༄༅། །སྤྱི་ཚོགས་རིག་པ་དང་བོད་ཀྱི་དེང་རབས་བསམ་བློ་དབར་གྱི་ནང་འབྲེལ་བརྟག་དབྱེ་སྤྱི་ལམ་དསར་བའི་སྐྱ་རེངས།

ལྡོང་ཕྱིང་གུར་བ་རྒྱལ་ལོ།

རིག་གཞུང་ཞིག་གི་རྨང་གཞི་གསར་ཏུ་འདིང་བ་དེ་ནི་ཚོང་རྫས་གསར་བ་ཉོས་ཏེ་སྐྱེལ་འདྲེན་བྱེད་པ་ལྟ་བུ་ཞིག་མ་ཡིན་པར་མི་རིགས་ཤིག་གི་མ་འོངས་འབྱུང་འགྱུར་གྱི་འཕེལ་སྟོབས་དང་འབྲེལ་དམ་ཞིང་། སྔར་མཆིས་རིག་གཞུང་ལ་ངར་ལྡུད་རྐང་གསོ་ལྟ་བུའི་ཡར་རྒྱས་ཀྱི་བྱེད་ལས་གལ་གནད་ཅན་ཞིག་ཡིན་པས། ༡༽རིག་གཞུང་དེ་འཛུགས་སའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་དང་། ༢༽འཛུགས་རྒྱུའི་རིག་གཞུང་དེའི་རྩ་ལག་གི་རྣམ་གཞག། ༣༽སྤྱི་ཚོགས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་དེང་རབས་བསམ་བློ་བཅས་གསུམ་གྱི་སྒང་ནས་བརྟག་དགོས་ཤིང་། འདས་པའི་མི་ལོ་༦༠ཡི་ནང་གཞིས་བྱེས་གཉིས་ཀྱི་སྐྱེས་ཆེན་དམ་པ་ཁག་གིས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་འགྲོ་ལུགས་ཐད་ཐུགས་དགོངས་བཞེས་ཚུལ་སྣ་ཚོགས་ཕྱོགས་བསྡུས་བརྒྱུད་དེ་སྤྱི་ཚོགས་རིག་པའི་སྒང་ནས་མཐོང་འགྲེལ་ཅི་ཙམ་བྱ་ཐུབ་མིན་གྱི་བརྟག་དབྱེ་མདོ་ཙམ་ཞུ་བ་ལ།

 བོད་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས།
རང་རེའི་བོད་ཀྱི་སྤྱི་ཚོགས་རྨང་གཞི་ལ་གཞིས་བྱེས་གཉིས་སུ་བཅད་པའི་སྤྱི་ཚོགས་དང་། ལྷག་པར་དུ་རང་རེའི་མི་རིགས་ཀྱི་རྩ་བ་སྟེ་གཞིས་ཀྱི་སྤྱི་ཚོགས་རྒྱལ་ཁབ་སྟོབས་ཅན་ཞིག་གིས་རྐང་བཙུགས་ཏེ་འཆར་གཞི་དང་གོ་རིམ་ལྡན་པའི་ངང་མི་སེར་སྤེལ་ཡུལ་དུ་བཟུང་ཞིང་སྤྱི་ཚོགས་ལ་སྒྱུར་བཀོད་གཞི་རྒྱ་ཆེན་པོ་མི་ལོ་དྲུག་ཅུར་བྱས་དང་བྱེད་བཞིན་པ། བོད་ཀྱི་ཡིག་ཐོག་ཤེས་བྱ་ཐོན་སྐྱེད་བྱེད་ས་སྟེ་དགོན་པ་ཁག་ཆོས་ལུགས་ཁོ་ནའི་སྒྲིག་འཛུགས་ཤིག་ཏུ་ངོས་བཟུང་སྟེ་གང་དེའི་སྤྱི་ཚོགས་ནུས་པ་བཀག་བསྡོམས། བོད་ཀྱི་དཔལ་འབྱོར་རྐང་རྩ་དང་དེའི་བདག་དབང་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་ཟིན་པ། ༡༽ རང་རེའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་སྒྲིག་གཞི་ནུས་མེད་ཉེན་ཁ་ཅན་དུ་བཟོ་བཞིན་པ། དབུས་སྒྲིག་འཛུགས་དང་མི་དམངས་གཞིས་བྱེས་གཉིས་སུ་གྱེས་ཡོད་པས། བོད་ཀྱི་སྤྱི་ཚོགས་རིག་པར་མི་རིགས་ཤིག་གི་ངོས་ནས་ཐུན་མོང་གི་ཁྱད་ཆོས་དང་། གཞིས་བྱེས་གཉིས་ཀྱི་ངོས་ནས་རིགས་ལམ་འཕར་མའི་ཁྱད་ཆོས་ཀྱང་ཤིན་ཏུ་གལ།

མཆན།༼༡དཔལ་འབྱོར་ཞིབ་འཇུག་པ་ཞིག་གི་ཞལ་ནས་ཐད་ཀར་ཐོས་ཚོད་ལ། གལ་ཏེ་རང་བཙན་རེག་ཀྱང་བོད་ཀྱི་དཔལ་འབྱོར་ཉུང་མཐའ་རྒྱ་ནག་ལ་མི་རབས་༥མ་བརྟེན་ཐབས་མེད་བཟོས་འདུག་པ་ལྟ་བུ། ༽

 ༧གོང་ས་མཆོག་གི་ཐུགས་བཞེས་སྐུ་དྲིན་ལ་བརྟེན། གཞུང་གི་ཆབ་སྲིད་འགྲོ་ལུགས་དང་སྒྲིག་འཛུགས་མང་གཙོ་གཙང་མའི་ལམ་དུ་ལེགས་བཅོས་ལམ་འགྲོ་བྱུང་བ་དང་། ཡིག་ཐོག་གི་སྲོལ་རྒྱུན་རིག་གནས་ལས་ནང་རྐང་ཅན་གྱི་ཆ་ཐམས་ཅད་དེང་རབས་ཚན་རིག་དང་ཟུང་འབྲེལ་བྱུང་བ་སོགས་ནི་བྱེས་ཀྱི་ཡུལ་དུས་བརྒལ་བའི་གྲུབ་འབྲས་རླབས་ཆེན་ཏུ་སྣང་ཞིང་། མི་རིགས་ཀྱི་དབུ་ཁྲིད་ཡིན་པའི་ངོས་ནས་སྐུ་དབང་དམངས་ཚོགས་ལ་གནང་སྟེ་ཆབ་སྲིད་འགྲོ་ལུགས་དང་སྲིད་གཞུང་གི་སྒྲིག་འཛུགས་མང་གཙོའི་ཀ་བ་རྣམ་གསུམ་འཐུས་བརྟན་ཏུ་མཛད་པའི་ཐུགས་བཞེས་བསམ་བློ་བཅས་པ་འདི་བོད་མི་རིགས་ཀྱི་མ་འོངས་པའི་རྒྱགས་ཆས་སུ་བསྐྲུན།

