དུ་དམག་འཁྲུག་དཡུལ་འགྱེད་བྱས་མྱོང་ལ། རྒྱ་བཟའ་དང་ཀྱིམ་ཤིང་ཀོང་ཇོ་བོད་དུ་བརྫངས་ཏེ་གཉེན་འབྲེལ་འཆམས་མཐུན་ཡང་བྱུང་། བོད་སིལ་བུར་ཐོར་བའི་སྐབས་དེར་རྒྱ་ནག་ཐང་གི་རྒྱལ་རབས་ཀྱང་སུང་ལྷོ་བྱང་གཉིས་སུ་གྱེས། དེ་ནས་སོག་པོ་ཧོར་གྱིས་ཡོན་རྒྱ་རབས་བཙུགས་ཏེ་བོད་དང་རྒྱ་ནག་གཉིས་ཀ་མངའ་འོག་ཏུ་བསྡུས། ས་སྐྱ་ཕག་གྲུ་དགའ་ལྡན་བཅས་བོད་ཀྱི་སྲིད་དབང་རིམ་བྱུང་བསྐྱངས་སྐབས་ཁྱིམ་ཚེས་རྒྱལ་ཁབ་དག་དང་མཆོད་ཡོན་འབྲེལ་བ་བྱུང་ཞིང་། སོག་པོའི་ཡྰོན་རྒྱལ་རབས་མཇུག་དྲིལ་རྗེས། བོད་དུ་ཕག་གྲུ་བའི་ཆབ་སྲིད་སྟོབས་ཤུགས་དང་དཔལ་འབྱོར་ཡར་རྒྱས་ཆེན་པོ་བྱུང་བས་རྗེ་ཙོང་ཁ་པ་ལྟ་བུའི་སྐྱེས་ཆེན་མཁས་ཆེན་མང་པོ་སྐར་ཚོམས་སར་བཀྲམ་པ་ལྟར་འཕྲིན་ལས་རྒྱས་བྱེད་ཀྱི་སྤྱི་ཚོགས་ཆ་རྐྱེན་དང་ཆབ་སྲིད་ཁོར་ཡུག་བསྐྲུན། དེ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བསྐྱངས་ཏེ་སྤྱི་ལོ་༡༩༥༡་པར་བསླེབས།​​​
༡༩༥༡་ལོའི་སྤྱི་ཟླ་༥་པའི་ཚེས་༢༣་ཉིན་རྒྱ་བོད་དབར་དོན་ཚན་བཅུ་བདུན་ཅན་གྱི་ཆིངས་ཡིག་བཞག་པ་ནས་༢༠༢༡་ལོའི་བར་མི་ལོ་༧༠་ཡི་རིང་རྒྱ་ཡིས་གཞིས་ཀྱི་སྤྱི་ཚོགས་དོ་དམ་བྱས་སྟངས་དབྱེ་ཞིབ་ལས། ༡༽རྒྱ་ནག་གཞུང་གིས་གཞིས་ཀྱི་བོད་པ་མི་སེར་ངོ་མར་མཐོང་ཐུབ་མེད་པ་དང་། ༢༽རང་སྐྱོང་སྲིད་གཞུང་ཁག་གི་རྒྱའི་འགོ་ཁྲིད་དང་ལས་བྱེད་རྣམས་བོད་ཀྱི་རིག་གནས་ལ་ངོས་ལེན་ཆགས་ཐུབ་མེད་པར་མ་ཟད། ས་བྱི་ལོའི་ཞི་རྒོལ་ཆེན་མོ་རྐྱེན་བྱས་ཏེ་དབུས་གཙང་གི་བོད་པའི་རྫོང་དཔོན་༥༤་ལྷག་གི་གོ་གནས་ཕབ་པ་དང་། མདོ་སྟོད་སྨད་གཉིས་སུའང་བོད་པའི་གོ་གནས་ཕབ་པའི་གནས་ཚུལ་དེ་འདྲ་བྱུང་། ༣༽རང་སྐྱོང་སྲིད་གཞུང་ཁག