རྡོར་གདན་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་པ།༢༠༢༣ ཟླ་བ་ ༡ ཚེས་ ༡༩

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༩ ཉིན་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་ཀོར་ཧྥུ་རླངས་འཁོར་(Golf cart)ལ་བཞུགས་སྟེ་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོར་ཆེད་ཕེབས་ཀྱིས་སྟོན་པའི་སྐུ་བརྙན་ལ་མཆོད་མཇལ་དང་ཐུགས་སྨོན་གནང་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་ ༧།༤༠ ཙམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་ལྷན་རྒྱས་དང་བཅས་རྡོར་གདན་བྱང་ཆུབ་མཆོད་རྟེན་ཆེན་མོར་ཆེད་ཕེབས་སྐབས་མཆོད་རྟེན་གྱི་དམིགས་བསལ་སྒོ་ཆེན་དུ་མཆོད་རྟེན་འཛིན་སྐྱོང་གི་འབྲེལ་ཡོད་མགོ་ཁྲིད་རྣམས་ཀྱིས་ཕེབས་བསུ་དང་བཅས་སྟོན་པའི་སྐུ་བརྙན་རིན་པོ་ཆེར་མཆོད་མཇལ་ཞུས་པ་དང་། སྐུ་བརྙན་རིན་པོ་ཆེའི་མདུན་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་སོགས་གསུང་འདོན་དང་། ཐུགས་སྨོན་གནང་རྗེས་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་དེ་དད་ལྡན་སྟོང་ཕྲག་མང་པོར་ཆོས་འབྲེལ་དང་། བཀའ་སློབ་ལམ་སྟོན། མི་མང་ལ་མཇལ་ཁ་གནང་བ་སོགས་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༠ ཉིན་གྷ་ཡ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་རྒྱུ་དང་། ཚེས་ ༢༡ དང་༢༢ ཉིན་གཉིས་རིང་ལྡི་ལིར་མཛད་འཕྲིན་བསྐྱང་རྗེས་ཚེས་ ༢༣ ཉིན་ཧི་མ་ཅལ་མངའ་སྡེའི་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་འཁོད་རྒྱུ་ཡིན་པ་བཅས།། །།

ཡོང་ཁུངས། དགའ་ལྡན་ཕོ་བྲང་གི་དྲ་རྒྱ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།