ཡང་། བྱེས་ཀྱི་སྤྱི་ཚོགས་ནང་དམངས་ཚོགས་ཀྱི་གོ་རྟོགས་དང་སྤུས་ཀ་ཞན་པར་རྐྱེན་བྱས་ཏེ་ལུང་ཚན་དང་ཆོས་རྒྱུད་གྲུབ་མཐའི་ཁྱད་པར་ཤུགས་ཆེར་བསྐྱེད་བཞིན་པའི་བསམ་བློའི་འབྱུང་ས་འབྱུང་ཁུངས་གང་ཡིན་དང་དེའི་ཤུགས་རྐྱེན་ངན་པ་བསྐྱེད་སྟངས་བཅས་མི་རིགས་ནང་འདྲིལ་གྱི་དགོས་དབང་དུ་བསམ་བློ་བཏང་སྟེ་སྤྱི་ཚོགས་རིག་པའི་སྒང་ནས་བརྟག་དཔྱད་དང་ཉམས་ཞིབ་གནད་སྨིན་ཏུ་གནང་དགོས། གཞིས་ཀྱི་སྤྱི་ཚོགས་ནང་། དེང་རབས་ཤེས་བྱ་གསར་བ་ནང་འདྲེན་ཐོན་སྐྱེད་ཀྱི་སྒྲིག་འཛུགས་ཏེ་བོད་ཀྱི་མཐོ་སློབ་རང་རྐྱ་བ་མེད་པར་བཟོས་པ་དང་ལྷན། སློབ་གྲྭ་འགྲིམ་དགོས་ངེས་ཀྱི་སྲིད་བྱུས་འཁྲེགས་པོ་ལག་བསྟར་བྱས་ཤིང་འབྲེལ་མེད་བསླབ་དེབ་ཀྱི་ནང་དོན་དང་འགྱུར་ཚིག་སྐྱོན་ཅན་བསླབ་པས་བོད་ཀྱི་གྲོང་བའི་ཡོན་ཏན་པའི་ཡོང་ཁུངས་མཐོ་ས་དང་རྨང་གཞི་གཉིས་ཆ་ནས་ནག་རུབ་བཟོས་པ་འདིས་བོད་ཀྱི་མི་རབས་གཉིས་ནས་གསུམ་ལ་ཤུགས་རྐྱེན་ངན་པ་ཐེབས་ཟིན་པས། འབྱུང་འགྱུར་གྱི་སྤྱི་ཚོགས་ནང་རང་གི་རིག་གནས་ལག་ལེན་དང་སྐད་ཡིག་བེད་སྤྱོད་ཀྱི་ནུས་པ་ག་ཚད་འཇོན་ཚུལ་ཕལ་ཆེར་དཔོག་ཐུབ།

བོད་ཀྱི་སྲོལ་རྒྱུན་ཤེས་བྱ་དང་ཡི་གེ་བེད་སྤྱོད་ལག་ལེན་གྱི་དཔུང་སྡེ་གཙོ་བོ་སྟེ་གཞིས་ཀྱི་དགོན་པའི་རབ་བྱུང་བའི་སྡེ་གྲྭ་བ་རྣམ་པར་མཚོན་ན་དུས་སྐབས་གཉན་འཕྲང་ཅན་ཞིག་ཏུ་བསླེབས་བསྡད་པ་དང་། གཞན་གྱིས་རྐང་བཙུགས་ཏེ་རྩ་བ་གཅོད་བྱེད་ཀྱི་སྲིད་བྱུས་ཤིག་ཏེ། རང་ལོ་༡༨་མ་ཕེབས་བར་ཏུ་གྲྭ་བ་བྱེད་མི་ཆོག་པའམ་བྱས་ཟིན་པ་སློབ་གྲྭའི་ནང་བསྐྱལ་ཏེ་གྲྭ་ལོག་མང་པོ་འབྱུང་བཞིན་པ་སོགས་འཕྲལ་ཕུགས་གཉིས་ཀའི་སྤྱི་ཚོགས་གཞི་རྩར་གནོད་པའི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་པ་མངོན་སུམ་དུ་སྣང་།

སྤྱི་ཚོགས་རིག་པའི་མཐོང་ལམ་དུ། རིག་གནས་གང་ཞིག་ལག་ལེན་ཏུ་བསྟར་བ་དེས་དེ་བཞིན་གྱི་སྤྱི་ཚོགས་གྲུབ་པ་དང་མི་འབོར་གྱི་ཐུན་མོང་བྱ་སྤྱོད་ཀྱི་རྒྱུན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་གཞི་ཆགས་པས། སྤྱི་ཚོགས་དང་དེའི་སྒྲིག་གཞི་ཡི་མུ་རྒྱུན་བསྲིང་བར་རིག་གནས་དང་དེའི་ལག་ལེན་འབྲེལ་བ་གལ་གནད་དུ་ཆགས་པས། རོང་འབྲོག་དབར་གྱི་སྤྱི་ཚོགས་གནས་བབ་ཁྱད་པར་དང་། ས་གནས་སོ་སོའི་དབར་གྱི་ཤེས་རིག་ལག་ལེན་གྱི་སྟོབས་ཤུགས་དང་ཁོར་ཡུག་གི་ཁྱད་པར། མི་འབོར་ས་ཡ་བདུན་བརྒལ་ཞིང་ཕོ་མོའི་མང་ཉུང་གི་ཧེ་བག་ཆུང་ཞིང་། ༨༠་% ནས་༩༠%་དབར་བོད་ཡིག་ལག་ལེན་བྱེད་མི་ཐུབ་པར་ཞིང་ལས་དང་འབྲོག་ལས་གཉེར་བཞིན་མཆིས་པས། བོད་མི་རིགས་གཞི་ནས་དེང་རབས་ཅན་ཏུ་གྱུར་མེད་པར་སྲོལ་རྒྱུན་སྤྱི་ཚོགས་ཤིག་གི་ངང་དུ་གནས་ཡོད་པ་དང་། སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་མ་ལག་གཅིག་དྲིལ་ལ་དཀའ་ཁག་མང་པོ་མཆིས་ཤིང་། གྲུབ་མཐའ་སོ་སོས་བོད་སྤྱིའི་ཡར་རྒྱས་དང་རྡོག་རྩ་གཅིག་དྲིལ་གྱི་ཕྱོགས་སུ་བསམ་བློ་འཁོར་སྟངས་སོགས་སྤྱི་ཚོགས་ཀྱི་གཏིང་རིམ་གནས་ཚུལ་བརྟག་དབྱེ་ཚགས་ཚུད་གཞིར་བཞག་ཏེ་གནད་དེ་དག་བཀྲལ་བར་འཇུག་ཕྱོད་ཆེ་བའི་བོད་ཀྱི་སྤྱི་ཚོགས་རིག་པ་མཁོ་གལ་ཆེ།

