ཆུ་མོ་ཡོས་ཀྱི་གནམ་ལོ་གསར་ཚེས་དང་འབྲེལ་བའི་སྨོན་ཚིག་དུང་གི་རང་སྒྲ།

ཀྱེ་ཀྱེ། ཤ་རུས་གདུང་རྒྱུད་གཅིག་པའི་གཞིས་བྱེས་བོད་རིགས་སྤུན་ཟླ་རྣམ་པ་ལགས། ངས་ཁྱེད་ཅག་ཚང་མ་ལ་ཆུ་མོ་ཡོས་ཀྱི་གནམ་ལོའི་རང་ཞལ་གསར་དུ་ཚེས་པ་དང་འབྲེལ་ནས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ། བླ་མ་ཡི་དམ་དཀོན་མཆོག་གསུམ་གྱི་བྱིན་མཐུ་ལ་བརྟེན་ནས་ད་ནས་བཟུང་བཀྲ་ཤིས་པ་ཐམས་ཅད་སྒྲིབ་གཡོགས་དང་བྲལ་བའི་ཉི་མ་ཇི་བཞིན་རབ་ཏུ་ཤར་བར་ཤོག་ཅིག བཀྲ་མི་ཤིས་པ་མཐའ་དག་ཉི་འོད་དང་འཕྲད་པའི་མུན་པ་ཇི་བཞིན་ལྷག་མ་མེད་པར་ཡལ་བར་ཤོག་ཅིག ཚེ་དང་བསོད་ནམས་སོགས་དབྱར་དུས་ཀྱི་ཆུ་མཚོ་ཇི་བཞིན་གོང་ནས་གོང་དུ་རྒྱས་པར་ཤོག་ཅིག དཔལ་དང་འབྱོར་བ་སོགས་བརླན་གྱིས་སྐྱོང་བའི་ལྗོན་པ་ཇི་བཞིན་རབ་ཏུ་རྒྱས་པར་ཤོག་ཅིག ཀླུང་རྟ་སྙན་གྲགས་སོགས་དབྱར་དུས་ཀྱི་འབྲུག་སྒྲ་ཇི་བཞིན་ལྡིར་བར་ཤོག་ཅིག ཟས་ནོར་སོགས་མཁོ་རྒུ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་དྲངས་པ་ཇི་བཞིན་ངང་གིས་འདུ་བར་ཤོག་ཅིག
ཀུན་གྱིས་ཤེས་གསལ་ལྟར། འདས་ཟིན་མ་ཐག་པའི་ལྕགས་ཕོ་སྟག་གི་ལོ་དེ་ནི་རང་བྱུང་དང་རང་བྱུང་མ་ཡིན་པའི་འཇིགས་པ་སྣ་ཚོགས་སམ། མི་དང་མི་མིན་གྱིས་བསྐྱེད་པའི་རྒུད་པ་སྣ་ཚོགས་ཀྱིས་ཡོངས་སུ་གཙེ་བའི་ལོ་ཞིག་རེད། ཡིན་ནའང་ང་ཚོ་མིའི་རིགས་རང་ཉིད་ཀྱི་སེམས་ཤུགས་མ་ཉམས། མཐོང་ཐུབ་པ་དང་མི་ཐུབ་པའི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་མ་ཡལ། ཚན་རིག་གི་ལམ་སྟོན་མ་ལྷོད། སྨན་བཅོས་ཀྱི་ནུས་མཐུ་མ་ཉམས། བསོད་ནམས་ཀྱི་འོ་མཚོ་མ་བསྐམས། དབང་ཐང་གི་མར་ཁུ་མ་བཞུར། ཚེ་སྲོག་གི་ལྷུན་པོ་མ་གཡོས་པར་ང་ཚོ་མང་བོ་ཞིག་འཇིགས་པ་སྣ་ཚོགས་ལས་ཐར་ནས་འོངས་པ་འདི་ཡིན་པས། ཨེ་མ་ཧོ་ངོ་མཚར་རོ།། དགའ་འོས་པ་ལ་རབ་ཏུ་དགའ་བར་མཛོད་ཅིག་སྤུན་ཟླ་རྣམ་པ་ལགས།
