ཤ་བཟའ་བ་ཙམ་མི་དགེ་བ་ཡིན་ཟེར་བ་ནི་ཆོས་ལོག་ཡིན།

ཁྲོཾ་ཐར་པདྨ་འཕྲིན་ལས་ཀྱིས་བརྩམས།

དང་པོ། གླེང་སློང་སྐབས་དོན་སྒོ་འབྱེད།

      ཡུན་རིང་སེམས་ལ་བརྣགས་ཤིང་། བདེན་པའི་བཅུད་དང་། རིགས་པའི་མདངས་གཅིག་ཏུ་དྲིལ་བའི་སྐད་ཆ་བསྡུས་པ་ཞིག་གླེང་འདོད་བྱུང་། འདི་དང་འདི་ལྟར་བཤད་ན་ཆོག  བྲིས་ནའང་འདྲ་སྟེ། ཐོག་མའི་ཀུན་སློང་འགངས་ཆེ་བ་ནི།  གཅིག  གྲུབ་མཐའ་ཉི་ཚེ་བའི་ཕྱོགས་སྲུང་གི་དམིགས་པ་དང་། གཉིས། མི་སྒེར་ཆེ་གེ་མོར་མ་དགའ་བའི་སེམས་ཚོར་འཆང་བ། གསུམ། སྒེར་ལ་སྙན་གྲགས་ཀྱི་འཐོབ་བྱ་ཕྲ་མོར་རེ་བ་སྟེ། གུ་དོག་བྱབ་ཆུང་གི་དམིགས་པ་ངན་པ་དེ་གསུམ་གྱིས་གཏན་ནས་མ་བསླད་པར། ཤེས་བྱ་རྐྱང་བ་དང་། རིག་གནས་རྗེན་པ། སྤྱི་ཚོགས་ཀྱི་སྣང་ཚུལ་རང་ལ་དཔྱད་པས་ཉེ་བར་འཇུག་རྒྱུ་ནི། རྩ་བའི་རྩ་དོན་དང་པོ་ཡིན་ནོ།།

      ལར་རང་རེའི་ཆོས་ལུགས་ནི་མཚན་ཉིད་རིག་པའི་བཤད་པ་གཏིང་ཟབ་ཅིང་། ཚན་རིག་དང་། ལྟ་གྲུབ། དད་མོས་གསུམ་བསྒྲིལ་ཞིག་ཡིན་ན། ཆོས་ནི་རིག་གཞུང་བཞིན་དང་། རིག་གཞུང་ནི་རིགས་པས་འགྲེལ་བཤད་རྒྱག་པ་ནི། དུས་རབས་ཀྱིས་འོ་ཅག་ལ་བཏོན་པའི་རེ་བ་ཆེ་ཤོས་ཡིན་པས། དུས་རབས་ཀྱི་ངོས་ནས་བགྲེས་ཡོལ་བྱས་ཟིན་པའི་ཆོས་ལུགས་རྨོངས་དད་ཀྱི་ཕྱོགས་མང་དག་ནི། འོ་ཅག་གིས་ཀྱང་བགྲེས་ཡོལ་དུ་སྐྱེལ་མ་བྱེད་རན་ནོ།། དེ་བས། ཆོས་མི་ཤེས་པ་དང་། ཤེས་ཀྱང་རིག་གཞུང་བཞིན་མི་སྨྲ་བར། སྤྱི་ཚོགས་སུ་ཆོས་ཀྱི་སྣང་བརྙན་རྫབ་རྫོབ་བཟོ་བ་ནི། རྣམ་པ་ཀུན་ཏུ་འགོ་བའི་ནད་བཞིན་སྤང་འོས་སོ།།

     དེའི་ཕྱིར། གཤམ་དུ་དེང་དུས་རང་རེའི་སྤྱི་ཚོགས་སུ་མི་རྣམས་ཀྱིས་ཤ་ཟོས་ན་བཟང་དང་ངན། འགྲིགས་དང་མི་འགྲིག་གི་བཤད་ཡམས་སྣ་ཚོགས་ཁ་འཐབ་ཅིང་། སྣེ་འཛིངས་ནས་ཡོད་པ་ལ། ལུང་གི་རྒྱབ་རྩ་རིགས་པ་དང་། རིགས་པའི་སྣེ་མོ་བདེན་པར་གཏད་དེ། གཏམ་དོན་དམ་ཞིག་གླེང་བར་བྱའོ།།

