སླར་ཡང་གངས་ཅན་གྱི་དུང་ཟླ་དཀར་པོ་ཞིག་གི་ཚེ་སྲོག་ཕྲོག་སོང་།

༄༅། །བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པའམ་རྩོམ་པ་པོ་སོགས་སྒྱུ་རྩལ་བ་གྲགས་ཆེན་མི་སྣ་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཕྱི་ལོ་༢༠༢༣་ལོའི་ཕྱི་ཟླ་༥་པའི་ཚེས༨་ཉིན་གྱི་ཞོགས་པར་བོད་ཀྱི་རྒྱལ་ས་ལྷ་སར་གློ་བུར་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད།
སྐུ་ཞབས་པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་༡༩༦༩་ལོའི་ཟླ་༡༢་པར་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐུ་འཁྲུངས་ཏེ། ད་ལྟ་ཁོང་ དགུང་ལོ་༥༤་ཡིན། རྒྱུན་དུ་ཁོང་ནི་ཤེས་ཡོན་དང་སྤོབས་པ་ཆེ་ཞིང་། ཡ་རབས་ཚུལ་མཐུན་གྱི་ཀུན་སྤྱོད་དང་ལྡན་པ། ཁ་ནས་ལབ་གླེང་སྣ་ཚོགས་མི་དགོས་པར། ལག་པས་རླབས་ཆེན་གྱི་མཛད་རྗེས་སྣ་ཚོགས་འཇོག་དགོས་མཁན་གྱི་གངས་ཅན་གྱི་བུ་རྒྱུད་དག་མ་ཞིག་རེད། ད་བར་ཁོང་གིས་སྒྲུང་གཏམ་ཕྱོགས་བསྒྲིགས་དེབ།《བསླུ་བྲིད།》དང་།《གྲོང་ཁྱེར་གྱི་འཚོ་བ།》《ཐར་ལོ།》《པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་།》《ཨོ་རྒྱན་གྱི་སོ།》《གཏམ་རྒྱུད་བཤད་འཕྲོར་ལུས།》སོགས་བརྩམས་ཡོད་ལ། ཕྱི་ལོ་༢༠༠༢་ལོ་ནས་བཟུང་གློག་བརྙན་བསྒྱུར་སྒྲིག་དང་འཁྲབ་ཁྲིད་ཀྱི་ལས་ཀ་གཉེར་བ་དང་། བརྩམས་ཆོས་གཙོ་བོ་ལ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།》དང་།《འཚོལ།》《ཁྱི་རྒན།》《གཡང་མདའ།》《ཐར་ལོ།》《ལག་དམར།》《དབུགས་ལྒང་།》《གསའ།》《སིང་སྤང་བཀྲ།》སོགས་ཕབ་བསྐྲུན་གནང་ཡོད།
སྐུ་ཞབས་པདྨ་ཚེ་བརྟན་མཆོག་ནི་བོད་ཡུལ་ཙམ་མ་ཟད་རྒྱལ་ཡོངས་དང་། རྒྱལ་སྤྱིའི་སྟེང་མིང་གྲགས་རབ་ཏུ་འབར་བའི་འཁྲབ་ཁྲིད་པའམ། རྩོམ་པ་པོ་ཞིག་ཡིན་ལ། ཁོང་གིས་བོད་ཀྱི་གློག་བརྙན་ལས་རིགས་འདི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་དར་རྒྱས་གོང་སྤེལ་དུ་བཏང་དང་། གཏོང་བཞིན་པར་མ་ཟད། བོད་ཀྱི་ན་གཞོན་གློག་བརྙན་སྒྱུ་རྩལ་བ་གསོ་སྐྱོང་གི་ཐད་ལའང་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པས། ཁོང་ནི་བོད་ཀྱི་གློག་བརྙན་གྱི་རྨང་འདིང་མཁན་དང་སྣེ་ཁྲིད་པ་ཆེས་ཕུལ་བྱུང་གི་མི་སྣ་ཞིག་ཡིན།
པད་མ་ཚེ་བརྟན་ལགས་སྐུ་གཤེགས་པ་ནི་རང་རེའི་གློག་བརྙན་ལས་རིགས་དང་། རིག་གནས་པའི་དཔུང་སྡེའི་གྱོང་གུད་ཆེན་པོ་ཞིག་ཡིན་པར་མ་ཟད། རྒྱ་ནག་རྒྱལ་ཡོངས་ཀྱི་གློག་བརྙན་ལས་རིགས་དང་། རིག་གནས་པའི་དཔུང་སྡེའི་གྱོང་གུད་ཆེན་པོ་ཞིག་ཀྱང་ཡིན།
བཙན་འཛུལ་སྲིན་པོའི་དྲག་གནོན་གཡོ་འོག་ན། །
གངས་སེང་དར་མའི་ཚེ་སྲོག་བརྟན་རབས་མེད། །
དེའི་ཕྱིར་བྷོ་ཊའི་སེང་ཕྲུག་དར་མ་ཞིག །
སླར་ཡང་སྲིན་པོས་གློ་བུར་གང་དུ་བསྐྱལ། །

ཞེས་རང་རིགས་རྩོམ་པ་པོ་དང་། འཁྲབ་འཁྲིད་པ། སྒྱུ་རྩལ་བ། ལོ་ཙ་བ་སོགས་རིག་གནས་སྣ་མང་ལ་ནང་བྱན་ཆུད་པའི་སྐུ་ཞབས་པད་མ་ཚེ་བརྟན་མཆོག་ལ་གདུང་སེམས་ཆེན་པོས་གསེར་རྟའི་དྲ་ཚིག་རྩོམ་སྒྲིག་པས་མྱ་ངན་རྗེས་དྲན་ཞུ།

One Response

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།