༄༅། །༧ཀུན་གཟིགས་༧པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་པོ་མཆོག་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ།

༸ཀུན་གཟིགས་༧པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་པོ་མཆོག་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། ཕྱི་ལོ་༡༩༨༦་ལོའི་ཕྱི་ཟླ་༨་ཚེས་༡༤་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༢་པ་ཙམ་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་གྱི་བླ་ཆེན་སྐྱབས་རྗེ་སེ་ར་ཡང་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས་སེར་སྐྱ་ཁྲི་ཁྲག་མང་པོས་མཉམ་དུ་གསེར་རྒོད་རྒན་ཐང་གི་ཐང་སྟོད་ཀྱི་གསེར་ལག་ཁ་མདོའི་ཐང་ཆེན་དུ་བསངས་གསོལ་རླུང་རྟ་བསྟོད་བཞིན་པའི་ལོ་རྒྱུས་རང་བཞིན་གྱི་སྐུ་དཔར་བྱིན་ཅན།
༧ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་པོ་མཆོག་གསེར་རྟའི་ཡུལ་དུ་མ་ཕེབས་པའི་ཅུང་སྔོན་ཙམ་དུ་༧ཀུན་གཟིགས་༧པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་པོ་མཆོག་དབལ་ཤུལ་གསེར་རྟའི་ཡུལ་དུ་ཕེབས་གཏན་ཁེལ་མ་ཐག་སྐབས་དེའི་གསེར་རྟ་རྫོང་སྲིད་གྲོས། རྫོང་ཆོས་ལུགས་ཅུས། རྫོང་སྲིད་གཞུང་བཅས་ཀྱི་ནང་བཞུགས་པའི་མགོ་ལོག་གསེར་རྟའི་བླ་ཆེན་དང་། དཔོན་ཆེན་རྣམས་ཀྱིས་རེ་བསྐུལ་གསོལ་འདེབས་ནན་ཞུས་ལྟར། གསེར་ལག་ཁ་མདོའི་༸པཎ་ཆེན་བསངས་ཁྲི་དེ་དང་། གསེར་རྒོད་རྒན་ཐང་གི་རྣམ་རྒྱལ་མཆོད་རྟེན་ཆེན་མོའི་མདུན་གྱི་༸ཀུན་གཟིགས་༧པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་པོས་མང་ཚོགས་ལ་མཇལ་ཁ་དང་བླང་དོར་བཀའ་སློབ་ལམ་སྟོན་གནང་ཡུལ་གྱི་༸ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་པོའི་བཞུགས་ཁྲི་བྱིན་རླབས་ཅན་དེ་བཅས་ཐོག་མར་ས་མིག་གཟིགས་ཞིབ་དང་། བསངས་ཁྲི་དང་། བཞུགས་ཁྲི་བཅས་ཐིག་རྩ་ཚད་ལྡན་འདེབས་རྒྱུ་སོགས་ཡོངས་རྫོགས་སྐྱབས་རྗེ་སེ་ར་ཡང་སྤྲུལ་རིན་པོ་ཆེས་གནང་ཡོད།
དེ་ནས་༧ཀུན་གཟིགས་༧པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་པོ་དངོས་སུ་ས་གནས་འདིར་ཆིབས་བསྒྱུར་ཡོངས་རྫོགས་བསྐྱངས་གྲུབ་རྗེས། བསངས་ཁྲི་དེའི་མིང་ལའང་༧པཎ་ཆེན་བསངས་ཁྲི་ཞེས་མིང་བཏགས་ཏེ། བསངས་ཁྲི་དེར་ད་ལྟའི་བར་བདག་གཉེར་དོ་དམ་གནང་བཞིན་པ་ཡིན།
དེ་བཞིན་གསེར་རྒོད་རྒན་ཐང་གི་རྣམ་རྒྱལ་མཆོད་རྟེན་ཆེན་མོའི་མདུན་གྱི་༸ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་པོའི་བཞུགས་ཁྲི་དེ་ནང་རྟེན་གཙོ་བོ་ཞུས་ཏེ། མཆོད་རྟེན་ཆེ་བ་གཅིག་དང་། བཞུགས་ཁྲིའི་གཡས་གཡོན་དུ་མཆོད་རྟེན་ཆུང་ངུ་བརྒྱད་རེ་བཅས་ཕྱིས་སུ་༧ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་པོའི་དྲན་རྟེན་དུ་གསར་བཞེངས་གྱིས། ལོ་རྒྱུས་དང་བྱིན་རླབས་ཤིན་ཏུ་ཆེ་བའི་མཆོད་རྟེན་འདི་དག་ད་ལྟའང་གསེར་རྒོད་རྒན་ཐང་གི་རྣམ་རྒྱལ་མཆོད་རྟེན་ཆེན་མོའི་མདུན་དུ་འགྲོ་བའི་ཚོགས་བསགས་ཕྱག་མཆོད་ཀྱི་ཞིང་སར་དངོས་སུ་མཇལ་རྒྱུ་ཡོད་བཞིན་པ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།