གཉིས་པ། དཔྱད་གཞི་ཁ་གསལ་ཁོག་བཙན།

       རང་རེའི་ཆོས་གཞུང་ན་ཤ་གནང་བཀག་གི་ལུང་ཤིན་ཏུ་མང་ཡང་། འདིར་རིགས་པའི་མཐའ་དཔྱད་དང་བཅས་པའི་རྟོག་གེ་འབར་བ་གཞིར་བྱས་ན། དེ་ཉིད་ཀྱི་ལེའུ་དགུ་བ་ལས། “འདི་ལྟར་བདག་གི་ཆེད་དུ་སྲོག་ཆགས་བསད་པར་རང་གིས་མཐོང་བ་ཡང་མེད། ཐོས་པ་ཡང་མེད། དོགས་པ་ཡང་མེད་པ་ནི་སྡིག་པའི་སེམས་དང་བྲལ་བ་ཡིན་པས། ནད་ལ་སོགས་པ་ཞི་བར་བྱ་བའི་དོན་དུ་དེ་ལྟ་བུའི་ཤ་ཟོས་ཀྱང་སྡིག་ཏུ་འགྱུར་བར་བརྟག་པར་མི་བྱ་སྟེ། དྭངས་མ་དང་། གཅིན་དང་། ངན་སྐྱུགས་ལ་སོགས་པར་འགྱུར་བའི་ཕྱིར། ཇི་ལྟར་སློང་མོས་རྙེད་པའི་ཟས་ནི་སློང་མོའི་ཟས་ཏེ། དེ་ཟོས་པའི་སྡིག་ཏུ་མི་འགྱུར་བ་བཞིན་ནོ”① ཞེས་དཔེ་དང་བཅས་ཏེ། སྤྱིར་ཐེག་ཆེན་ན་ཤ་བཀག་པ་ཡོད་ཀྱང་། ཉན་ཐོས་ལ་ནི་ཤ་གནང་ཞིང་། རྣམ་གསུམ་དག་པའི་ཤ་ནི་འདི་འདྲ་ཞིག་གོ་ཞེས་པའི་ཚུལ་གྱིས་གསལ་ཐག་ཆོད་པ་གསུངས་ཡོད། ཡང་དེ་ཉིད་ལས། ཁ་ཅིག་ན་རེ། “གལ་ཏེ་ཟ་བ་པོ་མེད་ན་གསོད་པ་པོ་ཡང་མེད་པར་འགྱུར་བས་དེས་ན་སྲོག་གཅོད་པ་ནི་ཟ་བ་པོ་ཉིད་ཡིན་ཏེ། འཚོ་བར་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཤའི་ཕྱིར་གསོད་དུ་འཇུག་པ་ལྟ་བུའོ་ཞེ་ན།”② དེ་ལ་ལན་མང་དུ་སྤྲོས་ཡོད་པ་ལས། གནད་འགག་ཅན་གཅིག་ནི། དེ་ཉིད་ལས། “གསད་བྱ་ཡོད་པས་གསོད་ཡོད་ཀྱི། །གང་ཕྱིར་མེད་ན་མ་ཡིན་ནོ། །དེས་ན་གསད་བྱ་གསོད་པ་གཉིས། །སྡིག་པ་མཉམ་པར་ཐོབ་པར་འགྱུར།།”③ ཞེས་དང་། “གང་ཕྱིར་མི་སྡིག་གནང་མི་སྦྱིན། །དེས་ན་སྡིག་དེ་ཡོད་མ་ཡིན། །དེའི་ཕྱིར་ཤ་སོགས་རྗེས་གནང་བ། །སྐྱོན་མེད་པར་ནི་གཟུང་བར་བྱ།།” ཞེས་དང་།“ཤ་ཟ་བ་ནི་སྐྱོན་བཅས་མིན། །དེ་ནི་སྲོག་ཆགས་གནོན་མིན་ཕྱིར། །མུ་ཏིག་རྨ་བྱའི་སྒྲོ་སོགས་དང་། །འབྲས་དང་ཆུ་ཡི་དགོས་པ་བཞིན། །སྲོག་ཆགས་ཀྱི་ལུས་ལ་སྡུག་བསྔལ་བསྐྱེད་ནས་ཤ་ཟོས་ན་སྐྱོན་དང་བཅས་པར་འགྱུར་གྱི། ཤ་ཟ་བའི་དུས་ན་སྲོག་ཆགས་ཀྱི་ལུས་ཀྱི་ཤ་ལ་སེམས་མེད་པས་སྡུག་བསྔལ་སྐྱེ་བར་མི་འགྱུར་ན་སྡིག་པར་ལྟ་ག་ལ་འགྱུར་ཏེ། ཇི་ལྟར་ན་ཉ་ཕྱིས་དང་། ཉ་དང་། གླང་པོ་ཆེའི་མུ་ཏིག་གི་འབྲས་བུ་རྣམས་དང་། རྨ་བྱའི་སྒྲོ་དང་། གཡག་རྔ་དང་། སོ་དང་། རུས་པ་དང་། པགས་པ་ལ་སོགས་པ་རྣམས་ཉེ་བར་ལོངས་སྤྱོད་པར་བྱེད་པའི་དུས་ན། སྲོག་ཆགས་ལ་སྡུག་བསྔལ་ཅུང་ཞིག་ཀྱང་མེད་པ་དང་། འབྲས་བུ་དང་། ཆུ་ལ་སོགས་པ་ལོངས་སྤྱོད་པའི་དུས་ན་གང་ལ་ཡང་གནོད་པ་མེད་པ་ལྟར། དེ་བཞིན་དུ་ཤ་ཟ་བར་བྱེད་ཀྱང་དེའི་ཚེ་གནོད་པ་མེད་པས་སྐྱོན་མེད་དེ། སྐྱོན་ཡོད་ན་ནི་ཤི་བའི་རོ་སྲེག་པ་ཡང་སྡིག་པ་ཡོད་པར་འགྱུར་རོ།།”④ཞེས་རིགས་པས་མཐའ་དཔྱད་དེ་སྐབས་ཀྱི་དོན་དམ་གསལ་བར་བྱས་སོ།།

