༄༅། །སྐད་ཆ་ནི་མི་རིགས་ཀྱི་བླ་སྲོག་ཡིན།


རྩོམ་པ་པོ། ལྕགས་ཐར་རྒྱལ།

མི་རིགས་ཤིག་གི་འཚོ་གནས་ཀྱི་ཁོར་ཡུག་དང་ཐོན་སྐྱེད་གནས་བབ། ཆོས་ལུགས་དད་མོས་དང་སྤྱི་ཚོགས་ལམ་ལུགས། ཡུལ་སྲོལ་གོམས་གཤིས་དང་རྒྱན་གོས་ཆ་ལུགས་དང་བཅས་པ་ཡུལ་དུས་ངེས་ཅན་ཞིག་གི་ནང་དུ་སྒྱུར་བཅོས་དང་བརྗེ་སྤོར་བྱེད་མི་རུང་བ་མེད་ཀྱང་། མི་རིགས་ཤིག་གིས་ནམ་ཡང་འདོར་མི་རུང་བ་ནི་སྐད་ཆ་ཡིན་ཏེ། སྐད་ཆའི་དབང་གིས་མི་རྣམས་སྲོག་ཆགས་ཕལ་བ་ལས་ཁྱད་དུ་བཏོན་ཅིང་འགྲོ་བ་མིའི་བྱེ་བྲག་ཏུ་གྱུར་པའི་ཚོགས་པ་སོ་སོ་མི་རིགས་ཤིག་ཏུ་གྲུབ་སྟེ་རང་ས་རང་མལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་གཞན་ལ་བརྒྱུད་ཅིང་སྤེལ་པར་བརྟེན། ཕྱོགས་ངེས་ཅན་ཞིག་གི་ཆ་ནས་སྐད་ཆ་ནི་མི་དང་མི་རིགས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཏུ་གྲུབ་ཕྱིར། སྐད་ཆ་མེད་ན་མི་རིགས་ཟེར་བ་ཞིག་གཞི་མ་གྲུབ་པ་དང་། མི་རིགས་མེད་ན་མི་རིགས་ཀྱི་རིག་གནས་ཀྱང་མེད་པས། སྐད་ཆ་ནི་མི་རིགས་ཤིག་གི་བླ་སྲོག་དང་། མི་རིགས་རིག་གནས་ཀྱི་ཉིང་བཅུད་ཉག་གཅིག་ཏུ་གྲུབ་བོ། །དེ་ཡང་གནད་བསྡུས་ན་གཤམ་གསལ་གྱི་དོན་འགར་འདུ་སྟེ།

དང་པོ། མི་རིགས་ཤིག་གི་སྐད་ཆ་ནི་མི་རིགས་དེའི་ལོ་རྒྱུས་ཡིན།

འགྲོ་བ་མིའི་འཇིག་རྟེན་བྱུང་བ་དང་ཆབས་ཅིག་སྐད་ཆ་བྱུང་བ་དང་། མི་རྣམས་ཀྱིས་སྐད་ཆ་ལ་བརྟེན་ནས་བསམ་བློ་བརྗེ་རེས་དང་། ཐོན་སྐྱེད་གོང་སྤེལ། འཇིག་རྟེན་བསྒྱུར་བཅོས་བྱེད་པའི་དུས་མཚུངས་སུ། མི་རིགས་རང་ཉིད་དར་རྒྱས་གོང་འཕེལ་དུ་བཏང་བའི་དབང་གིས། སྐད་ཆའི་བྱུང་ལུགས་དང་མི་རིགས་ཀྱི་གྲུབ་ཚུལ་གཉིས་ཐ་དད་དུ་ཕྱེ་མི་རུང་ཞིང་། “སུ་ཞིག་གིས་མིའི་དོན་གླེང་ན་དེ་ཡི་སྐད་ཆ་གླེང་དགོས།

