བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐད་ལམ་སྟོན་བཀའ་སློབ། 

༄༅། །ང་ཚོའི་བསམ་བློ་གཏོང་སྟངས་དང་། སྤྱོད་ལམ། སྐད་ཡིག་སོགས་གང་ཅི་མི་རིགས་གཞན་དང་མི་འདྲ་བར་ཟུར་གསལ་འབུར་ཐོན་དུ་ཡོད། བོད་ཀྱི་སྐད་ཡིག་གིས་མཚོན་པའི་མི་རིགས་ཀྱི་རྣམ་པ་གསལ་པོར་ཕྱེ་ཐུབ་པའི་ཆ་རྐྱེན་འདི་རིགས་ལ་རང་རེས་གཅེས་སྤྲས་དང་།

མཐོང་ཆེན་བྱ་རྒྱུ་གལ་ཆེན་པོ་ཡིན། ང་ཚོ་མིའི་ལུང་པར་གྱར་བའི་སྐབས་འདིར་སོ་སོའི་སྐད་ཡིག་ལ་དོ་སྣང་མེད་པར་ཉམས་བརླག་ཕྱིན་ན་ཧ་ཅང་ཐབས་སྐྱོ་པོ་རེད། ང་རང་ཚོ་སོ་སོའི་མི་རིགས་ཀྱི་རྣམ་པའི་ཁྱད་ཆོས་དག་ལས་ངོ་ཚ་དགོས་པ་མ་རན་པ་ཡོད་ན་ནི་གནས་ཚུལ་ཐ་དད་ཡིན། དེ་མིན་ན་སོ་སོའི་སྐད་ཡིག་ལ་བདག་གཅེས་ཡག་པོ་བྱ་རྒྱུ་ཤིན་ཏུ་གལ་གནད་ཆེན་པོ་ཡིན།

གལ་ཏེ་རང་རེ་རྒྱ་གར་ལ་ཡོད་པ་ཚོས་རྒྱ་གར་གྱི་སྐད་ཡིག་དང་། བལ་ཡུལ་ལ་ཡོད་པ་ཚོས་བལ་པོའི་སྐད་ཡིག ཕྱི་རྒྱལ་ལ་ཡོད་པ་ཚོས་དབྱིན་ཇི་གཙོ་བོར་གྱུར་པའི་སྐད་ཡིག་གཞན་དག་སྤྱོད་པ།  དེ་བཞིན་བོད་ནང་དུ་ཡོད་པ་ཚོས་རྒྱ་མིའི་སྐད་ཡིག་ལ་དང་དོད་ཀྱིས་བེད་སྤྱོད་བྱས་པ་ཡིན་ན། ང་ཚོ་བོད་ཀྱི་སྐད་ཡིག་གི་གནས་སྟངས་གང་འདྲ་ཞིག་ཆགས་རྒྱུ་རེད་དམ། སྤྱིར་བཏང་སྐད་ཡིག་འདྲ་མིན་མང་པོ་ཤེས་ན་དཔལ་དང་རྒྱན་ཡིན་པས། དགའ་བསུ་ཡོད། འོན་ཀྱང་སོ་སོའི་སྐད་ཡིག་བདག་མེད་བེད་མེད་བསྐྱུར་འཇོག་གིས་གཞན་གྱི་སྐད་ཡིག་ལ་སྐྱབས་བཅོལ་ཏེ་འཐམས་ནས་བསྡད་པ་ཡིན་ན། ནམ་ཞིག་བོད་མིའི་སྐད་ཡིག་རྩ་བརླག་ཏུ་འགྲོ་ཉེ་ཡོད།  གནས་ཡུལ་སོ་སོའི་མི་དང་འབྲེལ་བ་བྱེད་སྐབས། ཡུལ་དེའི་སྐད་ཡིག་བེད་སྤྱོད་མི་བྱེད་ཐབས་མེད་ཡིན། འོན་ཀྱང་ཁྱིམ་ཚང་ནང་དང་བོད་མི་ནང་ཁུལ་ཕན་ཚུན་འབྲེལ་བ་བྱེད་སྐབས་བོད་སྐད་གཙང་མ་བེད་སྤྱོད་བྱ་དགོས། བོད་པའི་སྐད་ཡིག་ལ་བོད་མི་རང་ཉིད་ཀྱིས་མཐོང་དང་ཆ་འཇོག་མ་བྱས་ན། གཞན་གྱིས་བྱེད་མཁན་ཡོང་གི་མ་རེད། བོད་མིས་བོད་ཀྱི་སྐད་ཡིག་མ་ཤེས་ན་ངོ་ཚ་པོ་དང་ཐབས་སྐྱོ་པོ་རེད།