གསུམ་པ། དཔྱད་པ་གཏིང་ཟབ་ཐག་ཆོད།

    ད་ནི་རིགས་པ་སྙིང་པོར་བྱས་པའི་གོང་གི་གཞུང་ཚིག་རྣམས་གནད་གསུམ་དུ་བསྡུས་ཏེ་བཤད་པར་བྱ་སྟེ། 

༡ཅི་འདྲ་ཞིག་ལ་རྣམ་གསུམ་དག་པའི་ཤ་ཟེར་རམ་ཞེ་ན། སྔོན་གྱི་མཁས་པ་ཚོས་རྣམ་གསུམ་དག་པའི་ཤ་འཇོག་ཚུལ་ལ་བཤད་པ་མི་འདྲ་བ་འགའ་རེ་བྱས་ཡོད། དེ་ལས་ས་སྐྱའི་མཁས་པ་གོ་རམས་པས་སྡོམ་གསུམ་རབ་དབྱེའི་འགྲེལ་བ་ན།⑤ རྣམ་གསུམ་དག་མ་དག་ཅེས་པ་དེ། ཤ་ཟ་བ་པོ་རང་ཉིད་ཙམ་ལ་ལྟོས་ནས་མི་འཇོག་པར། སྤྱིར་ཤ་ཙམ་གྱི་ཆེད་དུ་མཐོང་ཐོས་དོགས་གསུམ་དང་བྲལ་མ་བྲལ་ལ་ལྟ་དགོས་པའི་བཤད་པ་གནང་ཡོད། དེ་ཉིད་དེང་དུས་ཆོས་སྨྲ་བ་འགས་ཁ་ལ་ཁྱེར་ནས་རང་གི་འདོད་མོས་ཕྱོགས་ཆད་རེ་འགྲུབ་པར་རྩོམ་མོད། འོན་ཀྱང་། འདུལ་བ་སྨན་གྱི་གཞི་ལས། “དགེ་སློང་དག་ངས་གནས་གསུམ་གྱིས་རུང་བའི་ཤ་བཟའ་བར་བྱའོ་ཞེས་གསུངས་པ་གསུམ་གང་ཞེ་ན། འདིས་བདག་གི་ཆེད་དུ་བྱས་པར་མངོན་སུམ་དུ་མ་མཐོང་བ་རུང་བའི་ཤ་བཟའ་བར་བྱའོ་ཞེས་གསུངས་པ་དང་། ཡིད་ཆེས་པ་ལས་འདིས་ཁྱོད་ཀྱི་ཆེད་དུ་བྱས་པ་མ་ཡིན་ནོ་ཞེས་ཐོས་པ་རུང་བའི་ཤ་བཟའ་བར་བྱའོ་ཞེས་གསུངས་པ་དང་། རང་ཉིད་ཀྱི་བློ་རྣམ་པར་རྟོག་པ་སྐྱེས་པ་ཚུལ་ལས་འདི་ནི་བདག་གི་ཆེད་དུ་བྱས་པ་ཡིན་ནོ་སྙམ་པ་མ་སྐྱེས་པ་རུང་བའི་ཤ་བཟའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ”⑥ཞེས་དང་། རྟོག་གེ་འབར་བ་ལས་ཀྱང་།  གོང་དུ་དྲངས་པ་བཞིན། “འདི་ལྟར་བདག་གི་ཆེད་དུ་སྲོག་ཆགས་བསད་པར་རང་གིས་མཐོང་བ་ཡང་མེད།” ཅེས་སོགས་མདོ་དང་བསྟན་བཅོས་གཉིས་ཆ་ན་སྤྱིར་ཤ་ཙམ་མིན་པར། ཤ་ཟ་བ་པོ་“བདག་གི་ཆེད་དུ་” ཞེས་གསལ་ཁ་བྱས་ནས་གསུངས་པ་དེའོ།།

