དགའ་ལྡན་རི་བོའི་རྩེ་ནས་ཨ་མ་དྲན་མྱོང་བའི་བླ་མ་ཙོང་ཁ་པ། 

                                འཆི་མེད། 

ཐེངས་དང་པོར།  འབྲོག་རི་དགའ་ལྡན་དགོན་པར་མཇལ་དུས།

རང་ཚོད་ཀྱི་རྟེན་འབྲེལ་གྱིས།  

ཐོག་མར་སྒྲུབ་ཕུག་མཇལ།

ངས་ཨ་མར་མཇལ་མ་ཐུབ་པའི་བླ་མ་ཁྱེད་རང་དྲན།

དབྱར་དགུན་གྱི་ས་སྲོད་དང་ཞོགས་པ་རེ་རེའི་ཁྱེད་ཀྱི་དྲན་གདུང་གིས།

ནགས་མའི་ཀློང་གི་ཁུ་བྱུག་ཚོགས་ཀྱི་གསུང་སྐད་འགགས།

ཨ་མ་ཤིང་བཟའ་ཨ་ཆོས་མས།

བུ་ཁྱེད་ལྟོགས་ཀྱི་ཨེ་ཡོད།  བུ་ཁྱེད་གྲང་གི་ལོས་ཡོད། བུ་ཁྱེད་ཀྱིས་དཀའ་ཡི་ཡོད་དམ་བསམ་ཡོད་སྲིད།

ཨ་མ་ཤིང་བཟའ་ཨ་ཆོས་མས།

ཟས་ཞིམ་པོ་ཟ་དུས་ཁྱེད་རང་དྲན་ཡོད་ངེས།

གོས་ཡག་པ་མཐོང་ན་ཁྱེད་རང་དྲན་ཡོད་ངེས།

ཁྱེད་ཀྱི་ཁ་ཡ་ན་ཟླ་རིག་ན་ཁྱེད་རང་དྲན་ཡོད་ངེས།

ཁྱེད་རང་བྱིས་དུས་ཀྱི་རྩེད་ཆས་དང་ལྭ་ལྭ་མཐོང་ན་ལྷག་ཏུ་ཁྱེད་རང་དྲན་ཡོད་ངེས། ་་་  ་་་

རེག་རེག་བྱས་ཡོད་ངེས།

བྲང་ལ་སྦྱར་ཡོད་ངེས།

ཉིན་རེར་ལན་རེ་བལྟས་ཡོད་ངེས།

ཁྱེད་རང་གམ་ན་ཡོད་སྣང་གིས།  གཅེས་གཅེས་བྱས་ཡོད་ངེས།

ཁྱེད་རང་མཆི་མས་དྲངས་ཏེ། མིག་ནས་བཞུར་ཡོད་ངེས།

ཨ་མ་ཤིང་བཟའ་ཨ་ཆོས་མས།

ཁྱེད་ལ་འཕྲད་འདོད་ཀྱིས།  རང་གི་རུས་པ་རང་གིས་བསྡམས་ཡོད་ངེས།

ཁྱེད་ལ་འཕྲད་འདོད་ཀྱིས།  རང་གི་ཤི་གསོན་གྱི་ལམ་སྣེ་ཁྱེད་ལ་གཏད་ཡོད་ངེས།

ཉི་ནུབ་རེ་རེ་མཆི་མས་བསྐྱལ་ཏེ།  ཞོགས་པ་རེ་རེ་དངན་པས་བསུས་ཡོད་ངེས།

མདོར་ན། ཨ་མའི་མི་ཚེ་གཅིག་གི་སྨོན་ལམ་ཧྲིལ་བོའི་ནང་དུ། བུ་ཆུང་ཁྱེད་རང་མ་གཏོགས་སུ་ཡང་ཤོང་མེད་ངེས།

ཁྱེད་ལ་ཕྲད་པའི་རྨི་ལམ་བཏང་ཡོད་ངེས།

ཁྱེད་ལ་འཕྲད་སྲིད་པའི་ཡིད་ཆེས་བཅངས་ཡོད་ངེས།

ལོ་ན་ཚོད་ཀྱིས་འདེད་དུས། བུ་ཁྱེད་དང་འཕྲད་མ་ཐུབ་སྙམ་པས།

མགོ་བོ་སྔས་ལ་འབྱར་ཡོད་ངེས།

ཕྱི་མིག་ཁྱེད་ལ་བསྐྱུར་ཡོད་ངེས།

ཨ་མ་ཤིང་བཟའ་ཨ་ཆོས་མའི་མི་ཚེ་དེ་ལྟར་དྲུབས་ཡོད་ངེས།

འཇིག་རྟེན་གནམ་འོག་གི་ཨ་མ་ཐམས་ཅད་ཀྱི་སྐྱིད་སྡུག་གཅིག་ཡིན་ན།

ངས་ཀྱང་ཨ་མ་ཞིག་གི་དྲན་གདུང་ཁུར་ཏེ་ཁྱེད་ལ་མཇལ་ཡོད།

ངས་ཀྱང་།  མ་ཤི་གསོན་བྲལ་གྱི་སྡུག་བསྔལ་ལག་པས་བཏེགས་ཏེ་ཁྱེད་ལ་ཕུལ་ཡོད།

ཨ་མས་བུ་ཆུང་དྲན་པའི་སྡུག་བསྔལ།

ཨ་མ་ཤིང་བཟའ་ཨ་ཆོས་མའི་ཚབ་ཏུ་ཁྱེད་ལ་ཕུལ་ཡོད།

 ༢༠༡༧ལོའི་དགའ་ལྡན་ལྔ་མཆོད་ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།