སྐད་ཆ་གླེང་བ་ལ་སྤྱི་ཚོགས་གླེང་དགོས་པ་དང[1]སྐད་ཆ་ཇི་ལྟར་འཕེལ་ཞིང་འགྱུར་བ་ནི་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་འགྲོ་ལྡོག་བྱེད་ཀྱིན་ཡོད་ཕྱིར། སྐད་ཆ་ནི་མི་རིགས་ཤིག་གི་བྱུང་འཕེལ་གསལ་རྗེན་དུ་སྟོན་བྱེད་ཀྱི་མེ་ལོང་ཆེན་པོ་ཞིག་ཏུ་འཁུམས་ཏེ། མི་ནི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཐོན་རྫས་ཤིག་ཏུ་གྲུབ་ཅིང་། སྤྱི་ཚོགས་ཀྱི་འཕེལ་རིམ་མི་འདྲ་ན། མི་རིགས་ཀྱི་ཐོབ་ཐང་དང་འབྲེལ་བ་མི་འདྲ་ལ། དེ་མི་འདྲ་བས་སྐད་ཆ་དང་རིག་གནས་ཀྱི་འཕེལ་ཚུལ་ཡང་མི་འདྲ་བས་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་། ཐོན་སྐྱེད་ཀྱི་གནས་བབ། ཐ་ན་སྐབས་དེ་དུས་ཀྱི་སྣོད་བཅུད་ཀྱི་བཀོད་པ་སོགས་མི་དང་འབྲེལ་བའི་ཆོས་མཐའ་དག་མང་ཉུང་ཅི་རིགས་ཀྱིས་སྐད་ཆའི་ནང་དུ་ཐོན་ཞིང་། ཁྱད་པར་མིང་བརྡའི་བསྟན་དོན་དང་གྲུབ་ཚུལ་གྱི་ཆ་ལ་མི་རིགས་ཀྱི་དར་རྒུད་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་སོགས་གསལ་བར་མངོན་ཕྱིར། མི་རིགས་ཤིག་གི་སྐད་ཆ་ནི་མི་རིགས་དེའི་ལོ་རྒྱུས་ཡིན་གསུངས་ཏེ།[2] ཧྥ་རན་སེའི་སྐད་ཀྱིcaccetteཞེས་པ་དུས་རབས་བཅོ་བརྒྱད་པའི་ནང་དུ་འབྱོར་བ་ལྡན་པའི་ལྕམ་མོ་རྣམས་ཀྱི་རྒྱན་ཆ་གཞག་བྱའི་སྒམ་དུ་བྱེད་པ་དང་། དུས་རབས་བཅུ་དགུ་པའི་ནང་དུ་བརྙན་པར་གྱི་འགྱིག་ཤོག་གཞག་བྱའི་སྒམ་གྱི་དོན་དུ་འགྱུར་བ་དང་། དུས་རབས་ཉི་ཤུ་པར་སླེབས་པ་ན་སྒྲ་ཐག་གི་སྒམ་དུ་བྱ་བ་སོགས་ཀྱིས་དུས་སྐབས་སོ་སོའི་ཤེས་རིག་གི་འཕེལ་ཚུལ་དང་སྤྱི་ཚོགས་འཚོ་བའི་གནས་ཚུལ་གསལ་བར་མཚོན་པ་ལྟར། དབྱིན་ཡིག་གིpenཞེས་པའི་ཐ་སྙད་འདི་ཡང་ཐོག་མར་ལ་ཏིང་གི་སྐད་ལས་ཕྱུང་དུས་བྱ་སྒྲོའི་དོན་ཁོ་ན་མ་གཏོགས་མེད་ཀྱང་། རྗེས་སུ་སྒྲོ་པུར་དང་ལྕགས་སྨྱུག་ཏུ་བྱེད་པ་འདིས་སྐད་ཆ་དང་ལོ་རྒྱུས་ལྷན་དུ་འཕེལ་བ་དང་། དུས་རབས་ཤིག་གི་ནང་དུ་གསར་དུ་བྱུང་བའི་མིང་བརྡ་དེར་དུས་རབས་དེའི་ཁྱད་ཆོས་ལྡན་ཞིང་། མིང་ནི་ལོ་རྒྱུས་ཀྱི་རྣམ་པ་མཚོན་པའི་ཐེལ་རྟགས་ལྟ་བུར་གྲུབ་ཕྱིར། མིང་ནི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཏུའང་ངེས་ཏེ། རྒྱ་ནག་སྐད་ཀྱི抢ཞེས་པ་ཐོག་མར་དབྱུག་པ་ལ་མདེའུ་སྤྲད་པའི་མདུང་ལ་བྱ་ཡང་། ད་ལྟ་མེ་ཡི་རྟ་ལ་བརྟེན་པའི་མཚོན་ཆའི་བྱེ་བྲག་ཅིག་ཏུ་བྱ་བ་དང་། བོད་སྐད་ཀྱི་གཙང་པོ་ཞེས་པ་གདོད་མའི་དུས་སུ་ཡར་ཀླུངས་ཀྱི་ཡུལ་དུ་གནས་པའི་ཆུ་བོ་བྱེ་བག་པ་དེ་རང་གི་མིང་དུ་བྱེད་པ་ལ། ཕྱིས་སུ་བོད་ཀྱི་རྒྱལ་ཁམས་རྒྱ་བསྐྱེད་པའི་དུས་དང་བསྟུན་ནས་ཆུ་ཀློང་སྤྱིའི་མིང་དུ་འཇགས་པ་ལྟར། རུ་ཞེས་པའང་ཐོག་མར་དམག་གི་དོན་དུ་སྤྱོད་ཀྱང་། དུས་ཕྱིས་སྔོན་གྱི་དམག་སྡེ་དག་འབྲོག་ཁྱིམ་དུ་གྱུར་པ་ན་རུ་ཞེས་པའི་དོན་ཡང་རྩྭ་ཆུའི་རྗེས་སྙེག་པའི་འབྲོག་སྡེའམ་མི་ཁྱིམ་སྤྱིའི་མིང་དུ་བྱེད་པ་སོགས་ཀྱིས་མཚོན་ཏེ། མིང་དོན་ཆེར་སྐྱེད་ཆུང་འགྲིབ་དང་མིང་དོན་འཁོ་འགྱུར་གྱི་ཆ་ལ་མིང་བརྡ་དེ་སྤྱོད་མཁན་གྱི་མི་རིགས་དེ་གའི་འཕེལ་འགྱུར་རྐང་ལ་རྐང་མར་གྱི་ཚུལ་དུ་གྲུབ་འདུག་གོ །

མིང་གི་འཕེལ་གྲུབ་ཀྱི་ཆ་ནས་བལྟས་ན་དེ་བས་ཀྱང་གསལ་བོ་ཡིན་ཏེ། ཆོས་འབྱུང་མཁས་པའི་དགའ་སྟོན་དུ། མཛངས་པའི་ལས་སུ་ཞིང་ལ་དོར་ཁ་རྩིས། །འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས། །[3]ཞེས་དང་། འདི་དུས་ཁྲི་ངོར་སྣང་བཙུན་མོང་གི་བུས། །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། །དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས། །དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད། །[4]ཅེས་པས་བསྟན་པ་ལྟར། ཐོན་སྐྱེད་ལས་སྒོ་ཇེ་ཞིབ་དང་ཁྱད་པར་ཚོང་ཟོང་བརྗེ་རེས་བྱེད་པའི་སྲོལ་བྱུང་བ་དང་བསྟུན། མ་གཞི་འཇལ་གཞོར་གྱི་དངོས་པོ་དག་གི་མིང་རྣམས་རིམ་གྱིས་འཇལ་བྱེད་ཀྱི་ཚད་སྟོན་པའི་མིང་དུ་འགྱུར་བ་ཡིན་ཏེ། སེ་བ། བྲེ། འདོམ་པ། སྒྱེ། ཕོར་བ། ཟོ་ཞེས་པ་ལྟ་བུ་རེ་རེ་ནས་དངོས་པོ་དག་གི་མིང་ཡིན་པ་ལ་བརྗོད་འདོད་ཀྱི་དགོས་དབང་གིས་གྲངས་ཀའི་མིང་ཞིག་དང་སྦྲེལ་ཚེ། གསེར་སེ་གང་། ནས་བྲེ་ལྔ། ཐག་པ་འདོམ་པ་བཅུ། གྲོ་ཕྱེ་སྒྱེ་བདུན། ཆང་ཕོར་བ་གང་། འོ་མ་ཟོ་དྲུག་ཅེས་པ་སོགས་ཀྱིས་འཇལ་བྱེད་ཀྱི་ཚད་སྟོན་པར་འགྱུར་བ་སྐད་རིགས་ཀུན་ལའང་ཕལ་ཆེར་གཅིག་མཚུངས་ཡིན་ཏེ། “རྒྱ་ཡིག་གི་འཇལ་བྱེད་ཀྱི་མིང་ནི་ཆིན་སྔོན་མའི་དུས་སུ་ཐོག་མར་བྱུང་ཞིང་། ཐང་དང་སུང་རྒྱལ་རབས་ཀྱི་དུས་ལ་སླེབས་པ་ན་ད་གཟོད་རང་རྐྱ་ཕེར་པའི་མིང་བྱེ་བྲག་པ་ཞིག་ཏུ་གྱུར་པ་དང་།[5] བོད་སྐད་ཀྱི་ཚིག་ཕྲད་ཕལ་ཆེ་བ་ནི་མིང་སྔ་མའི་རྗེས་འཇུག་གི་སྒྲ་རིང་དུ་བསྲིངས་ཤིང་གདངས་མི་འདྲ་བས་བསྒྱུར་པ་ལས་རིམ་གྱིས་བྱུང་བ་ཡུལ་སྐད་དུ་ད་དུང་ཡང་གསལ་བར་སྣང་བ། ཁུར་བོ་རྒྱབ་བ་འཁུར། མགྲོན་པོ་ཁྱིམ་ལ་སླེབས། རྒྱ་སྲང་ལ་སོང་ནས་དཔེ་ཆ་ཉོས། འདེམས་མས་བླངས་ལྟ་བུས་མཚོན་པར་མ་ཟད། མི་རིགས་གང་ཡིན་ཡང་ཆེས་ཐོག་མའི་མིང་ནི་ཚེག་དབར་གཅིག་ཅན་དང་། ཡང་འདོད་རྒྱལ་དང་ལད་ཟློས་གང་རུང་གིས་བཏགས་པ་ཡིན་ལ། རྗེས་སུ་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་གསར་དུ་བྱུང་བའི་དངོས་པོ་རྣམས་མིང་རེ་གདགས་དགོས་ཚེ། འདོད་རྒྱལ་ཐོག་མའི་མིང་རྣམས་གཞིར་བྱས་ཏེ་གསར་དུ་སྦྱར་བ་ལ་དུས་ཀྱི་ཁྱད་པར་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ངང་གིས་ཐོན་ཏེ་རྟ་ཞེས་པའི་མིང་ལ་བརྟེན་ནས་ཤིང་རྟ་དང་ལྕགས་རྟ་བྱུང་བ་དང་། གློག་ཅེས་པ་གཞི་བྱས་ཏེ་གློག་བརྙན་དང་གློག་པྲ་དང་གློག་ཆས་ལ་སོགས་པ་བྱུང་བ་ད་ལྟའི་མི་རྣམས་ལ་དངོས་པོ་དེ་རིགས་མིག་མཐོང་ལག་ཟིན་ཏུ་གྱུར་པས་ཡིད་ལ་མི་འཆུན་པ་མེད་མོད། གདོད་མའི་མི་ལ་མཚོན་ན་ལྕགས་མེད་པས་ལྕགས་ཀྱི་རྟ་ཞིག་གང་དུ་ཡོད། སྒོས་སུ་གློག་ཅེས་པ་ནམ་མཁའི་གློག་ཁོ་ནར་བྱ་བས་གློག་པྲ་དང་གློག་ཆས་ཞེས་པ་དེ་བས་ཀྱང་ཡིད་ལ་འབྱོར་དཀའ་འོ། །