     དེས་ན། ཤ་ཟ་བ་པོ་རང་གི་ཆེད་དུ་བསད་པ་རང་ཉིད་ཀྱིས་དངོས་སུ་མཐོང་བའམ། ཡང་ན་གཞན་གྱི་ངག་ནས་ཐོས་པ་དང་། ད་རུང་དེ་འདྲར་དོགས་པ་ཙམ་ཡང་མེད་ཕྱིན། གཞན་གྱིས་ཁོ་རང་གི་ཁེ་ཕན་གྱི་ཆེད་དུ་བསད་པའི་ཤ་ཅི་འདྲ་ཞིག་ཡིན་ཡང་། ཟ་བ་པོ་རང་ཉིད་ལ་ནི་རྣམ་གསུམ་དག་པའི་ཤ་འབའ་ཞིག་གོ།

     ༢ཟ་བ་པོ་དང་གསོད་པ་པོ་གཉིས་ལ་སྡིག་པ་ཡོད་མེད་ཀྱི་ཁྱད་པར་ཅི་ཞེ་ན། ཡང་རྟོག་གེ་འབར་བ་རུ་ཤ་ཟ་བ་པོ་དང་། སྲོག་གཅོད་པ་པོ་གཉིས་ལ་སྡིག་པ་ཡོད་མེད་མི་མཚུངས་པའི་དཔྱད་པ་ནན་པོ་བྱས་ཡོད། འདི་ནི་ཤིན་ཏུ་གནད་འགག་ཅིག་ཡིན་ཏེ། དེང་དུས་ཆོས་སྨྲ་བ་འགའ་རེས་ཤ་ཟ་བ་པོ་དང་སྲོག་གཅོད་པ་པོ་གཉིས་ཀ་ལའང་སྲོག་བཅད་པའི་སྡིག་པ་འདྲ་མཉམ་དུ་སྨྲ་ཞིང་། དེ་ལ་ཁོ་ཚོས་ཤིན་ཏུ་རྩིང་བའི་རིགས་པ་ལྟར་སྣང་ཞིག་ཁ་ལ་འཁྱེར་བ་ནི། ཟ་བ་པོ་མེད་ན་གསོད་པ་པོ་མེད་པ་དང་། བསད་པ་ཐམས་ཅད་ཟ་བ་པོའི་ཆེད་ཡིན་པས། ཤ་ཟ་བ་པོ་སྡིག་པ་མི་ཆེ་ནའང་མི་ཆུང་ཟེར་ལོ། འདི་ལ་ལེགས་ལྡན་འབྱེད་ཀྱིས་དམིགས་ཀྱིས་དགག་པ་མཛད་ཡོད་པ་ནི། ཁ་ཅིག་གིས་འདོད་པ་དེ་ལྟར་ན། གསད་བྱ་སེམས་ཅན་ལ་ཡང་སྲོག་བཅད་པའི་སྡིག་པ་འབྱུང་བར་འགྱུར་ཏེ། གསད་བྱ་དེ་མེད་ན། གསོད་པ་པོ་ཡང་མེད་པའི་ཕྱིར། ཅེས་པ་སྟེ། “གསད་བྱ་ཡོད་པས་གསོད་ཡོད་ཀྱི། །གང་ཕྱིར་མེད་ན་མ་ཡིན་ནོ། །དེས་ན་གསད་བྱ་གསོད་པ་གཉིས། །སྡིག་པ་མཉམ་པར་ཐོབ་པར་འགྱུར།།” ཞེས་སོ། །