བོད་ཀྱི་ཆོས་དང་རིག་གཞུང་མུ་མཐུད་གནས་པ་ལ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་མ་བྱས་ཐབས་མེད་ཡིན། སངས་རྒྱས་ཀྱི་གསུང་བཀའ་འགྱུར་དང་། འཕགས་བོད་ཀྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཕྱག་དཔེ་ནང་བཞུགས་ཡོད་པ་དེ་ཚོ་མཇལ་ཏེ་ནང་དོན་ཤེས་འདོད་དང་། བྲོ་བ་མྱང་འདོད་ཡོད་ན་བོད་ཡིག་མ་ཤེས་ཐབས་མེད་ཡིན། དེ་བཞིན་ཚེ་ཕྱི་མ་བདེ་ནས་བདེ་བའི་ལམ་དུ་བགྲོད་པར་ཐོག་མར་བླ་མ་དགེ་བའི་བཤེས་གཉེན་བསྟེན། དེ་ནས་དཔེ་ཆ་བལྟ་དགོས། དཔེ་ཆ་མ་བལྟས་པར་སྨོན་ལམ་དང་། དད་པ། ཡིད་ཆེས་བཅས་ཀྱིས་དེ་ལྟར་ཡོང་རྒྱུ་ཁག་པོ་ཡིན། དཔེ་ཆ་བལྟ་བ་ལ་ཡི་གེ་ཤེས་དགོས། ནང་ཆོས་ཀྱི་གོ་བ་བོད་ཡིག་ཐོག་ནས་ལོན་པ་ནང་བཞིན་སྐད་ཡིག་གཞན་གྱི་ཐོག་ནས་ལོན་རྒྱུ་ཁག་པོ་ཡིན། དེ་འདྲ་ཡིན་དུས་བོད་ཀྱི་སྐད་ཡིག་གི་གནས་རིམ་འདི་གང་འདྲ་ཡིན་པ་རྟོགས་ཐུབ། སྐད་ཡིག་སྐོར་གྱི་ཉམས་ཞིབ་པ་ཚོས་བོད་ཀྱི་སྐད་ཡིག་འདི་འཛམ་གླིང་ཐོག་དར་སྔ་ཤོས་ཀྱི་སྐད་ཡིག་བཅུ་གྲངས་ཤིག་ཡོད་པ་དེའི་ཁོངས་སུ་ཚུད་ཀྱི་ཡོད་པ་བཤད་ཡོད།

གཞན་ཡང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་ཐོག་ནས་བོད་མི་རིགས་ཀྱི་ངོ་བོ་དང་། མི་རིགས་གཞན་ལས་ཐ་དད་ཡིན་པ་བསྟན་གྱི་ཡོད། མ་འོངས་པར་བོད་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་འཛམ་གླིང་གི་ཡུལ་ལུང་སྤྱིའི་འགྲོ་སྟངས་ལྟར་བོད་ལུང་པ་འཛིན་སྐྱོང་ལས་དོན་ཆེ་ཕྲ་མཐའ་དག་བོད་ཡིག་ཐོག་ནས་བྱེད་དགོས་པ་ཡིན། ལྷག་དོན་དུ་འཛམ་གླིང་ཡར་ཐོན་གྱི་སྤྱི་ཚོགས་གྲས་སུ་ཚུད་པ་ལ་སོ་སོའི་སྐད་ཡིག་རིག་གཞུང་གི་ལོ་རྒྱུས་ཤོད་རྒྱུ་མེད་ན། འཚོ་བ་ཁུངས་འཁྱོལ་ཡང་། ཤེས་ཡོན་ཅན་གྱི་ཡར་ཐོན་མི་སྣ་ཚོས་མཐོང་ཆུང་འཕྱ་སྨོད་བྱེད་ཡུལ་ཞིག་ཏུ་འགྱུར་རྒྱུ་ཡིན། དེའི་ཐད་ཕྲུ་གུ་རང་ཉིད་སྨོས་ཅི། ཕྲུ་གུའི་ཕ་མ་སྤུན་མཆེད་དང་། བོད་སྤྱི་པའི་དམིགས་ཡུལ་དང་འབྲེལ་ནས་བཙུགས་པའི་ཚོགས་པ་སྐྱིད་སྡུག་སོགས་ཚང་མས་གཡོལ་ཐབས་མེད་པའི་འགན་འཁྲི་ལྕི་པོ་ཞིག་ཡིན།

དེ་བཞིན་བོད་པའི་སྤྱི་ཚོགས་ཁྲོད་མི་ཚེ་སྐྱེལ་འདོད་ཡོད་ན། བོད་པའི་རིག་གཞུང་གོམས་གཤིས་ཤེས་པ་བྱེད་དགོས། དེང་སང་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ཏུ་འགྲོ་མཁན་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ལ་དམིགས་བསལ་གྱི་དོ་སྣང་བྱེད་ཀྱི་ཡོད་པའི་གཏམ་བཟང་ཞིག་གོ་རྒྱུ་འདུག དེ་ལ་དངོས་གནས་དགའ་པོ་བྱུང་། རང་ཉིད་བོད་པ་ཡིན་པའི་ཆ་ནས་སོ་སོའི་མི་ཚེ་བོད་པའི་སྤྱི་ཚོགས་ཁྲོད་སྐྱིད་པོ་ཡོང་གི་རེད། 

ཡོང་ཁུངས། དགའ་ལྡན་ཕོ་བྲང་གི་དྲ་རྒྱ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།