་གི་དབང་ཆའི་ཚད་རིམ་དང་གྲུབ་སྟངས་རྙོག་འཛིངས་ཆེ་ཚུལ་ནི། སྤྱི་ཚོགས་ཡར་རྒྱས་དང་སྲིད་དབང་བརྟན་སྲུང་ཆབ་སྲིད་བདེ་འཇགས་གཉིས་ལས་ཕྱི་མ་གལ་ཆེར་བཟུང་བ། ༤༽གཞིས་ཀྱི་དཔལ་འབྱོར་སྲོག་ཤིང་རྒྱ་དང་རྒྱ་ཁ་ཆེ་ཡིས་བཟུང་ཡོད་པས། བོད་དེང་རབས་ཅན་ཟེར་བ་དེ་དོན་དངོས་སུ་བོད་ཀྱི་དེང་རབས་ཅན་མ་ཡིན་པར་ངོ་བོ་གཞན་འགྱུར་གྱི་གནས་སྟངས་བཟོས་པ་ཤིན་ཏུ་གསལ། ​​​​​
རྒྱ་ནག་གཞུང་གིས་ས་བྱི་ལོའི་ཞི་རྒོལ་ཆེན་མོ་མཇུག་སྒྲིལ་ཐག་བཅད་ཀྱི་ནང་དུ་། ༡༽རྒྱ་གར་གྱི་བཙན་བྱོལ་བོད་གཞུང་དང་། ༢༽བོད་ཡིག་ཁོ་ན་ལག་ལེན་བྱེད་སའི་སྒྲིག་འཛུགས་ཁག ༣༽བོད་ཀྱི་ཡུལ་སྲོལ་མཐུག་སའི་གྲོང་གསེབ་དང་རུ་སྡེ་ཁག་རེད། ཅེས་གསུམ་ཞི་རྒོལ་བྱེད་མཁན་གྱི་འབྱུང་ཁུངས་སུ་ངོས་འཛིན་བྱས་པས་གྲོང་བའི་བོད་ཡིག་སློབ་གྲྭ་ཁག་དང་གྲོང་གསེབ་རུ་སྡེ་དང་དགོན་པའི་ཐོག་ལྟ་སྟངས་འཕོ་འགྱུར་ཆེན་པོ་བྱུང་ཞིང་དེ་བསྟུན་གྱི་ལྐོག་བྱུས་སྣ་ཚོགས་ལག་བསྟར་བྱས། མི་སེར་སྤེལ་ཡུལ་ཅན་གྱི་སྲིད་བྱུས་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བྱུང་བར་མཐོང་མ་ཐུབ་པར་ཁ་བྲལ་ལས་འགུལ་རེད་ཅེས་མཐའ་གཅིག་ཏུ་སྒྲོ་བཏགས་ཏེ་དྲག་གནོན་བྱས་པས་རྒྱ་བོད་མི་རིགས་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་བཏང་ཞིང་། རྒྱ་གཞུང་ལ་དེ་ཞི་འཇགས་སུ་བདུམས་བྱེད་ཀྱི་རྣམ་དཔྱོད་མ་འདང་བས་ད་ལྟ་རྒྱ་བོད་མི་དམངས་དཀྱུས་མ་ཡིན་ཀྱང་ཕན་ཚུན་དབར་ཞེ་སྡང་གཏིང་ཚུགས་པ་བྱུང་བས། གཞི་རིམ་སྤྱི་ཚོགས་ཀྱི་འགལ་བ་གཉིས་ལྷགས་བསྡད་པ་དང་སྤྱི་ཚོགས་དོ་དམ་ཕྱོགས་སུ་བཟོས་པའི་གནད་དོན་གཉིས་ནི། ༡༽གཞུང་ལུགས་དང་ལག་ལེན་གཉིས་ཆ་ནས་བོད་