     ༣ཤ་ཟ་བ་སྡིག་པ་མིན་པར་རིགས་པའི་འཐད་པ་གང་ཡོད་ཅེ་ན། ཡང་རྟོག་གེ་འབར་བ་རུ་རིགས་པའི་དཔྱད་པ་འདི་ལྟར་བྱས་ཡོད་དེ། ཤ་བཟའ་བ་དེ་རང་བཞིན་གྱི་མི་དགེ་བ་མིན་པ་ནི། སངས་ཀྱིས་གནང་བའི་སྐབས་ཡོད་པ་དེ་ཁོ་ནས་ཤེས་པ་དང་། དེས་ན། ཤ་ཟོས་ན་མི་དགེ་བ་འབྱུང་བའི་སྐྱོན་མེད་པར་བཤད། གཞན་ཡང་། སྐྱེ་བོ་ཞིག་གིས་ཤ་ཟ་བཞིན་པའི་དུས་ན་སེམས་ཅན་ལ་སྡུག་བསྔལ་སྐྱེ་བར་མི་འགྱུར་ན། སྡིག་པ་འབྱུང་བའི་གནས་མེད་དེ། དཔེར་ན། རྨ་བྱའི་སྒྲོ་དང་། ནས་སོགས་འབྲས་བུ་དང་། ཆུ་སོགས་ལ་ལོངས་སྤྱད་པ་བཞིན་ཞེས་པའོ།།

བཞི་བ། ཐལ་ངག་གནམ་ལྕགས་ཕྲེང་བ།

      བསད་པའི་ཤ་ཞིག་ཟོས་པ་ཙམ་ལ་སྲོག་བཅད་ཀྱི་སྡིག་པ་ཆ་ཚང་ཡོད་ཟེར་བའི་ལྟ་བ་ངན་པ་དེ་དམིགས་འབེན་དང་། རང་རེའི་སྲོལ་རྒྱུན་དགག་སྒྲུབ་རིགས་ལམ་ཀྱི་ཐབས་ལམ་སྤྱད་དེ། གཤམ་དུ་ཐལ་བ་དགུ་སྐོར་གྱི་ཐོག་འཕེན་རྒྱུ་ཡིན་པས། ཉོན་ཅིག ལྟོས་ཤིག སོམས་ཤིག

     རང་གིས་མ་བསད་ཀྱང་། ཤ་ཟོས་པ་ཙམ་གྱིས་གསོད་པ་པོ་དང་སྲོག་བཅད་པའི་སྡིག་པ་མཉམ་ཟེར་ན། དེ་འདྲའི་ཟ་བ་པོ་ཆོས་ཅན། ཁྱོད་རང་ལས་མ་བྱས་པ་དང་འཕྲད་པར་ཐལ། ཁྱོད་ཀྱིས་སྲོག་གཅོད་ཀྱི་ཀུན་སློང་དང་སྦྱོར་བ་སྣ་གཅིག་མ་བརྩམས་ཀྱང་། ཁྱོད་ལ་སྲོག་བཅད་ཀྱི་སྡིག་པ་འབྱུང་བ་ཡོད་པའི་ཕྱིར། ཟློག་ཏུ་མེད་པའི་འཁོར་གསུམ་དང་པོའོ།།

     ཡང་དེ་འདྲའི་ཤ་ཟ་བ་པོ་ཆོས་ཅན། ཁྱོད་ལས་གཞན་གྱིས་བསགས་ལ་འབྲས་བུ་གཞན་གྱིས་མྱོང་བ་ཡིན་པར་ཐལ། ཁྱོད་ཀྱིས་སེམས་ཅན་སྡུག་བསྔལ་བའི་ལས་མ་བྱས་ཀྱང་། གཞན་གྱིས་བསད་པའི་སེམས་ཅན་གྱི་ཤ་ཟོས་ཏེ། རྣམ་སྨིན་སྡུག་བསྔལ་མྱོང་མཁན་ཡིན་པའི་ཕྱིར། ཟློག་ཏུ་མེད་པའི་འཁོར་གསུམ་གཉིས་པའོ།།

     ཡང་གལ་ཏེ་ཟ་བ་པོ་མེད་ན་གསོད་པ་པོའང་མེད་པས། ཟ་བ་པོ་སྡིག་པ་ཆེ་ཟེར་ན།  གསད་བྱའི་སེམས་ཅན་དེ་ཆོས་ཅན། ཁྱོད་བསད་པའི་སྡིག་པ་ཁྱོད་ལ་འབྱུང་བར་ཐལ། ཁྱོད་མེད་ན་གསོད་པ་པོ་ལའང་སྲོག་བཅད་པའི་སྡིག་པ་མི་འབྱུང་བའི་ཕྱིར། ཟློག་ཏུ་མེད་པའི་འཁོར་གསུམ་གསུམ་པའོ།།

      ཡང་འབྲུ་རིགས་ཉོ་བ་པོ་ཆོས་ཅན། འཚོང་མཁན་གྱིས་བྲེ་སྲང་ལོག་འཇལ་བྱས་པའི་སྡིག་པ་དེ་ཁྱོད་ལ་ཡང་འབྱུང་བར་ཐལ། ཉོ་བ་པོ་མེད་ན་འཚོང་མཁན་ལའང་བྲེ་སྲང་ལོག་འཇལ་གྱི་སྡིག་པ་མི་འབྱུང་བའི་ཕྱིར། ཟློག་ཏུ་མེད་པའི་འཁོར་གསུམ་བཞི་པའོ།།

ཡང་དེ་འདྲའི་ཤ་ཟོས་པ་དེ་ཆོས་ཅན། མི་དགེ་བ་བཞི་པོ་གང་རུང་ཡིན་པར་ཐལ། མི་དགེ་བ་ཡིན་པའི་ཕྱིར།  ཟློག་ཏུ་མེད་པའི་འཁོར་གསུམ་ལྔ་པའོ།།

     ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་མི་དགེ་བའི་ལས་གསར་དུ་བསག་པ་ཡོད་པར་ཐལ། ཁྱོད་ཀྱིས་གཞན་གྱིས་བསད་པའི་ཤ་བཟའ་བ་ཡོད་པའི་ཕྱིར། ཟློག་ཏུ་མེད་པའི་འཁོར་གསུམ་དྲུག་པའོ།།

     ཡང་ཤེས་བྱ་ཆོས་ཅན། མི་དགེ་བ་གསུམ་མམ་བཞི་པོ་གང་རུང་དུ་མ་འདུས་པའི་མི་དགེ་བ་ཡོད་པར་ཐལ། སེམས་ཅན་གཞན་ལ་གནོད་སེམས་ཙམ་ཡང་མེད་བཞིན་དུ། ཤ་བཟའ་བ་མི་དགེ་བ་ཡིན་པའི་ཕྱིར། ཟློག་ཏུ་མེད་པའི་འཁོར་གསུམ་བདུན་པའོ།།

ཡང་ཤེས་བྱ་ཆོས་ཅན། རྒྱུ་དུས་ཀྱི་ཀུན་སློང་དང་། དེ་དུས་ཀྱི་ཀུན་སློང་མི་དགེ་བ་གང་རུང་མེད་བཞིན་དུ་སྡིག་པའི་ལས་བསག་རྒྱུ་ཡོད་པར་ཐལ། རང་ཉིད་ལ་ནི་སེམས་ཅན་དེར་གནོད་སེམས་ཙམ་ཡང་མེད་བཞིན་དུ། གཞན་གྱིས་བསད་པའི་ཤ་བཟའ་བ་སྡིག་པའི་ལས་སུ་འགྱུར་བའི་ཕྱིར། ཟློག་ཏུ་མེད་པའི་འཁོར་གསུམ་བརྒྱད་པའོ།། 

     ཡང་ཤེས་བྱ་ཆོས་ཅན། འཇིག་རྟེན་འདིར་ལོངས་སྤྱོད་པ་པོ་ལ་སྡིག་པ་མི་འབྱུང་བའི་གོས་ལག་མཐིལ་ཙམ་དང་། ཟས་ཁམ་གང་རྙེད་རྒྱུ་མེད་པར་ཐལ། གཞན་གྱི་སྡུག་བསྔལ་སྤུ་ཙམ་དང་ཡང་མ་འབྲེལ་བའི་ཐོན་སྐྱེད་ཅིག་རྫུ་འཕྲུལ་སྟོང་ཐབས་ཅིག་ཏུ་འདུས་ཀྱང་ཡོང་ཐབས་མེད་པའི་ཕྱིར། ཟློག་ཏུ་མེད་པའི་འཁོར་གསུམ་དགུ་པའོ།། ཐལ་ངག་ཕྱི་མ་གསུམ་ནི་རང་རེའི་རིག་གཞུང་ན་གྲགས་ཆེ་བའི་ཆོས་ཅན་ནུས་མེད་ཀྱི་རིགས་ལམ་སྤྱད་པའོ།།