དེ་བས་མིང་གི་འཕེལ་གྲུབ་ལས་མི་རིགས་ཀྱི་འཕེལ་འགྱུར་མཚོན་ཞིང་། སྤྱི་ཚོགས་ཀྱི་འཕེལ་འགྲིབ་ཀྱིས་མིང་གི་བསྟན་དོན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན་ནོ། །

གང་ལ་གོམས་ན་དེ་ལ་མཁས་ཞེས་པ་ལྟར། མི་རྣམས་རིག་གནས་ཀྱི་ཁོར་ཡུག་ངེས་ཅན་ཞིག་ཏུ་འཚོ་ཞིང་གནས་པས། མི་གང་ཡིན་ཡང་རང་ཉིད་ཀྱི་བྱ་སྤྱོད་ལ་རིག་གནས་དེའི་ཤན་ཤུགས་ཟབ་མོ་ཐེབས་ཤིང་། རིག་གནས་དེའི་བག་ཆགས་ཟབ་མོས་བཀོད་འདོམས་འོག་རང་སྐལ་གྱི་ལས་ལ་འཇུག་གིན་ཡོད་པའི་ཚུལ་མིང་བརྡའི་སྦྱོར་བ་ན་མངོན་པར་གསལ་ཏེ། དབྱིན་ཇིའི་སྐད་ཀྱིgentleཞེས་པ1225ལོར་ཧྥ་རན་སིའི་སྐད་ལས་འདྲེན་དུས་ཞི་དུལ་དང་མཆོག་གྱུར་གྱི་དོན་མ་གཏོགས་མེད་པ་ལ། 1230ལོར་ཐོན་པ་ནgentlewoman(ལྕམ་ཆེན)ཞེས་པ་དང་། 1275ལོར་སླེབས་ཚེgentleman(སྐུ་དྲག)ཅེས་པ་དང་། 1300ལོ་ནསgentleness(ཞི་དུལ)དངgently(ཞི་དུལ་གྱིས)[6]ཞེས་པའི་ཐ་སྙད་གསར་བ་དུ་མར་འཕེལ་བ་ལ་སྐབས་དེ་དུས་ཀྱི་སྤྱི་ཚོགས་འཚོ་བའི་དྲི་ངད་ལྷང་ངེར་འཐུལ་ཞིང་། དབྱིན་ཇིའི་རིག་གནས་ཀྱི་ཁྱད་ཆོས་སྟུག་པོའི་ཁོར་ཡུག་ཏུ་འཚོ་བའི་མི་རྣམས་རང་ལྟ་མཆོག་འཛིན་དང་རང་ཉིད་ཆེར་རློམ་གྱི་བསམ་པ་ཤུགས་དྲག་པའི་དབང་གིས་དབྱིན་ཇིའི་ཡི་གེའི་ནང་དུ། (ང)ཞེས་པ་ནམ་ཡང་གཟབ་འབྲི་བྱ་དགོས་པ་དང་། རྒྱ་ནག་གི་ཡུལ་འདིར་དཔལ་འབྱོར་གྱི་རྟེན་གཞི་གཙོ་བོ་ཞིང་ལས་ལ་བྱེད་པའི་ཁར་ལོ་ངོ་སྟོང་ཕྲག་དུ་མའི་བཀས་བཀོད་རྒྱུན་འཛིན་གྱི་སྤྱི་ཚོགས་ལམ་ལུགས་དམངས་བྱིངས་ཀྱི་འཚོ་བ་ལ་ཤ་ཞེན་རུས་ཞེན་དུ་གྱུར་པའི་དབང་གིས། གཉེན་རྒྱུད་ཀྱི་འབྲེལ་བ་ལ་མཐོང་ཆེན་དང་། གོ་གནས་ཀྱི་མཐོ་དམན་ལ་བརྩི་མཐོང་བྱེད་པར་བརྟེན། རྒྱ་སྐད་ཀྱི་ནང་དུ་ཞིང་ལས་དང་རིགས་རུས་གཉེན་ཚན་གྱི་ཐ་སྙད་མང་ཞིང་ཞིབ་ཚགས་ཆེ་ཡང་། ཡོ་རུབ་གླིང་དུ་ཕུ་ནུ་ཆེ་ཆུང་གི་ལོ་གྲངས་དང་ཕ་སྤུན་སྣག་མཚམས་ཀྱི་ཁྱད་པར་ལ་དེ་འདྲ་ནན་ཏན་མི་བྱེད་པ་དང་། བོད་དུའང་ཕོ་མཆོག་མོ་དམན་དང་གཉེན་ཚན་ཕྱི་ནང་གི་དབྱེ་བ་གཙིགས་སུ་མི་འཛིན་པའི་རྐྱེན་གྱིས། དབྱིན་བོད་ཀྱི་སྐད་ཆའི་ནང་དུ་དེའི་སྐོར་གྱི་ཐ་སྙད་ཧ་ཅང་ཉུང་ངོ་། །དེའི་རྒྱུ་མཚན་ནི་ཇི་ལྟ་བུའི་རིག་གནས་ཀྱི་འདུ་ཤེས་ཡོད་ན་དེ་མཐུན་གྱི་ཐ་སྙད་མང་དུས་བདོག་ཕྱིར། ཕྱོགས་གང་ནས་བལྟས་ཀྱང་རིག་གནས་ནི་སྐད་ཆ་དང་འབྲལ་མེད་དུ་གནས་འདུག་གོ །

