༈ རྒྱལ་གཅེས་དཔའ་བོ་དབལ་ཤུལ་ལྷ་སྲས་རིག་འཛིན་དོན་གྲུབ་མཆོག་གི་རྗེས་དྲན་མཛད་སྒོར་གསུང་བཤད་གནང་བ།

༄༅།།  ཇི་ལྟར་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་དཔོན་ཆེན་ལྷ་སྲས་རིག་འཛིན་དོན་གྲུབ་རྗེས་དྲན་གོ་སྒྲིག་ཚོགས་ཆུང་ནས་གསོལ་འདེབས་ཞུས་པ་བཞིན་ ༢༠༡༩ ཕྱི་ཟླ་ ༨ ཚེས་ ༡༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དྷ་སར་རྟེན་གཞི་བྱས་པའི་ Club House གསོལ་མགྲོན་ཁང་གི་ཚོགས་ཁང་དུ་རྒྱལ་གཅེས་དཔའ་བོ་དབལ་ཤུལ་ལྷ་སྲས་རིག་འཛིན་དོན་གྲུབ་མཆོག་གིས་བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་སྐུ་སྲོག་བཏང་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་རྗེས་དྲན་མཛད་སྒོར་ཆེད་ཕེབས་གནང་ཞིང་།

དེའང་ཐོག་མར་ཚང་འཛོམས་ཐོག་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་། སྐུ་མགྲོན་གཙོ་བོ་རིན་པོ་ཆེ་མཆོག་གིས་སྣང་གསལ་ཞལ་འབྱེད། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་ཕུལ་བ། དེ་བཞིན་བོད་བསྟན་སྲིད་མི་རིགས་ཆེད་སྐུ་སྲོག་བཏང་བའི་རྒྱལ་གཅེས་པ་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་མྱ་ངན་ངག་བཅད་ཀྱིས་གུས་འདུད་ཞུས་པ། གསོལ་ཇ་འབྲས་སིལ་འདེགས་འབུལ།

སྐུ་མགྲོན་གཙོ་བོ་རིན་པོ་ཆེ་མཆོག་གིས་དབལ་ཤུལ་ལྷ་སྲས་རིག་འཛིན་དོན་གྲུབ་མཆོག་གི་དངོས་བྱུང་ལོ་རྒྱུས་དཔེ་དེབ་དབུ་འབྱེད།  རྗེས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་མཛད་སྒོའི་དམིགས་ཡུལ་ངོ་སྤྲོད། གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པ་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་དབལ་ཤུལ་རིག་འཛིན་དོན་གྲུབ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད། དམིགས་བསལ་སྐུ་མགྲོན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གངས་རི་ལགས་ཀྱིས་གསུང་བཤད། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་། བཀའ་ཟུར། བོད་མི་མང་སྤྱི་འཐུས་ལས་ཐོག་སྐུ་ངོ་ཐུབ་བསྟན་ལུང་རིགས་ལགས་ཀྱིས་གསུང་བཤད།

སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྗེས་དྲན་འདི་ལྟ་བུ་ཧ་ཅང་གལ་ཆེ་ཚུལ་དང་། རྗེས་དྲན་ངོ་མ་ཇི་ལྟར་བྱེད་དགོས་ཚུལ་སོགས་ལས་བརྩམས་ཏེ་བླང་དོར་ལམ་སྟོན་གསུང་བཤད་རྒྱས་པར་ཕེབས་ཤིང་། དེ་ནས་མཛད་སྒོ་འདིར་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམས་ལ་མཇལ་དར་དང་ཐུགས་རྗེ་ལེགས་འབུལ། མཐར་རྗེས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་རིགས་པ་རྒྱ་མཚོ་ལགས་ནས་ཐུགས་རྗེ་ཆེ་ཞུ་བཅས་གནང་འདུག

ཡོང་ཁུངས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་དྲ་རྒྱ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།