ལྔ་བ། མཇུག་གཏམ་སེམས་འཛིན་མན་ངག

       མདོར་ན། སེམས་ཅན་གཞན་ལ་གནོད་པའི་ཀུན་སློང་དང་སྦྱོར་བ་མ་བརྩམས་ཕྱིན། ལས་ཅི་བྱས་ཀྱང་སྡིག་པ་འབྱུང་བའི་གནས་མེད་པ་ནི། རྒྱུ་འབྲས་ཆོས་ཉིད་ཀྱིས་ཐག་བཅད་ཡོད་ལ། ནང་བསྟན་རིག་གཞུང་གི་དགོངས་པ་ཡང་དེ་ཁོ་ནའོ།། རང་གིས་མ་བསྐུལ་ཅིང་། རང་གི་ཆེད་དུ་དམིགས་ནས་བསད་པ་མ་ཡིན་པར། གཞན་གྱིས་ཁོ་རང་གི་ཁེའི་ཆེད་དུ་བསད་པའི་ཤ་ཟོས་ཀྱང་སྡིག་པ་སྤུ་ཙམ་ཡང་འབྱུང་དོན་མེད། དེའི་སྡིག་པ་ནི་གསོད་པའི་ལས་སུས་བརྩམས་ན་དེ་རང་ལ་འབྱུང་བ་རྒྱུ་འབྲས་ཡིན་ནོ།། 

ལར་ནང་བསྟན་རིག་གཞུང་ན་ལས་མི་དགེ་བ་དེ་ལ་རིགས་བཞིར་ཕྱེ་བ་སྟེ། ༡དོན་དམ་གྱི་མི་དགེ་བ། ༢ངོ་བོ་ཉིད་ཀྱི་མི་དགེ་བ། ༣མཚུངས་ལྡན་གྱི་མི་དགེ་བ། ༤ཀུན་སློང་གི་མི་དགེ་བའོ།། དེ་དག་ལས་མི་དགེ་བ་མཚན་ཉིད་པ་ཡིན་ན། ཕྱི་མ་གསུམ་གང་རུང་གིས་ཁྱབ་བོ།། 

      ཤ་ཟ་བ་ལྟ་བུ་དེ། ༡ངོ་བོ་ཉིད་ཀྱི་མི་དགེ་བ་མིན་ཏེ། དེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་ཡང་མིན་པའི་ཕྱིར།༢མཚུངས་ལྡན་གྱི་མི་དགེ་བ་མིན་ཏེ། ཁོ་མ་གཞི་ནས་སེམས་སེམས་གང་རུང་མིན་པའི་ཕྱིར། ༣ཀུན་སློང་གི་མི་དགེ་བ་མིན་ཏེ། གནོད་སེམས་སོགས་མི་དགེ་བའི་ཀུན་ནས་བསླངས་པའི་ལས་མིན་པའི་ཕྱིར་རོ།།  

      ལེགས་ལྡན་འབྱེད་ཀྱིས། ཤ་ཟ་བའི་དུས་ན་སེམས་ཅན་ལ་སྡུག་བསྔལ་སྐྱེ་བ་མེད་ན། ཤ་ཟ་བ་དེ་སྡིག་པར་གཏན་ནས་མི་འགྱུར་བར་གསུངས་པ་བཞིན། དཔེར་ན། ཤན་པ་ཞིག་གིས་སེམས་ཅན་བསད་ནས་དེའི་ཤ་ཟ་བ་ན། གསད་པའི་ལས་དེ་མི་དགེ་བ་ཡིན་གྱི། ཤ་བཟའ་བ་དེ་ནི་མི་དགེ་བ་ཡིན་པའི་རྒྱུ་མཚན་སྤུ་ཙམ་མེད་པའི་ཕྱིར་རོ།། ད་རུང་འདུལ་བ་རྒྱ་ཆེར་འགྲེལ་ལས།“ནད་པ་གསོ་བའི་དོན་དེ་ཉིད་དུ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལྷག་པར་སྤྱོད་པ་ལ་ནི་ལྟུང་བ་མེད་དེ། དཔེར་ན། ཤ་བསྔོས་པར་ཤེས་ན་བཟའ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་གསོ་བའི་དོན་ཉིད་དུ་མ་གཏོགས་སོ”⑦ ཞེས་གསུངས་པ་འདིས་ཀྱང་། སྟོན་པས་ཤ་བཟའ་བ་ཙམ་ནི་སྡིག་པར་མི་བཞེད་པ་ཤིན་ཏུ་གསལ་བའི་ཕྱིར་རོ།། དེས་ན། ཀུན་སློང་མི་དགེ་བ་མིན་པའི་ཤ་ཟ་བ་ནི་རྣམ་པ་ཀུན་ཏུ་ལུང་མ་བསྟན་གྱི་ལས་སུ་ཟད་དོ།།