སྤྱི་ཚོགས་རིག་པའི་རྩ་ལག་གི་རྣམ་བཞག
སྤྱི་ཚོགས་རིག་པ་དཔྱད་ཁོངས་ཚད་རིམ་གྱི་སྒང་ནས་རིགས་བཞིར་བཀར་བ་སྟེ། ཕྲ་བའི་སྤྱི་ཚོགས་རིག་པ། རགས་པའི་སྤྱི་ཚོགས་རིག་པ། དབར་དམིགས་སྤྱི་ཚོགས་རིག་པ། ཡོངས་ཁྱབ་སྤྱི་ཚོགས་རིག་པའོ། དེ་དག་ལ་ཡན་ལག་གི་རིག་ཚན་མང་པོ་མཆིས་པ་ལས་གལ་ཆེན་འགའ་སྟེ། ༡༽ གཞུང་ལུགས་ཁོ་ན་སྨྲ་བའི་སྤྱི་ཚོགས་རིག་པ། ༢༽ ལོ་རྒྱུས་སྤྱི་ཚོགས་རིག་པ། ༣༽ ཤེས་བྱ་སྤྱི་ཚོགས་རིག་པ། ༤༽ ཉེས་དོན་སྤྱི་ཚོགས་པ། ༥༽ ཆོས་ལུགས་སྤྱི་ཚོགས་རིག་པ། ༦༽ དཔལ་འབྱོར་སྤྱི་ཚོགས་རིག་པ། ༧༽ གྲོང་གསེབ་སྤྱི་ཚོགས་རིག་པ། ༨༽ གྲོང་ཁྱེར་སྤྱི་ཚོགས་རིག་པ། ༩༽ ཆབ་སྲིད་སྤྱི་ཚོགས་རིག་པ། ༡༠༽ མི་འབོར་སྤྱི་ཚོགས་རིག་པ། ༡༡༽ ཁྲིམས་དོན་སྤྱི་ཚོགས་རིག་པ། ༡༢༽ བཟོ་ལས་སྤྱི་ཚོགས་རིག་པ། ད་དུང་གསར་དུ་དར་བའི་སྤྱི་ཚོགས་རིག་པའི་ཡན་ལག་མང་པོ་ལས། ༡༽ ཁྱིམ་དོན་སྤྱི་ཚོགས་རིག་པ། ༢༽ རིགས་རྒྱུད་སྤྱི་ཚོགས་རིག་པ། ༣༽ ལས་གནས་སྤྱི་ཚོགས་རིག་པ། ༤༽ སྒྱུ་རྩལ་སྤྱི་ཚོགས་རིག་པ། ༥༽ རྩོམ་རིག་སྤྱི་ཚོགས་རིག་པ། ༦༽ ཞི་བདེ་སྤྱི་ཚོགས་རིག་པ། ༧༽ ཡར་རྒྱས་སྤྱི་ཚོགས་རིག་པ། ༨༽ དམག་དོན་སྤྱི་ཚོགས་རིག་པ། ༩༽ སེམས་ཁམས་སྤྱི་ཚོགས་རིག་པ། ༡༠༽ ཁྱད་འབྱེད་སྤྱི་ཚོགས་རིག་པ། ༡༡༽ རིམ་དབྱེ་སྤྱི་ཚོགས་རིག་པ། ༡༢༽ འཆར་འགོད་སྤྱི་ཚོགས་རིག་པ། ༡༣༽ གལ་གནད་སྤྱི་ཚོགས་རིག་པ་བཅས་ནང་ཚན་མང་པོ་བྱུང་།༼    ཞིབ་ཏུ་སྤྱི་ཚོགས་རིག་པའི་ཡན་ལག་བོད་འགྲེལ་གྱི་ལེའུར་གཟིགས།༽  

སྤྱི་ཚོགས་རིག་པའི་ནང་ཚན་འདི་དག་རང་རེའི་སྤྱི་ཚོགས་དང་ཐད་ཀར་འཇུག་བདེ་བའི་རྨང་གཞི་མེད་ཀྱང་སྤྱི་ཚོགས་ཀྱི་གནད་དོན་དང་ཡར་རྒྱས་བཅས་ལ་བསམ་བློ་གཏོང་མཁན་རབས་དང་རིམ་པ་མང་པོ་བྱུང་བས། བསམ་བློ་དེ་དག་རེ་རེ་ནས་གངས་ཅན་པའི་སྤྱི་ཚོགས་རིག་པ་འཛུགས་བྱེད་ཀྱི་རྨང་གཞི་དང་ཆ་རྐྱེན་དུ་ཅི་ཙམ་འགྱུར་ཐུབ་མིན་མཁྱེན་རྟོགས་ཡང་དག་སླེབ་རྒྱུར་དམིགས་ཏེ་བསམ་བློ་གལ་གནད་ཅན་འགར་རིགས་བཀར་ཞིང་དེ་དག་དབར་གྱི་ནང་འབྲེལ་འཚོལ་ཐབས་བྱས། སྤྱི་ཚོགས་ཡར་རྒྱས་སུ་ཕྱིན་པ་དང་ལྷན། སྤྱི་ཚོགས་རིག་པའི་ཡན་ལག་གསར་བ་མང་པོའང་དེར་བསྟུན་གྱིས་འབྱུང་ངེས་ཤིང་། བོད་ཀྱི་སྤྱི་ཚོགས་རིག་པའང་བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་ཡར་རྒྱས་དང་བསྟུན། ཡན་ལག་གསར་བ་མང་པོ་འབྱུང་ངེས་ཤིང་། གསར་ཏུ་བྱུང་བའི་སྤྱི་ཚོགས་རིག་པའི་ཡན་ལག་དེ་དག་འཛམ་གླིང་སྔོན་ཐོན་ཞིབ་འཇུག་པའི་དཔྱད་འབྲས་དང་སྦྱར་ཏེ་རྣོ་ངར་གསར་བ་ལྡུད་དགོས་པ་དང་། དེ་དག་རེ་རེ་བོད་ཀྱི་སྤྱི་ཚོགས་དང་ཉིང་མཚམས་གང་དག་སྦྱོར་ཐུབ་མིན་དང་། སྦྱོར་ཐབས་སྐོར་གཞུང་དངོས་ཀྱི་སྐབས་སུ་བཀྲལ་ཡོད་པས་དེར་གཟིགས་པར་ཞུ།