འོན་ཀྱང་མིང་ཙམ་ཡང་གླེང་མི་འདོད་པའི་ཡམས་ནད་འཇིགས་སུ་རུང་བ་དེའི་སྡར་འོག་ནས་མ་ཐར་བ་ཡང་མང་བོ་མང་བོ་ཞིག་ཐོས་རྒྱུ་ཡོད་པ་ལྟར་ལགས་ལ། དེ་དག་གི་ཆེད་དུ་ངས་ལྷ་དང་བླ་མ་ལ་སྐྱབས་འཇུག་ཞུའོ།། བྱིན་རླབས་ཀུན་འདུས་ཀྱི་མ་ཎི་འདོན་ནོ།། ལེགས་སྨོན་ཀུན་བསྡུས་ཀྱི་བསྔོ་སྨོན་བྱའོ།། དེའི་མཐུ་ལ་བརྟེན་ནས་ཚེ་ལས་འདས་པ་དེ་དག་ཐམས་ཅད་ཚེ་ཡི་འདུ་བྱེད་བཏང་བ་དང་མཉམ་དུ་འཁོར་ཚོགས་རྒྱ་མཚོས་ཡོངས་སུ་བསྐོར་བའི་འདྲེན་པ་འོད་དཔག་ཏུ་མེད་པ་དང་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་མིག་གིས་གསལ་བར་མཐོང་བར་ཤོག་ཅིག མཐོང་ནས་ཀྱང་དེ་དག་གི་རྒྱུད་དད་པ་དང་སྙིང་རྗེས་རབ་ཏུ་གང་བར་ཤོག་ཅིག བར་དོའི་སྣང་བ་ཤར་བར་གྱུར་མ་ཐག་ཏུ་རྒྱལ་སྲས་བརྒྱད་ཀྱིས་མ་ནོར་བའི་ལམ་བསྟན་པ་ལ་བརྟེན་ནས་འཇིགས་སྐྲག་གང་ཡང་མེད་པར་ཞིང་མཆོག་བདེ་བ་ཅན་དུ་པདྨོ་ལས་སྐྱེ་བར་ཤོག་ཅིག སྐྱེས་ནས་ཀྱང་རང་དོན་ཡིད་བྱེད་འབའ་ཞིག་གི་དྲི་མས་མ་གོས་པར་སྤྲུལ་བ་དང་བཅས་ཏེ་སླར་ཡང་མ་དག་ཞིང་གི་འགྲོ་བ་རྣམས་ཀྱི་འདྲེན་པ་བྱེད་འདོད་པར་ཤོག་ཅིག
རྒྱུ་ཚོགས་ཚང་ཞིང་འགལ་རྐྱེན་དང་མ་འཕྲད་ན་དེའི་འབྲས་བུ་འབྱུང་བ་ནི་ཆོས་ཉིད་ཡིན་ལ། རྒྱུ་ཚོགས་མ་ཚང་བའམ། ཚང་དུ་ཆུག་ཀྱང་དེ་དག་འཇོམས་བྱེད་ཀྱི་འགལ་རྐྱེན་དང་འཕྲད་ན་འབྲས་བུ་བཟློག་པར་འགྱུར་བའང་རྒྱུ་འབྲས་ཀྱི་གསང་བ་ཡིན། དེའི་ཕྱིར། དེང་སྐབས་རང་ཅག་རྣམས་ཀྱིས་རང་བྱུང་གི་འཇིགས་པའོ་ཞེས་མིང་བཏགས་པ་མང་བོ་མང་བོ་ཞིག་ནི་ཕར་དེད་ན་ནི་མིའི་རིགས་ཀྱིས་རང་བྱུང་གི་རྟེན་འབྲེལ་གཏོར་བའི་མཇུག་འབྲས་ཤ་སྟག་རེད།