གཉིས་པ། སྐད་ཆའི་སྦྱོར་བ་དང་བསམ་བློའི་འཛིན་སྟངས་གཉིས་གཞི་མཐུན་པར་གྲུབ་པ།

ཡུལ་དུས་ག་འདྲ་ཞིག་ཏུ་སླེབས་ཀྱང་མི་རྣམས་ཀྱིས་ནམ་ཡང་སྐད་ཆ་ལ་བརྟེན་ནས་བསམ་བློ་གཏོང་ཞིང་། སྐད་ཆ་དེ་སྤྱོད་མཁན་གྱི་མི་རིགས་སྤྱི་མཐུན་གྱི་བསམ་བློའི་འཛིན་སྟངས་ལྟར་སྐད་ཆའི་སྦྱོར་བ་སྤེལ་གྱིན་ཡོད་ཕྱིར། བསམ་བློ་ལ་ཅི་སྣང་སྐད་ཆའི་ནང་དུ་མངོན་ཞིང་། སྐད་ཆ་ལ་ཅི་མཆིས་མི་རིགས་དེ་གའི་ལོ་རྒྱུས་ཀྱི་དུས་སྐབས་ཤིག་ཏུ་བྱུང་བ་གདོན་མི་ཟ་སྟེ། སྐད་ཆ་ནི་མི་རྣམས་སྲོག་ཆགས་ཕལ་བ་ལས་མིར་འགྱུར་བའི་གོ་རིམ་ཁྲོད་དུ་བྱུང་བའི་བློ་གྲོས་ཀྱི་ཁྱད་ནོར་ཞིག་ཏུ་ངེས་ལ། མིའི་བློ་གྲོས་ལ་རང་ཉིད་སྡོད་སའི་ཁོར་ཡུག་དང་ས་གཤིས་གནས་བབ་ཀྱིས་ཚོད་འཛིན་ངེས་ཅན་བྱུང་དང་འབྱུང་བཞིན་ཡོད་པའི་ཕྱིར་རོ། །

བསམ་བློའི་འདུ་ཤེས་མི་འདྲ་ན་ཐ་སྙད་ཙམ་བསྡུ་ལེན་བྱས་པས་མི་རིགས་དེའི་སྐད་ཆའི་སྦྱོར་བ་ལ་གནོད་པར་མི་འགྱུར་བ་ཉི་ཧོང་གི་ཡི་གེ་ལས་གསལ་བར་རྟོགས་ཐུབ་སྟེ། ད་ལྟའི་ཉི་ཧོང་གི་སྐད་ཀྱི་ནང་དུ་རྒྱ་ཡིག་གི་གཡར་མིང་གིས47.5%དང་། ཉི་ཧོང་གི་སྐད་རང་མིང་གིས36.7%དང་། དབྱིན་ཇིའི་ཐ་སྙད་སོགས་ཀྱིས9.8%དང་། ཐ་སྙད་འདྲེས་མས་ཟིན་ཡོད་པར་བཤད་ཀྱང་།[7] དེ་དག་གིས་ཉི་ཧོང་གི་སྐད་ཀྱི་སྦྱོར་རིམ་དང་བརྡ་སྤྲོད་ཀྱི་ཆ་ལ་འགྱུར་བ་མེད་པ་ནི། མི་རིགས་ཤིག་གི་རིག་གནས་ཀྱི་ནང་དུ་ཕྱི་རོལ་གྱི་ཤུགས་རྐྱེན་ཐེབས་དཀའ་བ་ནི་མི་རིགས་རང་ཉིད་ཀྱི་བསམ་བློའི་འཛིན་སྟངས་དང་། སྐད་ཆའི་སྒྲིག་གཞི། ཡི་གེའི་བཀླག་གདངས་གསུམ་ཡིན་པའི་གནད་ལ་གཏུགས་ཤིང་། མི་རྣམས་ཀྱིས་ཕྱི་རོལ་གྱི་དངོས་པོ་ཞིག་ནང་དུ་དྲང་དགོས་ན་དགོས་མཁོ་ཡོད་མེད་གཙོ་བོར་འཛིན་པ་དང་། མིང་བརྡ་བསྡུ་ལེན་བྱེད་པའི་ཚེ་རང་སྐད་ལ་བརྗོད་བདེ་མིན་དང་རང་ལ་སྔར་ཡོད་ཀྱི་རིག་གནས་འདུ་ཤེས་དང་མཐུན་མིན་གཙོར་འདོན་གྱིན་ཡོད་ཕྱིར། ཅ་ལག་ཅིག་ཡིན་ན་དེ་ལ་བཟོ་བཅོས་མ་བྱས་ཀྱང་ཆོག་མོད། མིང་བརྡ་ལ་དེ་ལྟར་མི་རུང་བས་རྒྱ་གར་གྱི་རིག་གནས་ནང་འདྲེན་བྱེད་པའི་དུས་མཚུངས་སུ་ཐ་སྙད་མང་པོ་བོད་སྐད་དུ་ཚུད་པའང་ཚུལ་དེ་ལས་མི་འདའ་བ། ཀུདྐུམ་ཞེས་པ་གུར་ཀུམ་དང་། ཙནྡན་ཞེས་པ་ཙན་དན། མུསྟི་ཀཱ་ཞེས་པ་མུ་ཏིག་ཏུ་བསྒྱུར་ཅིང་། ཁྱད་པར་བོད་སྐད་རང་ལ་མི་མཁོ་ཡང་རྒྱ་གར་གྱི་སྐད་ལ་སྣང་བའི་མིང་བརྡ་མང་པོ་ཞིག་བོད་སྐད་དུ་འགོད་པ་ལ་སྔགས་ཡིག་ཅེས་པ་ཞིག་གསར་དུ་བྱས་པ་འདིས་བོད་ཀྱི་བསམ་བློ་དང་བསྟུན་པ་མཚོན་ལ། བོད་ཀྱི་རིག་གནས་ལ་རྒྱ་གར་རིག་གནས་ཀྱི་ཤན་ཤུགས་ཧ་ཅང་ཆེ་ཡང་། ཚིག་གི་སྒྲིག་གཞི་དང་བརྡ་སྤྲོད་ཀྱི་ཆ་ལ་འགྱུར་བ་ཅུང་ཟད་ཀྱང་མེད་པ་གནའ་དེང་གི་བསྟན་བཅོས་དག་ཞིབ་བསྡུར་བྱས་པས་བདེ་བླག་ཏུ་རྟོགས་ཤིང་། སྐད་རིགས་གཅིག་ལ་ཡུལ་སྐད་ཀྱི་ཁྱད་པར་མཆིས་ཀྱང་། སྐད་ཆའི་སྦྱོར་བ་ལ་ཁྱད་པར་མེད་པ་ཡང་བསམ་བློའི་འཛིན་སྟངས་གཅིག་མཐུན་དུ་གནས་པའི་ཆ་ལ་ཐུག་གོ །

དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །[8]ཞེས་གསུངས་པ་ལྟར། ཤིང་བཟོ་དང་ཤིང་སྡོང་གཉིས་རང་ས་རང་མལ་དུ་གནས་པའི་ཚེ་ཕན་ཚུན་འབྲེལ་མེད་ཀྱི་ཆོས་གཉིས་སུ་སྣང་ཡང་། ཕན་ཚུན་ཕྲད་ལྟོས་ཀྱི་བྱ་བ་ཞིག་གི་དབང་གིས་ཤིང་བཟོ་ལ་གཅོད་པ་པོ་དང་། ཤིང་སྡོང་ལ་གཅད་བྱ་ཞེས་བཏགས་པ་ནི་གཅད་གཅོད་བཅད་སོགས་ཀྱི་བྱ་བ་ལ་བལྟས་ནས་བཞག་གི བྱ་བ་མེད་ན་ཤིང་སྡོང་གཅད་བྱ་ཡིན་པ་གང་གིས་ཤེས། ཤིང་བཟོ་གཅོད་པ་པོ་ཡིན་པའང་ལྟོས་གཞི་མེད་པའི་ལབ་བརྡོལ་དུ་འདུག་པར་མ་ཟད། བྱེད་པ་པོ་དང་བྱེད་པ་བདག་བརྗོད་ཀྱི་སྒྲ་ནི་བྱེད་ཚིག་ད་ལྟ་བས་སྟོན་པ་དང་། བྱ་ཡུལ་དང་བྱ་ལས་སོགས་དངོས་པོ་གཞན་བརྗོད་ཀྱི་སྒྲ་དག་བྱ་ཚིག་མ་འོངས་པས་སྟོན་པ་ལའང་རྒྱུ་མཚན་འདི་ཡོད་དེ། ཤིང་བཟོས་སྟ་རེས་ཤིང་གཅོད་པའི་དུས་ན་རང་ཉིད་གཅོད་པ་པོ་དང་སྟ་ རེ་གཅོད་བྱེད་དུ་གྲུབ་ཀྱང་། གཅོད་པའི་བྱ་བ་མ་བྱས་པའམ་བཅད་ཟིན་པའི་ཚེ་ན་ཤིང་བཟོ་དེ་ཉིད་གཅོད་མཁན་དུ་མི་རུང་བའི་ཕྱིར་གྱིས། བཅད་པ་པོ་དང་གཅད་པ་པོ་སོགས་སུ་མི་གདགས་ལ། བྱ་བ་བྱས་མ་བྱས་ཀྱི་ཁྱད་པར་བརྟག་པ་ལ་བྱ་བའི་ཡུལ་ལ་བལྟས་པས་རྟོགས་ཀྱི། བྱེད་པ་པོ་རང་སྟེང་ན་བྱ་བ་བྱས་མ་བྱས་ཀྱི་རྗེས་ཤུལ་གང་ཡང་མེད་པའི་ཕྱིར་གྱིས་བྱ་ཡུལ་དེ་མ་འོངས་པས་སྟོན་ཕྱིར། ལྟ་པོ་མེད་ན་བལྟ་བྱ་དང་། །ལྟ་བ་དེ་དག་ག་ལ་ཡོད། །[9]ཅེས་གསུངས་པ་དང་། གཞན་དུ་ན། བྱེད་པ་པོས་བྱ་བ་གང་ཞིག་དངོས་སུ་སྒྲུབ་པའི་ཚེ། བྱ་བ་དེ་ཉིད་ལ་ཆེད་དུ་དམིགས་པའི་རྒྱུ་དུ་མ་ངེས་པར་ཚང་དགོས་པ་སྟེ། བཀྲ་ཤིས་ཀྱིས་གཞུང་དོན་སྒྲུབ་ལྟ་བུར། གང་དུ་བསྒྲུབ་སའི་གནས་དང་བསྒྲུབ་རྒྱུའི་གཞུང་དོན། སྒྲུབ་མཁན་བཀྲ་ཤིས་དང་སྒྲུབ་བྱེད་ཡོ་བྱད། བསྒྲུབས་མ་བསྒྲུབས་པའི་དུས་ཀྱི་ཁྱད་པར་བཅས་རྐྱེན་མང་པོ་ལྷན་དུ་འདུས་པ་ལས་ད་གཟོད་བྱ་བ་གཅིག་གྲུབ་ཕྱིར། བྱ་བ་དེ་རིགས་སྟོན་བྱེད་ཀྱི་སྒྲ་ལ་ཡིག་ཚོགས་ཆེ་བའམ་སྒྲ་ལྕི་བ་མངོན་སུམ་དུ་གྲུབ་པ་ལས། འདི་ལ་བརྟེན་ནས་འདི་གྲུབ་པ་དང་། འདི་ལ་བརྟེན་ནས་འདི་བཞག་པའི་རྟེན་འབྲེལ་གྱི་ཆོས་ཉིད་ལ་བློ་འབྱོངས་པའི་བོད་མིའི་ཀུན་རྟོག་གི་རྣམ་པ་མདོན་པར་གསལ་ཞིང་། ཚིག་གི་སྦྱོར་ཚུལ་གྱི་དབང་དུ་བྱས་ན། བོད་ཀྱི་སྐད་ལ་བྱ་བ་བརྗོད་པའི་མིང་རྗེས་དང་རྒྱ་སྐད་ལ་བྱ་བ་བརྗོད་པའི་མིང་སྔོན་ལ་སྦྱོར་བའང་འཚོ་བའི་གོམས་གཤིས་དང་བསམ་བློའི་འཁྱེར་ཕྱོགས་སོགས་མི་འདྲ་བའི་གནད་ལ་ཐུག་སྟེ། གསོལ་སྟོན་བཤམས་པ་ལྟ་བུར་མཚོན་ན། བོད་ཀྱིས་མགྲོན་པོ་མ་སླེབས་པའི་སྔ་རོལ་ཏུ་བཟའ་བཏུང་གི་སྡེར་ཁ་གྱ་ནོམ་པ་བསྟར་ཅིང་། མགྲོན་པོ་སླེབས་མ་ཐག་མདུན་གྱི་སྡེར་ཁ་མཐོང་བའི་མོད་ལ་དེ་རིང་གི་སྟོན་མོའི་རྒྱུ་ཆེ་ཆུང་དང་བཟའ་བྱ་གང་ཡིན་པ་གསལ་བར་ཤེས་པ་ལྟར། ཐོག་མར་དངོས་པོ་དག་ཚགས་སུ་ཆུད་པར་བྱས་ཏེ། རྗེས་སུ་བྱ་བ་དངོས་ལ་འཇུག་པར་བྱེད་ཕྱིར། མགྲོན་པོས་ཤ་ཟ། མ་སྲུས་ཆང་འཐུང་། ཞེས་བྱ་བ་སྟོན་པའི་སྒྲ་རྗེས་སུ་སྦྱོར་བ་དང་། རྒྱའི་དཔེ་ལ་མགྲོན་པོ་སླེབས་པའི་རྗེས་སུ་ཐུར་མ་དང་ཕོར་བ་སོགས་ཡོ་བྱད་སྔོན་ལ་བསྟར། བཟའ་བཏུང་རྗེས་སུ་བསྐྱལ་པས། ཐུར་མ་སོགས་མཐོང་མ་ཐག་བཟའ་རྒྱུའམ་བཏུང་རྒྱུ་ཡོད་པ་ཤེས་ཀྱང་། ཅི་ཞིག་བཟའ་བ་དང་གང་ཞིག་བཏུང་བ་དངོས་མཇལ་དུ་མ་མངོན་པའི་བར་དུ་ད་དུང་མི་ཤེས་པས། 我喝酒,他吃菜ཞེས་བྱ་བ་སྟོན་པའི་སྒྲ་སྔོན་ལ་སྦྱོར་བ་ཡིན་ནོ། །