བསམ་བློའི་རྨང་གཞི།
བོད་ཀྱི་སྤྱི་ཚོགས་ཡར་རྒྱས་འགྲོ་ཕྱོགས་སྐོར་གྱི་བསམ་བློ་སྣ་ཚོགས་ལ་བལྟས་ན་སྤྱི་ཚོགས་རིག་པ་མཁོ་གལ་ཤིན་ཏུ་ཆེ་ཞིང་ཉག་ནའང་། དེང་རབས་སྤྱི་ཚོགས་རིག་པའི་དགོངས་པ་ནང་འདྲེན་བེད་སྤྱོད་ཀྱི་རྨང་གཞིའམ་ཆ་རྐྱེན་དེ་སྨིན་ཡོད་མེད་བཤད་དཀའ་བའི་ཟོལ་མཆིས་ཤིང་། སྤྱི་ཚོགས་རང་ངོས་ཀྱི་གནས་སྟངས་དང་ཆགས་ལུགས། མ་ལག་འབྲེལ་ལུགས། ཤེས་རིག་གི་བསྐྱེད་སྟོབས། སྤྱི་ཚོགས་ཀྱི་སྒྲིག་གཞི། རྩ་འཛུགས། སྒྲིག་འཛུགས། མི་འབོར་གྱི་གོ་རྟོགས་སྤུས་ཀ་བཅས་ཀྱི་ཐད་རིག་པ་འདི་ཐད་ཀར་འཇུག་བདེ་མི་བདེ་ཡི་རྟོག་པ་སྔར་སྐྱེས་མྱོངས་ལ། ད་ལྟ་ཡིན་ནའང་དེ་ཀ་རང་དུ་འདུག ཡང་། རང་རེའི་ལོ་རྒྱུས་སྟེང་བྱུང་བའི་མཁས་དཔའ་ཟུང་ལྡན་གྱི་སྐྱེས་ཆེན་དམ་པ་རབས་དང་རིམ་པས་མི་ཚེ་བློས་བཏང་གིས་བསྐྲུན་པའི་ཡིག་ཐོག་ཤེས་བྱའི་མ་ལག་དང་རིག་གནས་ཁབ་ཤུལ་སྐུད་པ་དང་རྡོ་ལག་བརྒྱུད་ཀྱི་སྐྱོང་རིམ་དེ་དག་ཀྱང་གསར་བ་ཁ་སྣོན་དང་སྙིགས་དོར་བཅུད་ལེན་གྱིས་ད་ལྟའི་བར་གནས་ཐུབ་ཅིང་ཡར་རྒྱས་ཕྱིན་པའི་ཉམས་མྱོང་རྟོགས་ཚེ། རིག་པ་གསར་བ་ཞིག་ནང་འདྲེན་གྱི་བྱ་བ་དེ་ཕྱིས་ན་སྐྱོན་ཏུ་འགྱུར་བ་ལས་སྔ་ན་མི་སྐྱོན་པ་ཉི་མ་ཤར་ཤར་ཏུ་ལགས།

བོད་ཀྱི་རྗེས་ལུས་གནས་སྟངས་འདི་དེང་རབས་ཀྱི་རིག་གནས་གསར་བ་མེད་པའི་སྐྱོན་ཡིན་པ་རྒན་དར་གཞོན་གསུམ་རྩོད་མེད་ཐུན་མོང་ཁས་ལེན་གྱི་ལྟ་བར་ཆགས་ཡོད་ནའང་། བསམ་བློ་གང་ཞིག་ཡིན་ན་དེར་རྩ་བའམ་འབྱུང་ཁུངས་ཤིག་མཆིས་པ་དེ་ནི་མཚན་ཉིད་རིག་པ་ཡིན་པས། མཚན་ཉིད་རིག་པའི་སྒང་ནས་མི་རིགས་སྤྱི་ཡི་འབྱུང་འགྱུར་སྙེག་ལམ་དང་འབབ་ས་གསལ་ཐོན་ཡོང་བར་བྱེད་རྒྱུ་དེ་སྤྱི་ཚོགས་ཀྱི་ཁ་ཕྱོགས་གཏན་འཁེལ་དང་སྦྲེལ་ཚུལ་དེ་འཛམ་གླིང་ཐུན་མོང་གི་འགྲོ་སྟངས་ཤིག་ཏུ་ཆགས་ཤིང་དེ་ལྟར་སོང་དང་འགྲོ་བཞིན་ལགས་ན། རང་རེའི་གངས་ཅན་པའི་འབྱུང་འགྱུར་སྙེག་ལམ་དང་འབབ་ས་གསལ་ཆགས་ཡོང་སླད་བརྟག་དབྱེ་དཔྱོད་འཇུག་གནད་སྨིན་ཏུ་ཟིན་རྒྱུ་ཤིན་ཏུ་གལ།

རང་རེའི་བོད་ཀྱི་དེང་རབས་བསམ་བློའི་རྨང་རྐང་གནས་ཚུལ་གསལ་རྗེན་ཏུ་རྟོགས་ན་གཟོད་བོད་ཀྱི་སྤྱི་ཚོགས་རིག་པའི་འདུན་ལམ་བཙལ་བྱེད་ཀྱི་གཞི་རྙེད་ཐུབ་པས། འདས་དང་ད་ལྟ་གཉིས་སུ་སྤྱི་ཚོགས་ནང་ཤུགས་རྐྱེན་ཐེབས་ཚད་ལས། རྒྱ་ཆེ་ཆུང་དང་གཏིང་ཟབ་ཚད་དབྱེ་ཞིབ་དཔྱོད་འཇུག་མི་བྱེད་ཀ་མེད་དུ་སྣང་། འདིར་ཆེད་དམིགས་ཀྱི་དབྱེ་ཞིབ་ཅིག་མིན་ཀྱང་རགས་ཙམ་ཞུས་ན། ལོ་རྒྱུས་སྟེང་བྱུང་བའི་བོད་ཀྱི་བསམ་བློ་བའི་སྐོར་ལ་གྲོགས་པོ་རྣམ་དཔྱོད་ཅན་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ནས་བརྟག་དབྱེ་རགས་དབྱིབས་ཙམ་བྱས་འདུག་པ་དེར་གཟིགས་དང་དེ་ལས་མཛད་པ་པོ་ཉིད་ཀྱིས་བོད་རིག་གནས་ཀྱི་རྐང་གི་རྒྱུ་ལམ་གསལ་ཁ་ཅུང་ཙམ་ཕྱེས་འདུག་པའི་ཁར། བོད་ཀྱི་མཚན་ཉིད་རིག་པའི་ཕུགས་ལམ་བཙལ་སྟངས་དེའི་སྟེང་ནས་མི་བུ་སེམས་རྒྱ་ཅན་ཞིག་གི་ཁྱད་རྟགས་མངོན་འདུག་པར་མ་ཟད། རང་རེའི་བོད་ཁ་བ་ཅན་གྱི་འབྱུང་འགྱུར་སྤྱི་ལམ་གསར་གཏོད་དང་རྒྱ་བསྐྱེད་ཀྱི་ཕྱོགས་ལ་སེམས་ཁུར་བྱས་ཡོད་པའི་དེང་རབས་ཞིབ་འཇུག་པ་ཞིག་རེད་ཅེས་བརྗོད་ཆོག་ཆོག་ཅིག་ཏུ་འཁུམས།