ལྟ་ཤེས་ན་རང་ཅག་གི་ལོ་རྒྱུས་ལ་ཕྱིར་མིག་ལྟོས་དང་། ཟླུམ་གཟུགས་གོ་ལ་ཧྲིལ་བོའི་ཡང་སྟེང་ན་ལྷོད་ཀྱིས་གནས་པའི་བོད་ཡུལ་འདི་ལ། ཉི་ཟླ་ནོར་བུ་ཟུང་གི་གུར་ཁྱིམ་དང་། རབ་དཀར་ཀཻ་ལ་ཤ་ཡི་མུ་ཁྱུད་དང་། མཛེས་སྡུག་མེ་ཏོག་བཀྲ་བའི་དགའ་ཚལ་སོགས་གཞན་དང་གཞན་ནས་མཐོང་དཀའ་བ་མང་བོ་ཡོད་པར་མ་ཟད། འདི་ནི་དྭངས་གཙང་ཆུ་ཀླུང་འབུམ་གྱི་འབྱུང་ཁུངས་དང་། རིན་ཆེན་གཏེར་བརྒྱ་བརྡོལ་བའི་བང་མཛོད་ཡིན་ལ། མ་བཅོས་རང་བྱུང་གི་ཁ་བའི་རྡུལ་བརྩེགས། ལྷུན་ཆགས་རྔམ་བརྗིད་ཀྱི་སྤང་རིའི་འཕྲེང་བརྒྱུད། མཐའ་མེད་ནགས་ཚལ་གྱི་ཚང་ཚིང་སྟུག་པོ། བྱིན་རླབས་གཡང་ཆགས་ཀྱི་གནས་དང་གནས་རི་སོགས་ངོ་མཚར་བ་མང་བོ་ཡོད་པས་ས་སྟེང་གི་ལྷ་ཡུལ་ཞེས་བསྟོད་པ་དང་ཡིད་སྨོན་བྱེད་མཁན་མང་བོ་ཡོད་ལ། ཡོད་ཀྱང་ཆོག་ཆོག་ཅིག་རེད་སྙམ་མོ།།
ཤིས་ཚིག་ནི་ཇི་ལྟར་བརྗོད་ཀྱང་ཆོག་ལ། སྨོན་ལམ་ནི་ཇི་ལྟར་བཏབ་ཀྱང་རུང་མོད། འོན་ཀྱང་ཤིས་བརྗོད་ལྟར་ཤིས་མི་ཤིས་དང་། སྨོན་པ་བཞིན་འགྲུབ་མི་འགྲུབ་ནི་ཚིག་གི་བརྗོད་སྟངས་སྙན་མི་སྙན་དང་། ཡིད་ཀྱི་རེ་བ་བཟང་མི་བཟང་ཙམ་ལ་མ་ལྟོས་པར། རེ་བ་སེམས་ལ་དཔར་མ་དཔར་དང་། བསམ་ཚུལ་ལག་ལེན་བྱས་མ་བྱས་ལ་ཀུན་ནས་འབྲེལ་བས་ན། ཁ་ནས་གང་ཐོན་གཏམ་དང་། ཡིད་ལ་གང་དྲན་གཡང་དུ་མི་ལྟ་བར། འབྲས་བུ་ཤིས་པ་འདོད་ན་དེ་ཉིད་འགྲུབ་བྱེད་ཀྱི་རྒྱུ་ཡ་རབས་ཀྱི་སྲོལ་བཟང་ལ་འབད་དགོས་པར་མ་ཟད། དེ་ཉིད་ཉམས་པ་སོར་ཆུད་དང་། མ་ཉམས་གོང་འཕེལ་དུ་གཏོང་ཚུལ་ལ་ནུས་ཤུགས་འདོན་རྒྱུ་ནི་གནད་ཀྱི་དོན་པོར་སེམས་ལགས་སོ།།
ང་ཚོས་དུས་རྒྱུན་དུ་རང་རེའི་བོད་མི་རིགས་ནི། དྲི་མེད་དད་བརྩོན་གྱིས་སེམས་རྒྱུད་བརླན་ཞིང་། བྱམས་དང་སྙིང་རྗེ་ཡིས་གཤིས་རྒྱུད་བསྣུམ་ཡོད་པ་ཞིག་ཡིན་ཚུལ་བཤད་ཀྱིན་ཡོད་ལ། སྔོན་གྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན་དེ་ལྟར་བཤད་པ་ལ་བདེན་པའི་ཆ་ཡང་མང་བོ་འདུག་སྙམ་སྟེ། ཁོར་ཡུག་སྲུང་སྐྱོབ་ཀྱི་སྙན་གླུ་མ་བླངས་ཀྱང་ཁོར་སྲུང་གི་འདུ་ཤེས་ཤིན་ཏུ་ཟབ་ཅིང་། རྩ་