དེར་མ་ཟད། བསམ་བློ་གཏོང་ཕྱོགས་ཀྱི་ཆ་ནས། རྒྱའམ་རྒྱ་སྐད་ལ་རྗེས་འབྲས་སྔོན་ལ་འགོད་པ་དང་། བོད་དམ་བོད་སྐད་ལ་ཆ་རྐྱེན་སྔ་འགོད་བྱ་བའི་དབང་གིས། རྒྱ་སྐད་ལ་བརྗོད་གཞིའི(主语)རྗེས་སུ་གསལ་བྱེད་ཀྱི་སྒྲ(谓语)འགོད་པ་དང་། དེའི་རྗེས་སུ་བྱ་ཡུལ་གྱི་སྒྲ(宾语)སྦྱོར་བས། 我想走ལྟ་བུར་རང་གི་འདོད་བློ་གཞན་ལ་བཙན་གྱིས་འགེལ་བའི་བཟོ་ལྟ་མངོན་ཞིང་། བོད་སྐད་ལ་བརྗོད་གཞིའི་སྒྲ་ཚིག་གི་ཡ་མཐའ་ན་སྣང་བ་དང་། གལ་ཏེ་ཚིག་དེ་བྱ་བྱེད་ཐ་དད་པའི་ལས་ཚིག་ཅིག་ཡིན་ན། བརྗོད་གཞི་ལ་བྱེད་སྒྲ་སྦྱར་པས་བྱ་བ་དེ་བྱེད་མཁན་གང་ཡིན་པ་ཐོག་མ་ནས་ངོ་སྤྲོད་བྱས་ཤིང་། དེའི་རྗེས་སུ་བྱེད་པ་པོས་རྩོལ་བ་བསྐྱེད་བྱའི་ཡུལ་ཏེ་བྱ་ཡུལ་བསྟན་པའི་འཕྲོར་ད་གཟོད་བྱ་བ་བརྗོད་པའི་སྒྲ་སྦྱར་ཏེ། རྒྱུ་རྐྱེན་དུ་མ་མངོན་པར་འདུ་བྱས་པའི་འབྲས་བུར་བྱ་བ་དེ་རང་གྲུབ་པ་སྟོན་ནོ། །

དེ་ལ་ད་དུང་བྱ་བ་བྱེད་སའི་ཡུལ་ཏེ་འབྲེལ་ཡུལ་ཡོད་ན་དེ་ཡང་ལ་དོན་སོགས་ཚིག་ཕྲད་དག་གིས་མཚོན་པ། ཁོ་བོས་དཔེ་ཚོང་ཁང་དུ་དཔེ་ཆ་ཉོས་ལྟ་བུར་དཔེ་ཆ་ནི་ཉོ་བའི་བྱ་བ་དང་འབྲེལ་བ་དམ་པས་བར་དུ་ཚིག་ཕྲད་མི་སྦྱོར་ལ། དཔེ་ཚོང་ཁང་ནི་དཔེ་ཆ་ཉོ་བའི་བྱ་བ་དང་འབྲེལ་བའི་གནས་སྐབས་ཀྱི་ཡུལ་དུ་སོང་གཤིས་དེ་ལ་ཚིག་ཕྲད་སྦྱོར་བ་ལྟར། བོད་སྐད་ལ་ཚིག་མཐའི་བྱ་བ་བརྗོད་པའི་སྒྲ་ལ་མ་ཐུག་བར་དུ་རྗེས་འབྲས་གསལ་བོར་མི་ཤེས་པས་ཕྱིར་འཐེན་པའི་ངང་ཚུལ་གསལ་བའང་མི་རིགས་རང་རང་གི་བསམ་བློ་གཏོང་ཕྱོགས་དང་དམ་དུ་འབྲེལ་ཕྱིར། སྐད་ཆ་དང་བསམ་བློའི་འབྲེལ་བའི་ཆ་ནས་བལྟས་ན། བསམ་བློ་གྲལ་འགྲིག་ན་སྐད་ཆའི་སྦྱོར་བ་ཚགས་དམ་ཞིང་། དེ་ལས་ལྡོག་སྟེ། བསམ་བློ་ཟ་ཟིར་གྱུར་ཚེ་སྐད་ཆའི་སྦྱོར་བའང་རད་རོད་དུ་སྣང་བ་མི་དང་མི་རིགས་ཀུན་ལ་གཅིག་མཚུངས་ཡིན་ནོ། །