ཡིན་ནའང་། བོད་ཀྱི་བསམ་བློ་བའམ་ཡང་ན་མཚན་ཉིད་སྨྲ་བ་གླེང་ན། དེ་ལ་རྣམ་གྲངས་འཐུས་ཚང་ཞིག་བགར་དགོས་པ་ལས། རྟེན་འབྲེལ་ལྟ་གྲུབ་དང་གཞི་ལམ་འབྲས་གསུམ་གྱི་སྒང་རྐྱང་རྐྱང་ཙམ་ནས་བོད་ཀྱི་བསམ་བློ་བ་བཅུ་བདམས་པའམ་ངོས་འཛིན་བྱས་ན་ཁེབས་རྒྱ་ཅུང་ཆུང་བའི་ཟོལ་འདུག སྤྱིར་བསམ་བློ་བ་ཞེས་པའི་མཚན་ཉིད་ལ། དཔྱོད་ཡུལ་གང་ཞིག་ལ་འཇུག་པ་ཡངས་ཤིང་། རིགས་ལམ་དང་མནོ་བསམ་དཔེ་མཚོན་ཏུ་གྲུབ་ཅིང་བསམ་བློ་འཐུས་ཚང་མ་ལག་ཅན་ཏུ་ཆགས་ཡོད་པའི་གང་ཟག་ལ་ཟེར། གནའ་དེང་ཕྱི་ནང་ཀུན་ཏུ། ཐུན་མོང་མ་ཡིན་པའི་བསམ་བློ་དང་རྣམ་དཔྱོད་ཅན་གྱི་གང་ཟག་ལ་བསམ་བློ་བ་ཟེར་ཞིང་། ཡོངས་གྲགས་སུ་མཚན་ཉིད་སྨྲ་བའི་ཁྱུ་མཆོག་ལ་ཟེར། ཡང་སྐབས་འགར། ཤེས་རིག་བརྟག་དབྱེ་ཡི་ཁྱབ་ཁོངས་རྒྱ་མཚོར་འཇུག་པ་ཡངས་ཤིང་། བསམ་བློ་སྣ་ཚོགས་ཀྱི་རིག་པ་སྨྲ་བ་དང་རྗེས་འཇུག་ཕྱི་རབས་པར་གཞུང་ལུགས་ཀྱི་ཤུགས་རྐྱེན་ཟབ་ཅིང་དེ་ལས་གྲུབ་མཐའ་གསར་བའི་འཕེལ་ལམ་བསྐྱེད་ཐུབ་པའི་གང་ཟག་ལ་ཟེར། དཔེར་ན། འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུ།

བསམ་བློ་བ་ལ་ལས་འཇིག་རྟེན་གཉུག་གཤིས་ཀྱི་དེ་ཉིད་རྟོགས་ཚད་ཇེ་ཟབ་ཏུ་གཏོང་ལ། འགའ་རེས་རྒྱ་ཇེ་ཆེར་བསྐྱེད། ལ་ལས་མཐོང་ལམ་གསར་བ་བཏོད་པ་སོགས་གང་ཟག་གི་རྣམ་དཔྱོད་དང་ཤེས་རབ་ཀྱི་ཁྱད་པར་གྱི་དབང་གིས་ཤུགས་རྐྱེན་འཇོག་ཚད་ལའང་ཁྱད་པར་ཆེན་པོ་མཆིས་སྟེ། ༡༽ སྲིད་ལུགས་བསམ་བློ་བ། ༢༽ དཔལ་འབྱོར་བསམ་བློ་བ། ༣༽ མི་ཆོས་བསམ་བློ་བ། ༤༽ མཚན་ཉིད་རིག་པའི་བསམ་བློ་བ་སོགས་ལྟ་བུ། ཡང་། ད་ལྟའི་བསམ་བློའི་རྨང་གཞི་ག་འདྲ་ཞིག་ཏུ་ངོས་འཛིན་པ་ལ། གཞིས་ཀྱི་དེང་རབས་བསམ་བློའི་འཕེལ་རིམ་དེ་རྒྱུ་རྐྱེན་ག་འདྲ་ཞིག་ལ་བརྟེན་ནས་བྱུང་བ་དབྱེ་ཞིབ་ཚགས་ཚུད་འོངས་ཐབས་ལ་འབད་རྒྱུ་ཤིན་ཏུ་གལ། སྤྱི་ཚོགས་ཤིག་གི་ནང་བསམ་བློ་བ་འབྱུང་སྟངས་འདྲ་མིན་སྣ་ཚོགས་མཆིས་ཀྱང་། ཡུལ་དུས་ཁྱད་པར་གྱི་དབང་གིས་བསམ་བློ་བྱུང་འཕེལ་གྱི་འབྲེལ་རྒྱུན་དེ་སྤྱི་ཚོགས་འཕོ་འགྱུར་གྱི་གོ་བབ་དང་བསམ་བློ་བའི་སློབ་གསོ་མྱོང་ས་གཉིས་ཀྱི་ཐད་ནས་རྟོགས་ཐུབ་པས།