ཁྲིམས་བཅའ་ཁྲིམས་ཀྱི་ཆད་གཅོད་མ་ཚུགས་ཀྱང་ཉམ་ཆུང་གི་རི་དྭགས་ལ་གང་འདོད་དུ་གནོད་འཚེ་མི་བྱེད་པའི་གོམས་སྲོལ་བཟང་བོ་ཡོད་མྱོང་བར་མ་ཟད། སྲོལ་བཟང་དེ་ཇེ་ལེགས་དང་ཇེ་བརྟན་དུ་གཏོང་བའི་ཆེད་དུ་སྔོན་བྱོན་དམ་པ་མང་བོས་རི་རྒྱ་ཀླུང་རྒྱ་བསྡམས་ཚུལ་དང་། ཡུལ་སྐོར་གནས་སྐོར་བྱེད་པའི་སྲོལ་བཟང་ཚུགས་པའི་བསམ་བློ་ལ་ཞིབ་ཏུ་དཔྱད་ན་ཁོར་སྲུང་གི་དོན་ཡར་ལྡན་དུ་ཚང་ཞིང་། རང་བྱུང་དང་རང་བྱུང་མ་ཡིན་པའི་འཇིགས་པ་མང་བོ་ཞིག་གི་སྒོ་འཕར་དམ་པོར་བཅད་ཡོད་པ་མ་ཡིན་ནམ།
དེས་ན་ཁ་ཡར་གྲག་དང་མར་གྲག་ལ་རང་གི་མེས་པོ་རྣམས་ཀྱིས་ཅང་མ་ཤེས་ཚུལ་དང་མ་བྱུང་ཚུལ་སོགས་ངན་སྨོས་འབའ་ཞིག་གིས་དུས་འདའ་བའི་བྱེད་ངན་དོར་ནས་ལོ་རྒྱུས་ལ་ཕྱིར་མིག་ལེགས་པར་བལྟས་ཏེ། སྔོན་གྱི་ལྷ་བཙན་པོ་དག་གི་མངའ་ཐང་དང་གཟི་བརྗིད། དྲང་བདེན་དང་གནས་ལུགས་ཀྱི་དོན་དུ་དགྲ་སྡེ་གནོན་པའི་དཔའ་བོའི་ཞབས་རྗེས། བསྟན་པ་དང་འགྲོ་བའི་དོན་དུ་ཉིན་མཚན་འདའ་ཞིང་མཁྱེན་པ་དང་བརྩེ་བ་ཡངས་པའི་མཁས་པའི་ཕྱག་རྗེས་སོགས་ཀྱང་ལེགས་པར་མཐོང་འོས་ཤིང་ཁས་ལེན་པར་རིགས་སྙམ་མོ།།
དེ་ཡང་སྔོན་གྱི་དཔེ་མི་འདོར་ཞིང་། གསར་བའི་སྒོ་མི་གཅོད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པའང་ངས་རིགས་མཐུན་སྤུན་ཟླ་ཡོངས་ལ་བརྗོད་འདོད་པའི་སྙིང་གཏམ་ཡིན་ལགས། ལོ་སར་ཞེས་པ་ནི་ལོ་གཅིག་གི་འགོ་མ་ཡིན་པས། ལོ་འདི་ཞི་བདེ་དང་འཆམ་མཐུན། བཀྲ་ཤིས་དང་བདེ་སྐྱིད་འཛོམས་པའི་ལོ་ཞིག་ཏུ་འོང་བའི་རེ་བ་བྱེད་ན། ང་ཚོས་ཐོག་མར་རང་ཉིད་ཀྱི་ནང་བསམ་བློ་དང་ཀུན་སྤྱོད་ལེགས་པར་བཅའ་དགོས་ཤིང་གཏན་ལ་འབེབ་དགོས་པའང་བརྗེད་མི་ཉན་ལགས།