       དེ་ལྟར་གོང་དུ་དྲངས་པ་བཞིན་རང་རེའི་རིག་གཞུང་རང་ན་ནི། དེ་འདྲའི་བླང་དོར་གྱི་ལམ་སྟོན་གསལ་ལ་ཞིབ་པ་ཡོད་ཀྱང་། འོ་ཅག་རྣམས་ནི་སུ་ཞིག་ལ་ལད་མོ་བྱེད་དྲགས་མིན་ཅི་ཆ་སྟེ། ཆོས་ཆོས་བཞིན་དུ་མི་སྤྱོད་པར། རང་གི་རིག་གཞུང་གསེར་སྦྱངས་འདྲ་བ་དེ་ལས་ལྡོག་པར་རྩོམ་བཞིན་པ་ནི། བློ་མུག་པའི་ཐོག་ལ་ངོ་ཚ་བའི་གནས་སོ།། 

①སློབ་དཔོན་ལེགས་ལྡན་འབྱེད།  དབུ་མ་སྣང་འགྲེལ་བ་རྟོག་གེ་འབར་བ།  རྒྱ་འགྲེལ་ཕྱོགས་བསྒྲིགས།G  པོད་7   པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2014ལོ། དཔར་ཐེངས་དང་པོ། ཤོག་ངོས།  304

②སློབ་དཔོན་ལེགས་ལྡན་འབྱེད།  དབུ་མ་སྣང་འགྲེལ་བ་རྟོག་གེ་འབར་བ།  རྒྱ་འགྲེལ་ཕྱོགས་བསྒྲིགས།G  པོད་7  པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2014ལོ། དཔར་ཐེངས་དང་པོ། ཤོག་ངོས།  605

③སློབ་དཔོན་ལེགས་ལྡན་འབྱེད།  དབུ་མ་སྣང་འགྲེལ་བ་རྟོག་གེ་འབར་བ།  རྒྱ་འགྲེལ་ཕྱོགས་བསྒྲིགས།G  པོད་7   པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2014ལོ། དཔར་ཐེངས་དང་པོ། ཤོག་ངོས། 606

④སློབ་དཔོན་ལེགས་ལྡན་འབྱེད།  དབུ་མ་སྣང་འགྲེལ་བ་རྟོག་གེ་འབར་བ།  རྒྱ་འགྲེལ་ཕྱོགས་བསྒྲིགས།G པོད་7  པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2014ལོ། དཔར་ཐེངས་དང་པོ། ཤོག་ངོས།  607

⑤གོ་རམས་བསོད་ནམས་སེངྒེ། སྡོམ་གསུམ་གྱི་རབ་ཏུ་དབྱེ་བའི་རྣམ་བཤད་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་གསལ་བ།  གོ་རམས་གསུང་འབུམ། པོད9པ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ཤོག་ངོས། 

⑥སྟོན་པ་ཤཱཀྱ་ཐུབ་པ།  འདུལ་བ་སྨན་གྱི་གཞི།  སྡེ་དགེ་བཀའ་འགྱུར། G  པོད། འདུལ་བ། ༼ཀ༽  ཤོག་ངོས། 25

⑦བྱ་བྲག་སྨྲ་བའི་སློབ་དཔོན་དྷརྨ་མི་ཏྲ།  འདུལ་བ་མདོའི་རྒྱ་ཆེར་འགྲེལ་བ།  སྡེ་དགེ་བསྟན་འགྱུར།G  པོད། ༼འུ༽ ཤོག་ངོས། 225ཛ

རྩོམ་ཡོང་ཁུངས་། ཁྱུ་སྔོན་བོད་ཡིག་རྩོམ་རིག་དྲ་བ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།