དང་པོ། སྤྱི་ཚོགས་འཕོ་འགྱུར་གྱི་གོ་བབ་སྟེང་ནས་བརྟག་ན། སྤྱི་ལོ་༡༩༥༡་པ་ནས་བོད་ཀྱི་སྐྱེས་ཆེན་མང་པོས་མ་འོངས་མདུན་ལམ་རྒྱང་གཟིགས་དང་གནས་བབ་བཟང་བསྒྱུར་ཅི་འཇོན་ཏུ་བསམ་བློ་བཏང་ཞིང་དེ་འདྲའི་བསམ་བློ་དེ་རྒྱུན་ཞིག་ཏུ་ཆགས་པས་སྤྱི་ཚོགས་བཀོད་འདོམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས། ཤུགས་རྐྱེན་དེ་དག་གཟུགས་མེད་ཀྱི་སྟོབས་ཤུགས་སུ་གྱུར་ཚུལ་ལ། དཔེར་ན། ༡༽  ཀུན་གཟིགས་པཎ་ཆེན་བཅུ་བ་སྣང་བ་མཐའ་ཡས་མཆོག་གི་ཐུགས་དགོངས་སྟེ། དགོན་པའི་རང་ཁ་རང་གསོའི་ལེགས་བཅོས་བསམ་བློ་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་སྤྱི་ཚོགས་ཡར་རྒྱས་ཀྱི་བསམ་བློ། ༢༽  གུང་ཐང་བསྟན་པའི་དབང་ཕྱུག་ཚང་གི་ཐུགས་དགོངས་ལས། དཔལ་འབྱོར་རང་འཇོན་དང་ས་གནས་གྱོད་རྙིང་འདུམ་འགྲིག་མཐུན་སྒྲིལ་གྱི་བསམ་བློ་དང་། གྲྭ་བའི་སློབ་གསོ་ལས་མི་རིགས་ཀྱི་གྲོང་བའི་སློབ་གསོ་ཡར་རྒྱས་གལ་ཆེ་ཚུལ་གྱི་བསམ་བློ། ༣༽  འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་མར་ཁེ་སིའི་མི་རིགས་འདྲ་མཉམ་སྲིད་ཇུས་བརྩོན་ལེན་གྱི་བསམ་བློ། ༤༽ གཞིས་ཀྱི་པཎྜི་ཏ་རྗེ་ཚེ་བརྟན་ཞབས་དྲུང་ཚང་གི་བོད་ཀྱི་གྲོང་བའི་མཐོ་རིམ་སློབ་གསོ་སྐོར་གྱི་བསམ་བློ། ༥༽ གཞིས་ཀྱི་པཎྜི་ཏ་དམུ་དགེ་བསམ་གཏན་ཚང་གི་ལོ་རྒྱུས་གཙང་ཚུགས་ཀྱི་བསམ་བློ། ༦༽ གཞིས་ཀྱི་པཎྜི་ཏ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་ལོ་རྒྱུས་དངོས་གཙོ་དང་རྩོད་སྒྲུབ་ཟུང་འབྲེལ་སྒོས་སྲོལ་རྒྱུན་བསྐྱར་ཞིབ་ཀྱི་བསམ་བློ། ༧༽ སྐུ་ཞབས་རྡོ་རྗེ་རྒྱལ་པོ་མཆོག་གི་སྲོལ་རྒྱུན་བསྐྱར་གསོ་ཡི་བསམ་བློ། ༨༽  སྐུ་ཞབས་རྡོ་རྗེ་ཚེ་བརྟན་ལགས་ཀྱི་གྲོང་བའི་སློབ་གསོ་ཁྱབ་གདལ་གྱི་བསམ་བློ། ༩༽ མཚོ་ལྷོ་དོན་གྲུབ་རྒྱལ་གྱི་ས་གནས་རང་སྐྱོང་སྲིད་འཛིན་དོ་དམ་ལ་བརྟེན་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་སྤྱི་ཚོགས་བདག་སྐྱོང་གི་བསམ་བློ། ༡༠༽ རྒྱལ་གཅེས་དཔའ་བོ་སྟག་སྣ་འཇིགས་མེད་བཟང་པོའི་མི་རིགས་ཀྱི་རྩ་དོན་བློས་གཏོང་གཏན་མེད་ཀྱི་བསམ་བློ༼   སྔ་ཕྱིར་མི་ལོ་༣༡་ལྷག་བཙོན་ཏུ་བཅུགས་ཀྱང་མི་རིགས་ཀྱི་ཤ་ཞེན་ཇེ་བཙན་གཡོལ་མེད་དང་། མི་རིགས་ཀྱི་རྩ་དོན་ཚེ་ལ་སྦྱར་བའི་སྐྱེས་བུ་ཞིག༽།

མཆན།༼༦ འདི་བ་སྤྱི་ལོ༡༩༧༨ པའི་ལོ་མཇུག་ཏུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགན་འཛིན་དང་ལས་ཁུངས་དེ་གསར་ཏུ་འཛུགས་ཀྱི་འགན་སྐྱོན་པས། སྐབས་དེར་རིག་གནས་གསར་བརྗེ་ཡི་མཇུག་ཙམ་ལ་འཁེལ་བས་དོན་དང་ལྡན་པའི་ཞིབ་འཇུག་པ་རེད་ཁག་པོ་ཡིན་པ་མཐོང་ཞིང་། སྐབས་དེར་ལྷ་ས་དང་ལྷོ་ཁའི་བཙོན་ཁང་དུ་ངལ་རྩོལ་མནར་གཅོད་མྱོང་བཞིན་པའི་བོད་ཀྱི་མཁས་པ་༡༠ ལྷག་གཞུང་འབྲེལ་བརྒྱུད་དེ་བཙོན་ནས་བླངས་པའི་ཁོངས་སུ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་རྣམ་གཉིས་ཚུད་ཚུལ་རྡོ་རྗེ་ཚེ་བརྟན་མཆོག་གི་བུ་མོ་ཚེ་བརྟན་སྒྲོལ་དགའ་ལགས་ནས་༢༠༡༦ ལོར་རྒྱ་ཡིག་ཏུ་བྲིས་པའི་རྗེས་དྲན་རྩོམ་ཅིག་ཏུ་སྣང་བ་དེ་གལ་ཆེར་མཐོང་སྟེ་འདིར་མཆན་ཏུ་འཁོད།༽

གོང་གསལ་དེང་རབས་བསམ་བློ་བ་དེ་དག་ཕལ་བའི་ངོས་ནས་དོན་ཆེན་པོར་གོ་དཀའ་ནའང་སྤྱི་ཚོགས་རིག་པའི་མཐོང་ལམ་དུ་འགངས་ཆེན་པོར་གནས་འདུག་ལ། མང་གཙོ་བཅོས་སྒྱུར་དང་རིག་གནས་གསར་བརྗེ་སོགས་བརྒྱུད་མཐར་རང་རེའི་སྤྱི་ཚོགས་དེ་དོན་ལྔར་གནོད་སྐྱོན་ཚབས་ཆེན་ཤོར་བའི་སེམས་ཅན་ཞིག་དང་མཚུངས་ཤིང་། སྐབས་དེར་སྐྱེས་ཆེན་སྐུ་དྲིན་ཅན་རྣམས་ཀྱིས་སྣེ་འཁྲིད་ཅིང་མང་ཚོགས་ཀྱིས་ངལ་རྩོལ་ལ་བརྟེན། སྤྱི་ཚོགས་ཀྱི་ཟུངས་དེ་རིམ་གྱིས་གསོས་ཤིང་གཞིས་མིའི་དེང་རབས་སྤྱི་ཚོགས་ཀྱི་རྨང་རྐང་ཆགས།