ཀྱི་རིག་གཞུང་སྤྱི་དང་བྱེ་བྲག་ནང་པའི་ཆོས་རིག་ཐད་ལྟ་བ་ཡང་དག་ག་རེ་ཞིག་འཛིན་རྒྱུར་བློ་ཁོག་དང་ལམ་སྟོན་མེད་པ། ༢༽ས་གནས་རྒྱ་གཞུང་དང་དེ་འབྲེལ་ལས་བྱེད་པར་སྲིད་ཇུས་ཀྱི་སྒང་ནས་བོད་ཀྱི་མི་སེར་ཐོག་རིགས་ལམ་གསལ་བོ་ཞིག་མེད་པར་ལོང་པས་ལག་ཉུལ་གྱི་ཚུལ་དུ་རྒྱལ་གཅེས་སློབ་གསོ་གཏོང་མུས་སུ་མཆིས་པ། ​​​​​ས་བྱི་ལོའི་ཞི་རྒོལ་ཆེན་མོར་བརྟག་དཔྱད་སྙན་ཞུ་མདོར་བསྡུས་བརྒྱུད་དེ་ཞིབ་འཇུག་པས་སྲིད་བྱུས་སྒྱུར་བཅོས་ཀྱི་བསམ་འཆར་དགུ་བཏོན་འདུག་ཀྱང་། རྒྱ་ཡི་མཐོང་སྣང་ཡིན་པས་བོད་ཀྱི་ཀློག་པ་པོ་རྣམ་པས་བླང་དོར་མ་ནོར་བར་བཀླག་རྒྱུ་གལ། ༢༠༡༥་ལོའི་རྗེས་ཀྱི་རྒྱ་གཞུང་གི་སྲིད་བྱུས་གསར་བ་དང་བྱེད་ལུགས་ལ་བརྟག་ན་མི་རིགས་མང་པོ་འཆམས་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་མ་ཡིན་པར་བོད་རྫུན་མ་བཟོ་རྒྱུའམ་བོད་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་ཕྱོགས་སུ་འགྲོ་བཞིན་པ་ཤིན་ཏུ་གསལ་ཞིང་། གནས་སྟངས་འཕེལ་ཕྱོགས་ལ་བརྟག་ན་རྒྱ་ཡི་མི་རིགས་རིང་ལུགས་སྤྱི་ཚོགས་ཀྱི་གནས་རིམ་ཡོངས་སུ་ཁྱབ་བཞིན་པས་མཐོ་ས་དཔོན་པོ་དང་དམའ་ས་དམངས་དཀྱུས་མའི་དབར་སྲིད་གདུགས་གཅིག་གི་འོག་ལྷན་ཏུ་གནས་འདོད་མེད་ཚུལ་འདི་བོད་གཞུང་དམངས་གཉིས་ཀྱིས་རྟོགས་དགོས། ​
​སྟོབས་ཅན་མགོ་བཀུར་དང་གཉོམ་ཆུང་རྐང་རྫིས་ཡི་རྒྱ་གཤིས་དེ་ཆབ་སྲིད་དང་འཐབ་ཇུས་སུ་འཐིམས་ཡོད་པ་རྟོགས་དགོས། དེ་རྟོགས་ན་བོད་རྒྱ་བར་གྱི་དཀའ་རྙོག་དེ་ག་འདྲ་བྱས་ནས་སེལ་བར་ཕྱོད་ཆེ་བའི་ཐབས་རེག་པ་ལ་ཕན། རྒྱ་མི་ཡང་རང་དང་འདྲ་བར་ནང་པ་ཡིན་པས་གཞུང་རྒྱུད་དྲང་ཞིང་བདེན་པ་དང་སྙིང་རྗེ་བརྩི་མཁན་ཏུ་མཐོང་སྟེ་གྲོས་མོལ་བྱས་ན་གཡོ་འོག་ཏུ་ཚུད་རྒྱུ་ལས་འབྲས་བུ་གང་ཡང་འབྱུང་མི་སྲིད། དགྲ་བོ་རང་དང་འདྲ་བོར་མཐོང་སྟངས་དེ་འཇིག་རྟེན་སྲིད་ལུགས་སུ་སྐྱོན་ཚབས་ཆེན་ཞིག་ཏུ་ངེས་ཤིང་། དགྲ་བོ་ཤེལ་སྒོང་ལག་མཐིལ་དུ་བླངས་པ་ལྟར་རྒྱུས་གསལ་ལེར་ལེན་དགོས་པ་ལས་འོལ་ཚོད་ཀྱིས་ཁུངས་ཆོད་དཀའ་ཚུལ་འཛམ་གླིང་སྤྱི་ཚོགས་ཆེ་ཕྲ་ཆུང་གསུམ་ཐུན་མོང་གི་གནས་ལུགས་ཤིག་ཏུ་ལགས་ན། མི་རིགས་ཤིག་གི་སྤྱི་ཚོགས་གཞིས་བྱེས་གཉིས་སུ་གྱེས་པས་གནད་དོན་བརྟག་དཔྱད་དང་རིགས་ལམ་ཁྱེར་སྟངས་བཅས་གང་ཅིའི་ཆ་ནས་འབད་རྩོལ་འཕར་མས་བརྟག་དབྱེ་དཔྱོད་འཇུག་གནང་སྟེ། ད་ལྟའི་སྤྱི་ཚོགས་གནས་བབ་ལས་དཔལ་འབྱོར་གྱི་སྲོག་རྐང་རྒྱ་ཡིས་བཟུང་ཡོད་ཚུལ་དང་། བོད་གཞིས་ཀྱི་སྤྱི་ཚོགས་སྒྲིག་གཞི་གསར་རྙིང་སྐྱ་བཏབ་ཏེ་ཉིས་ལྡབ་ཅན་ཏུ་གྱུར་ཡོད་ཚུལ། བོད་དུ་ཡོད་པའི་སློབ་གྲྭའི་ངོ་བོ་སྒྱུར་ཟིན་པས་བོད་ཀྱི་གཞོན་རབས་པ་རྒྱ་མིན་བོད་མིན་ཏུ་གཏོང་བྱེད་ཀྱི་ལག་ཆར་གྱུར་ཡོད་ཚུལ། བོད་ཀྱི་སྤྱི་ཚོགས་སྒྲིག་འཛུགས་དང་རྩ་འཛུགས་ཐམས་ཅད་ནུས་མེད་བཟོ་བཞིན་ཡོད་ཚུལ་སོགས་བོད་གཞིས་ཀྱི་སྤྱི་ཚོགས་གནས་བབ་ཞིབ་ཕྲ་རྟོགས་རྒྱུ་ཤིན་ཏུ་གལ། གསར་འགྱུར་བརྒྱུད་ལམ་ཁག་གི་སྣང་ཚུལ་ཙམ་མཐོང་བ་གཞིར་བཞག་ཏེ་སྲིད་བྱུས་སྒྱུར་བཅོས་དང་ཆབ་སྲིད་འཐབ་ཕྱོགས་ལ་འཕོ་འགྱུར་བཏང་ན་འབྲས་བུ་འདོད་ཐོག་ཏུ་བསླེབ་དཀའ་བས། རང་གི་སྤྱི་ཚོགས་ཀྱི་ཕྱི་ནང་བར་གསུམ་གྱི་འཕོ་འགྱུར་འགྲོ་ཕྱོགས་དང་དེ་དག་གི་རྒྱུ་རྐྱེན་བཅས་གནད་སྨིན་ཏུ་རྟོགས་བྱེད་ཀྱི་སྤྱི་ཚོགས་རིག་པ་ལྷག་ཏུ་མཁོ་གལ་ཆེ་བར་མཐོང་ངོ་།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།