དེས་ན་བཀྲ་ཤིས་པའི་གནམ་ལོ་གསར་བ་སྟེ། དགེ་ལེགས་གཡང་གི་འོ་མཚོ་རང་འཁྱིལ་ཆུ་མོ་ཡོས་ཀྱི་ཟླ་བ་དང་བོའི་ཉིན་དང་བོ་འདིར། སླར་ཡང་ངས་བོད་གཞིས་བྱེས་ཡོངས་ལ་ལོ་སར་བཀྲ་ཤིས་བདེ་ལེགས་ཞུ་བའི་སེམས་པ་མཚོན་བྱེད་དུ། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་བྱང་ཆུབ་སེམས་ཀྱི་འོ་མཚོ་རིང་དུ་བསྲུབས་པ་ལས་བྱུང་བའི་བྱིན་རླབས་དུང་ཟླའི་འོད་སྣང་མ་ཉམས་པའི་སྨོན་ལམ་ངོ་མཚར་བ། བཀྲ་ཤིས་པར་བྱེད་པའི་ཞལ་གསུང་ཡ་མཚན་པ། བཀྲ་མི་ཤིས་པ་སེལ་བར་བྱེད་པའི་གསང་བ་རྨད་དུ་བྱུང་བའི་ཤིས་ཚིག་འགའ་ལེགས་སྐྱེས་ཀྱི་ཚུལ་དུ་བསྒྲག་པར་བྱ་ཡི། སྨོན་པ་ཇི་བཞིན་འགྲུབ་པར་ཤོག་ཅིག
སེམས་ཅན་ནད་པ་ཇི་སྙེད་པ། །
མྱུར་དུ་ནད་ལས་ཐར་གྱུར་ཅིག །
འགྲོ་བའི་ནད་རྣམས་མ་ལུས་པ། །
རྟག་ཏུ་འབྱུང་བ་མེད་པར་ཤོག །
སྐྲག་པ་རྣམས་ནི་འཇིགས་མེད་ཤོག །
བཅིངས་པ་རྣམས་ནི་གྲོལ་བར་གྱུར། །
མཐུ་མེད་རྣམས་ནི་མཐུ་ལྡན་ཞིང༌། །
སེམས་ནི་ཕན་ཚུན་གཉེན་གྱུར་ཅིག །
མགྲོན་པོ་དག་ནི་ཐམས་ཅད་ལ། །
ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །
གང་གི་དོན་དུ་འགྲོ་བྱེད་པ། །
དེ་འབད་མི་དགོས་འགྲུབ་གྱུར་ཅིག །
གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །
ཡིད་ལ་བསམས་པ་གྲུབ་གྱུར་ཏེ། །
ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། །
གཉེན་དང་ལྷན་ཅིག་དགའ་བར་ཤོག །
མྱ་ངམ་ལམ་གོལ་འཁྱམས་པ་རྣམས། །
མགྲོན་པོ་དག་དང་འཕྲད་གྱུར་ནས། །
ཆོམ་རྐུན་སྟག་སོགས་འཇིགས་མེད་པར། །
མི་ངལ་བདེ་བླག་འདོང་བར་ཤོག །
ཅེས་དང་། ཡང་།
ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །
ལོངས་སྤྱོད་ཆད་པ་མེད་པར་ཤོག །
རྩོད་པ་མེད་ཅིང་འཚེ་མེད་པར། །
རང་དབང་དུ་ནི་སྤྱོད་པར་ཤོག །
ཅེས་དང་། ཡང་།
དམ་པའི་ཐུགས་སྨོན་འདི་ཡི་མཐུས། །
སེམས་ཅན་ཐམས་ཅད་མ་ལུས་པ། །
སྡིག་པ་ཐམས་ཅད་སྤངས་ནས་ནི། །
རྟག་ཏུ་དགེ་བ་བྱེད་པར་ཤོག །
བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །
བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །
སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །
བདུད་ཀྱི་ལས་རྣམས་སྤོང་བར་ཤོག །
སེམས་ཅན་འདི་དག་ཐམས་ཅད་ནི། །
ཚེ་ཡང་དཔག་མེད་རིང་བར་ཤོག །
རྟག་ཏུ་བདེ་བར་འཚོ་འགྱུར་ཞིང༌། །
འཆི་བའི་སྒྲ་ཡང་གྲག་མ་གྱུར། །
དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །
སངས་རྒྱས་དང་ནི་སངས་རྒྱས་སྲས། །
ཆོས་སྙན་སྒྲོག་པས་གང་བ་ཡིས། །
ཕྱོགས་རྣམས་ཐམས་ཅད་གང་བར་ཤོག །
ཅེས་དང་། ཡང་།
རྒྱལ་བོ་ཆོས་བཞིན་བྱེད་གྱུར་ཅིག །
འཇིག་རྟེན་དག་ཀྱང་དར་བར་ཤོག །
སྨན་རྣམས་མཐུ་དང་ལྡན་པ་དང༌། །
གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག །
མཁའ་འགྲོ་སྲིན་པོ་ལ་སོགས་པ། །
སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །
སེམས་ཅན་འགའ་ཡང་སྡུག་མ་གྱུར། །
འཇིགས་དང་བརྙས་པར་མི་འགྱུར་ཞིང༌། །
འགའ་ཡང་ཡིད་མི་བདེ་མ་གྱུར། །
གཙུག་ལག་ཁང་རྣམས་ཀློག་པ་དང༌། །
ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག །
རྟག་ཏུ་དགེ་འདུན་མཐུན་པ་དང༌། །
དགེ་འདུན་དོན་ཡང་འགྲུབ་པར་ཤོག །
བསླབ་པ་ནོད་པའི་དགེ་སློང་དག །
དབེན་པ་དག་ཀྱང་ཐོབ་པར་ཤོག །
གཡེང་བ་ཐམས་ཅད་སྤངས་ནས་ནི། །
སེམས་ནི་ལས་རུང་སྒོམ་གྱུར་ཅིག །
ཅེས་སྙིང་ནས་སྨོན་ལམ་འདེབས་ཤིང་ཇི་ལྟར་བཏབ་པ་དེ་ལྟར་ཐམས་ཅད་མངོན་དུ་འགྱུར་བར་ཤོག་ཅིག

ཅེས་ཤཱཀྱའི་དགེ་སློང་བཛྲ་ཚུལ་ཁྲིམས་རྒྱ་མཚོས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རང་ཤག་ཆོས་རིག་འོད་སྣང་འཁྱིལ་བའི་ལྡིང་ཁང་ནས་ཤར་མར་བྲིས་པའོ།།



ཡོང་ཁུངས། བཛྲ་ཚུལ་ཁྲིམས་རྒྱ་མཚོའི་བོད་ཡིག་སྤྱི་སྟེགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།