གཉིས་པ། བོད་ཀྱི་དེང་རབས་བསམ་བློ་བའི་སློབ་གསོ་མྱོང་ཁུངས་སྟེང་ནས་བརྟག་ན། སྔར་གྱི་བསམ་བློ་བ་མང་ཆེ་ཤོས་གྲྭ་ས་ནས་བྱུང་ཞིང་འགའ་རེ་སྤྱི་ཚོགས་ཀྱི་ཁོར་ཡུག་དང་གནས་བབ་དབང་གིས་གྲྭ་ལོག་བྱས་ཤིང་། འགའ་རེ་གྲྭ་ས་མ་འགྲིམ་པར་ཡིག་རིགས་གཞན་གྱི་སྒང་ནས་མཁས་པར་ཆགས་ཤིང་བོད་ཀྱི་མདུན་ལམ་ལ་བསམ་བློ་བཏང་བའང་མཆིས་པས་འཇིག་རྟེན་ལྟ་ཚུལ་ལ་རིགས་གཉིས་བྱུང་བས་རིན་ཐང་ཁྱེར་ཕྱོགས་ལའང་རང་བཞིན་གྱིས་རིགས་གཉིས་བྱུང་། རང་རེའི་བསམ་བློ་བའི་འབྱུང་ཁུངས་ལ་རིགས་གཉིས་བྱུང་ཚུལ་ལས་འཕྲོས་ཏེ་བོད་ཀྱི་སྤྱི་ཚོགས་འཕེལ་ལམ་གཅིག་མཐུན་འོངས་པར་ཕན་གནོད་ཅི་བྱུང་ཐད་བརྟག་བྱེད་ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་ཤིན་ཏུ་གལ་ཆེ། དེ་འདྲའི་དཔྱད་པ་དེ་ད་སྔ་སུས་ཀྱང་བྱས་མེད། དགེ་འདུན་ཆོས་འཕེལ་གྱིས་ནང་ཆོས་དགོངས་པའི་ཐད་ཀྱི་དོགས་སློང་དགག་གཞག་དང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་སྤྱི་ཚོགས་རྙིང་བའི་སྒྲིག་འཛུགས་དང་། སྤྱི་ཚོགས་འབྲེལ་ལམ། གྲུབ་མཐའ་དང་ཆབ་སྲིད་འགྲོ་སྟངས་ཐད་ཀྱི་དགག་གཞག་བཅས་གཉིས་གཞིས་ཀྱི་གྲོང་བའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ལྷག་པར་ཏུ་དོ་སྣང་མཛད་དགོས་ས་ཞིག་ནི། མཁས་དབང་རྣམ་པ་གཉིས་ཆ་ཐོག་མར་དགོན་པ་ནས་མཁས་པར་གྱུར་ཏེ། ཕྱིས་སུ་སྐྱ་སར་བབས་པའི་ཉེ་རབས་དང་དེང་རབས་བསམ་བློ་བ་གཉིས་ཆགས། ཡང་། རྒྱ་ཡིག་གི་སྒང་ནས་མར་ཁེ་སིའི་གཞུང་ལུགས་དཔྱིས་ཕྱིན་པ་མཁྱེན་མཁན་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ནི་དགོན་པའི་ནང་གྲྭ་བ་བྱས་མྱོང་མེད་པའི་གྲོང་བའི་མཁས་པ་ཞིག་ཏུ་ཆགས། ཁོང་རྣམ་པར་སྤྱི་ཚོགས་ཡར་རྒྱས་དང་མི་རིགས་ཀྱི་ལས་དོན་ཐད་ལྟ་གྲུབ་ཐ་དད་པ་རེ་བྱུང་བ་དེ་སོ་སོའི་བསམ་བློའི་འབྱུང་ཁུངས་དང་དངོས་བརྒྱུད་གཉིས་ཐད་ཀྱི་འབྲེལ་བ་མཆིས།

ལོ་རབས་༨༠ བའི་ནང་ནས། གཞིས་ཀྱི་དེང་རབས་བསམ་བློའི་དབུ་སློང་མཁན་དེ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་ཁོང་གི་ཕྱག་རྩོམ་༼   ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ ༽ ཞེས་པ་གཙོས། དེ་དང་རྗེས་མཐུད་དུ་གཞོན་རབས་པ་མང་པོ་ལས། རྩོམ་རིག་བརྩམས་ཆོས་ཀྱི་སྒང་ནས་སྤྱི་ཚོགས་བསམ་བློ་བརྗེ་རེས་དང་འགྲེལ་བརྗོད་བརྒྱུད་བོད་ཀྱི་སྲོལ་རྒྱུན་བསམ་བློའི་སྒྲོམ་གཞི་ལས་ཅུང་ཟད་བརྡོལ་ཐུབ་པར་གྱུར་བ་བྱུང་ཚུལ། དཔེར་ན། དོན་གྲུབ་རྒྱལ་གྱིས་དེང་རབས་ལྟ་ཕྱོགས་དང་རྩོམ་རིག་གསར་བའི་དཔེ་ལམ་ཕྱེས་ཤིང་། མཐོང་ལམ་གསར་བ་ཞིག་གི་ངོས་ནས་བོད་ཀྱི་སྤྱི་ཚོགས་འབྲེལ་ལམ་དང་། ལྟ་བ་གསར་རྙིང་གི་འགལ་འབྲེལ། སྤྱི་ཚོགས་ཀྱི་འཕོ་འགྱུར་སོགས་བརྗོད་བྱར་བྱས་པའི་རྩོམ་གསར་མང་པོ་བརྩམས་པས། ལོ་རབས་བརྒྱད་ཅུ་བའི་གྲོང་བའི་མཐོ་སློབ་ཁག་གི་ནང་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། གྲྭ་བའི་རྩོམ་སྟངས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས། གྲྭ་བའི་རྩོམ་གསར་ཕལ་ཆེ་བ་བརྗོད་བྱ་རྙིང་བར་རྩོམ་སྟངས་གསར་བའི་རྗོད་བྱེད་བེད་སྤྱད་པ་ལས། མི་ཚེ་དང་སྤྱི་ཚོགས་ཡར་རྒྱས་སྐོར་གྱི་བསམ་བློ་ལ་འགྱུར་བ་ཆེན་པོ་བྱུང་མེད།

གྲོང་བའི་མཐོ་སློབ་ནང་གི་རྩོམ་རིག་ལ་མོས་པ་ཆེ་བའི་གཞོན་སྐྱེས་དོན་གཉེར་ཅན་རྣམས་བརྗོད་བྱ་དང་རྗོད་བྱེད་གཉིས་ཆ་དཔེ་ལམ་གསར་བར་བསྙེགས་ཤིང་གྲུབ་འབྲས་ཐོབ་པ་དང་། དགོན་པའི་ནང་གི་གྲྭ་གཞོན་ཡོན་ཏན་ཅན་རྣམས་རྗོད་བྱེད་ལ་རྣམ་པ་གསར་བའི་དཔེ་ལུགས་དར་ཡོད་ཀྱང་བརྗོད་བྱ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ཁ་ཕྱོགས་བརྟག་དབྱེའི་བསམ་བློ་ཡར་རྒྱས་ཕྱིན་མེད་པའི་ཟོལ་མཆིས། གྲྭ་བ་དང་གྲོང་བའི་རྩོམ་རིག་བསམ་བློར་བཀག་རྒྱ་མཆིས་ཚུལ་འདྲ་འདྲར་སྣང་ནའང་། བོད་མི་རིགས་འདི་རྨོངས་གཉིད་ལས་སད་རྒྱུར་སྐུལ་སློང་གི་འདུན་པ་གཅིག་ཏུ་བབས། གཉིས་ཆ་བསམ་བློ་གསར་རྙིང་གི་འགལ་རྩོད་ནང་འཁོར་བསྡད་པ་ལས་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་སྒང་ནས་བོད་ཡར་རྒྱས་འགྲོ་ཕྱོགས་ཀྱི་ལམ་ཀ་གསར་བ་ཞིག་རྙེད་མེད། ཆབ་སྲིད་ཁོར་ཡུག་དེ་འདྲ་ཞིག་གི་འོག་རྙེད་ཐབས་ཀྱང་མེད་པས་གནས་སྟངས་དེ་འདྲ་ཞིག་གི་ནང་རང་གང་འཇོན་གྱིས་ཕྱོགས་དེར་རིན་ཐང་ཅན་གྱི་སྨྱུག་རྩེ་གཏད་པ་དེའང་དུས་རབས་ཀྱི་འགན་བླངས་པའི་རྟགས་མཚན་ཏུ་མངོན། མི་ལྷ་རུ་བཟོ་པ་དང་། ལྷ་མི་རུ་བཟོ་པ་ལྟ་བུའི་སྒྲོ་སྐུར་གྱི་ཆ་གང་ཡང་མ་བྱས་པར་གཞི་གྲུབ་དངོས་གནས་བཅོས་མིན་གྱི་གཤིས་ལུགས་དང་། དེ་འབྲེལ་གཞུང་ལུགས་གང་དེ་རང་སོར་ཉིད་དུ་བཀྲལ་ཞིང་། རྩོད་སྒྲུབ་རྟེན་འབྱུང་གི་ལྟ་གྲུབ་དང་བསམ་བློ་གཞིར་བྱས་ཐོག མདུན་ཏུ་ལྷགས་པའི་སྤྱོད་ལམ་བཞི་སོགས་དང་འཕྲད་བཞིན་པའི་ཁ་ཡོད་ལག་ཡོད་ཀྱི་དཀའ་ངལ་ནས་སྤྱི་ཚོགས་ཆེན་པོའི་གནད་དོན་དབར། རྟོགས་བྱེད་ཀྱི་གཞུང་ལུགས་དང་། སེལ་བྱེད་ཀྱི་ཐབས་བཅས་ཡོད་པ་ལག་ལེན་བེད་སྤྱོད་དང་མེད་པ་འཕྲལ་ཉིད་དུ་ནང་འདྲེན་གྱི་བློ་ཁོག་དང་མིག་རྒྱང་ཤིན་ཏུ་གལ། རིག་གནས་གསར་རྙིང་དང་ཕྱི་ནང་དབྱེར་མེད་དུ་གང་མཁོ་དེ་ལེན་གྱི་མིག་རྒྱང་བསྐྱེད་དེ། རིག་གཞུང་སོ་སོའི་མཐོང་ལམ་དང་ཕུགས་རྗེན་པར་རྟོགས་པ་མ་ཟད། རང་གི་སྤྱི་ཚོགས་ཡར་རྒྱས་ལ་ཕན་རླབས་ཀྱི་རྒྱ་ཆེ་ཆུང་དང་ཚད་རིམ་ག་ཚོད་འདུག་པའང་ཕྱི་གསལ་ནང་གསལ་ཐོག་ནང་འདྲེན་བྱེད་མིན་ཐག་གཅོད་དགོས།

སྤྱི་ཚོགས་ཀྱི་གནད་དོན་སྣ་ཚོགས་ཀྱང་རང་བཞིན་གྱིས་གྲུབ་པ་ཞིག་མ་ཡིན་པར་རྒྱུ་དང་རྐྱེན་ལ་བརྟེན་ཏེ་བྱུང་བ་ཡིན་པས། འཕྲལ་བདེ་ཕུགས་སྐྱིད་དམིགས་འབེན་ཏུ་བཟུང་སྟེ། འཇིག་རྟེན་མངོན་སུམ་གྱི་སྐྱིད་སྡུག་དང་ཕྱི་མ་ལྐོག་གྱུར་གྱི་སྐྱིད་སྡུག་གཉིས་དང་། སེམས་ཀྱིས་བསྐྱེད་པའི་བདེ་སྐྱིད་དང་དངོས་པོས་བསྐྱེད་པའི་བདེ་སྐྱེད་གཉིས། ཞེས་པ་ལས། འདི་ཕྱིའི་སྐྱིད་སྡུག་དང་རྒྱུ་གང་ལས་བསྐྱེད་པའི་བདེ་སྐྱིད་གཉིས་ལས། གང་བསྙེག་རྒྱུ་དེ་ནི་སྤྱི་ཚོགས་ཀྱི་ལམ་ག་དང་འབྲེལ་བའི་གདམ་བྱ་ཞིག་ཡིན་པས། མཚན་ཉིད་རིག་པའི་སྒང་ནས་ལམ་ཁ་ཡག་ཤོས་སུ་འགྲོ་ཚུལ་གསལ་སྟོན་དགོས་ངེས་སུ་སྣང་ཞིང་། སྲོག་འཚོ་བྱེད་ཀྱི་རྩ་བའི་ཆ་རྐྱེན་ལོགས་སུ་བཞག་ཏེ། ལྐོག་གྱུར་གྱི་སྐྱིད་སྡུག་དང་སེམས་ཀྱིས་བསྐྱེད་པའི་བདེ་སྐྱིད་ཅེས་པའི་ལམ་ཁར་ཡིད་ཆེས་ཏེ་བསྙེགས། བསྙེགས་པའི་འབྲས་བུའམ་རྣམ་སྨིན་ད་ལྟ་མྱོང་བཞིན་པ་འདིས་ཡོད་ཚད་འགྲེལ་བཤད་བྱས་འདུག་བསམ།

བོད་ཀྱི་སྤྱི་ཚོགས་ཡར་རྒྱས་འདུན་སྐྱོད་དང་འབྲེལ་བའི་བསམ་བློ་ལ་རིགས་བཀར་ན། ༡༽ ནང་ཆོས་སྲོག་ཏུ་བྱས་པའི་སྲོལ་རྒྱུན་རིག་གནས་ཀྱི་སྤྱི་ཚོགས་བསམ་བློ་དང་། ༢༽ ནུབ་ཕྱོགས་དངོས་པོའི་རིག་གནས་སྲོག་ཏུ་བྱས་པའི་རིག་གནས་གསར་བའི་སྤྱི་ཚོགས་བསམ་བློ། ༣༽ ཕྱི་ནང་གསར་རྙིང་ཟུང་འབྲེལ་གྱི་སྤྱི་ཚོགས་བསམ་བློ། ༤༽ བོད་སྤྱི་ཚོགས་ཡར་རྒྱས་ལ་ཞེ་ཆད་པའི་བསམ་བློ། ཅེས་ཕྱོགས་བཞི་མཆིས་ཤིང་དེ་དག་རེ་རེ་སྤྱི་ཚོགས་དང་འབྲེལ་བའིི་བསམ་བློ་ཡིན་གྱི་སྤྱི་ཚོགས་རིག་པའི་བསམ་བློ་མ་ཡིན་པ་ཤེས་པར་བྱ་ཞིང་། ཡང་དེ་རེ་རེའི་འཕྲལ་ཡུན་ཕན་གནོད་སྤྱི་ཚོགས་རིག་པ་སློབ་གཉེར་གནང་མཁན་ཞིག་ཡིན་ཕྱིན་རྟོགས་སླ་བས་འདིར་རྒྱས་སྤྲས་མི་བྱ། འདི་དགག་སྒྲུབ་སྤྱི་ཚོགས་རིག་པའི་༼  critical sociology༽ དཔྱད་བྱ་ཞིག་ཡིན་པས། གཞུང་དངོས་ཀྱི་སྐབས་སུ་ཤེས་པར་བྱ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།