མདོར་ན། མི་རིགས་ཤིག་གི་སྐད་ཆའི་སྦྱོར་བ་ཇི་ལྟར་སྤེལ་བ་ལ་མི་རིགས་དེའི་བསམ་བློའི་འདུ་ཤེས་དང་རིག་གནས་གོམས་སྲོལ་སོགས་མི་རིགས་རང་གི་བག་ལ་ཉལ་བའི་ཀུན་རྟོག་སྣ་ཚོགས་པས་བཀོད་འདོམས་བྱེད་ཀྱི་ཡོད་པ་དང་། མི་རིགས་ཤིག་གི་སྐད་ཆ་ནི་མི་རིགས་དེའི་བསམ་བློ་མཚོན་བྱེད་དུ་གྲུབ་པས། སྐད་ཆ་འགྱུར་བས་བསམ་བློ་འགྱུར་ཞིང་། བསམ་བློ་འགྱུར་ཚེ་མི་རིགས་འགྱུར་བ་དང་། མི་རིགས་འགྱུར་ན་མི་རིགས་ཀྱི་རིག་གནས་ཀྱང་རྨང་གཞི་མེད་པའི་མཁར་གྱང་ལྟར་འཕྲལ་དུ་འགྱེལ་བ་གདོན་མི་ཟ་བས། ད་དུང་ཡང་སྔར་ལྟར་རིག་གནས་སྣ་ཚོགས་ཀྱི་དཔལ་ལ་རོལ་བར་འདོད་ན། ཐོག་མར་མི་རིགས་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ལ་དོ་སྣང་བྱ་དགོས་ལ། དེ་ལྟར་བྱས་ན་རྒྱལ་ཁབ་དང་འཛམ་གླིང་ཡོངས་ལ་བླ་མེད་ཀྱི་བྱས་རྗེས་ཤིག་བཞག་པ་ཡིན་ནོ། །

གསུམ་པ། སྐད་ཆ་ནི་མི་རིགས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན།

མི་ཡི་ནུས་པ་ཐམས་ཅད་ཀྱི་ནང་ནས་རང་ཉིད་ཀྱི་བསམ་བློ་དང་དམ་དུ་འབྲེལ་ཞིང་ཡིད་ཀྱི་འགྱུར་བ་སྣ་ཚོགས་ཇི་བཞིན་མཚོན་པ་ལ་ངག་ནས་སྐད་འབྱིན་པའི་ཡན་ན་ཅི་ཡང་མེད་དེ། སྐད་རྒྱག་པ་ནི་དབུགས་ཀྱི་འབྱིན་རྔུབ་དང་འདྲ་བར་འབྱུང་བས་ཟིན་ཅིང་བརྗོད་འདོད་ཀྱི་ཀུན་སློང་གིས་བསླད་པས། ཚད་མ་རྣམ་འགྲེལ་ལས་ཀྱང་། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །དེ་ཡི་ཁྱད་པར་ཅན་དེ་ནི། །རྣ་བས་ངེས་པར་འགྱུར་བ་ཡིན། །[10]ཞེས་བསྟན་པ་ལྟར། མི་ཡི་སྐད་ཆ་ནི་མཐོ་དམའ་མི་འདྲ་བའི་སྒྲ་གདངས་སྣ་ཚོགས་ཀྱིས་གྲུབ་ཅིང་། སྒྲ་མི་འདྲ་ན་དོན་མི་འདྲ་ཞིང་དོན་དེ་ཡང་སྒྲ་ལ་བརྟེན་ནས་རྗོད་མཁན་རང་ཉིད་ཀྱི་ངག་ལས་ཐོན་ཏེ་ཕྱིར་སྐྱེལ་ན་ཡང་། ཡིད་ཀྱི་རྗོད་བྱེད་དེ་ནི་རྗོད་མཁན་རང་ཉིད་ཀྱི་བསམ་བློ་དང་འབྲེལ་ཞིང་། མིའི་བསམ་བློ་ཆ་ཚང་སྟེ་ཐ་ན་ཆགས་ཞེན་དང་དགའ་སྐྱོ། དྲན་གདུང་དང་མྱོང་ཚོར་དང་བཅས་པའི་ནང་གི་གནས་སྐབས་མཐའ་དག་ནི་རིག་གནས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གནས་བབ་ངེས་ཅན་ཞིག་གི་བདག་འབྲས་སུ་གྲུབ་པའི་ཕྱིར་ན། སྐད་ཆ་མི་འདྲ་བས་རིག་གནས་མི་འདྲ་བ་མཚོན་ཞིང་། རིག་གནས་མི་འདྲ་ན་མི་རྣམས་ཀྱི་རང་གཤིས་ཀྱང་མི་འདྲ་བས་སྐད་ཆ་ནི་མི་རིགས་ཤིག་གི་མཚོན་བྱེད་གལ་ཆེན་ཞིག་ཏུ་གྲུབ་སྟེ། བེ་ལན.ཧྥུན.ཧོང་པོ་ཐུས། སྐད་ཆ་བྱུང་བ་ནི་འགྲོ་བ་མིའི་ནང་སེམས་ཀྱི་དགོས་མཁོ་ལས་བྱུང་བ་ཡིན་གྱི། ཕན་ཚུན་འབྲེལ་འདྲིས་བྱེད་པའི་ཕྱི་རྐྱེན་ཁོ་ན་ལས་བྱུང་བ་མ་ཡིན་ཏེ། སྐད་ཆ་ནི་འགྲོ་བ་མིའི་གཤིས་ཀ་ན་གནས་པའི་ཆོས་ཤིག་ཏུ་སྣང་ཞིང་། མི་ཡི་བསམ་བློ་དང་འཇིག་རྟེན་ལྟ་ཚུལ་གང་ཡིན་ཡང་སྐད་ཆ་དང་འབྲལ་དུ་མེད་དོ། །[11]ཞེས་དང་། སྐད་ཆ་ལ་ཡུལ་དུས་ཀྱི་གནས་སྐབས་གང་དུའང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་། མི་རིགས་ནི་སྐད་ཆའི་གསར་གཏོད་པ་ངོ་མ་ཡིན་ནོ། །[12]ཞེས་སོགས་གསུངས་པའི་ཕྱིར་རོ། །

དེ་སྔ་སི་ཏ་ལེན་གྱིས་བཀོད་པའི་མི་རིགས་དབྱེ་ཞིབ་ཀྱི་ཚད་གཞི་དག་ལས། ཐུན་མོང་གི་གནས་ཡུལ་དང་སྤྱི་མཐུན་གྱི་དཔལ་འབྱོར་འཚོ་བ་ཞེས་པ་གཉིས་ད་ལྟ་ཁས་ལེན་མིན་སྣ་ཚོགས་ཡོད་ཀྱང་། སྤྱི་མཐུན་གྱི་སྐད་ཆ་དང་དེ་ལ་བརྟེན་པའི་ཐུན་མོང་གི་བསམ་བློའི་འདུ་ཤེས་གཉིས་ནི་ནམ་ཡང་མི་རིགས་དབྱེ་ཞིབ་ཀྱི་ཚད་གཞི་གལ་ཆེན་ཞིག་ཏུ་ངེས་ཏེ། སྐད་ཆ་དང་བསམ་བློ་གཉིས་ནི་ནམ་ཡང་འབྲལ་མེད་དུ་གནས་ཤིང་། ཐུན་མོང་གིས་གོ་བའི་སྐད་ཆའི་སྦྱོར་བ་ལ་མ་བརྟེན་ན། སྤྱི་མཐུན་གྱི་བསམ་བློ་ཞིག་ཆགས་ཐབས་མེད་པ་དང་། མི་རིགས་ཤིག་ལ་མངའ་བའི་ཁྱད་ཆོས་ཀུན་ལས་སྐད་ཆ་ནི་འཕེལ་འགྱུར་ཆེས་དལ་བའི་ཆོས་ཤིག་ཏུ་འཁུམས་ཕྱིར། ལོ་རྒྱུས་ཀྱི་སྐྱོག་མཚམས་སུ་སླེབས་པའི་མི་རིགས་ཤིག་ལ་མཚོན་ན། ཐོག་མར་བསམ་བློ་གཏོང་ས་ནི་གཉིས་ཏེ། ཡབ་མེས་ཀྱི་སྲོལ་རྒྱུན་ཇི་ལྟར་རྒྱུན་འཛིན་བྱེད་པ་དང་། མ་འོངས་པའི་འདུན་མ་ཇི་ལྟར་སྐྱོང་བ་དེའོ། །

དེའི་དབང་གིས་ལོ་རྒྱུས་སྟེང་ཡུལ་རྒྱང་དུ་བསྐྱལ་པའི་མི་རིགས་དག་གནས་ཡུལ་དང་ཐོན་སྐྱེད་ཀྱི་གནས་བབ་ལ་འཕོ་འགྱུར་ཅི་འདྲ་བྱུང་ཡང་། སྐད་ཆ་དང་ཡུལ་སྲོལ་གོམས་གཤིས་སྔར་ལྟར་གནས་པ་འཇང་དང་བོད་མི་ཞེས་པའི་མི་རིགས་དག་གི་སྟེང་ནས་གསལ་བར་རྟོགས་སོ། །

དེ་ལྟར་ཡིན་ཡང་དགོས་ཏེ། གལ་ཏེ་སྔར་ཡོད་ཀྱི་སྐད་ཆ་གཞི་ནས་དོར་ཚེ། མི་རབས་ནས་མི་རབས་སུ་བརྒྱུད་ཅིང་སྤེལ་པའི་འཚོ་བའི་ཉམས་མྱོང་དང་རིག་གནས་མཐའ་དག་དོར་དགོས་ལ། དེ་དོར་བས་རང་ཉིད་སླར་ཡང་ཟས་གོས་གཉིས་ཀྱིས་ཕོངས་པའི་དབུལ་པོ་རང་ལ་མ་སླེབས་རང་ཐོན་ཡིན་པས་སྐད་ཆ་ཅིས་ཀྱང་རྒྱུན་འཛིན་བྱ་དགོས་ཏེ། སྐད་ཆ་ནི་མི་རིགས་ཤིག་གི་ཁྱིམ་རྒྱུད་ནོར་བུ་དང་བསམ་བློའི་རྟེན་གཞི་འབའ་ཞིག་ཏུ་སྣང་བའི་ཕྱིར་རོ། །

ད་ཆ་དུས་ཀྱི་འཕེལ་འགྱུར་དང་སྤྱི་ཚོགས་གོང་འཕེལ་གྱི་དབང་གིས་མི་ལྡོག་བྱུང་དང་འབྱུང་བཞིན་ཡོད་ན་ཡང་། མི་རིགས་ཀྱི་ལ་རྒྱ་དང་མི་རིགས་རང་ཉིད་ཀྱི་འཚོ་ཐབས་དང་དམ་དུ་འབྲེལ་བའི་རྟོགས་པ་སད་པའི་རྟགས་ཤིག་ཏུ་འཁུམས་ཤིང་། མི་རིགས་ཤིག་སྔོན་དུ་སྐྱོད་པའི་ཐབས་ལམ་ཉག་གཅིག་ནི་རྙིང་བ་བསྒྱུར་བཅོས་དང་གསར་བ་ནང་འདྲེན་བྱེད་པ་ལས་མི་འདའ་ལ། དེ་ཡང་མི་རིགས་རང་ཉིད་ཀྱི་སྐད་ཡིག་དེ་ཡོ་བྱད་ཀྱི་མཆོག་རྟ་བསྟེན་པ་དེ་ཡིན་ཕྱིར། སྐད་ཆ་ལ་བརྩི་འཇོག་མི་བྱེད་པའམ་དམའ་འབེབས་བྱེད་པ་ནི་མི་རིགས་དེ་ལ་བརྩི་འཇོག་མི་བྱེད་པའམ་དམའ་འབེབས་པ་དང་། སྐད་ཆ་ལ་གནོད་སྐྱེལ་བ་ནི་མི་རིགས་ལ་གནོད་སྐྱེལ་བ་ཉིད་དུ་ལྟའོ། །[13]

མཆན་འགྲེལ།

[1] [6] [7] 顾嘉祖等《语言与文化上海外语教育出版社,1996.9p.73p.50
[2] [13] 戴庆夏《语言和民族冲央民族大学出版社,1994.1p.29p.6
[3] [4] དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། 1986.6.p.165.171.
[5] 贾稀儒《民族语言散论滑海民族出版社,1987p.111
[8] [9] སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་དྲུག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1997.4.p13.p.5.
[10] དགེ་བཤེས་ཡེ་ཤེས་དབང་ཕྱུག་གི་ཚད་མ་རིག་པའི་དགོངས་རྒྱན། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1989.7.p.157.-158
[11] [12] 冯洪堡特《论人类语言结构的差异及其对人类糖神发展的影响》商务印书馆,1997。p.25。p.45

ཡོང་ཁུངས། 《སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད》། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།