ནུབ་རྒྱ་མཚོའི་ཕར་ཁ་ཚུར་ཁ།

-ཨ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་(སྟོད་ཆ་)བསྒྱུར་བའི་ཟིན་བྲིས། མི་ལ་ཙི་ཙི། གཅིག “ཟླ་ལྔ་པའི་མེ་ཏོག”རྟགས་ཅན།

དུས་རབས15པའི་ནང་། དབྱི་ཐ་ལིའི་ས་རྒྱུས་མཁན་ཚོས་གནའ་བོའི་ཀེ་རི་སིའི《ས་རྒྱུས་རིག་པ》གཞིར་བཟུང་སྟེ་འཛམ་གླིང་ས་ཁྲ་ཐོག་མ་དེ་བྲིས། དེའི་ངོས་སུ་རྒྱ་དཀར་ནག་གཉིས་ནུབ་རྒྱ་མཚོའི་ཤར་མཐའ་རུ་དཔར་ནོར་ཤོར་ཟེར། 1492ལོར། ཀཱོ་ལིན་པུས་ལག་ཏུ་འཛམ་གླིང་ས་ཁྲ་དེ་དང་། སེ་ཆེན་རྒྱལ་པོའི་སྐུ་མགྲོན་རྨལ་ཀེ・ཧྥོ་ལཱེའི《འགྲུལ་བཞུད་ལམ་ཡིག》ཐོགས་ནས། སོ་སོའི་ཡ་མེད་སྙིང་སྟོབས་དང་གཏིང་མེད་རྐམ་སྲེད་ཀྱི་ལྕག་འདེབས་འོག་མེ་གླིང་བྱང་མར་བརྟོལ། དེ་ནས་མི་ལོ128བརྩིས་པའི1620ལོར། གནམ་གྱི་ཁ་ཞེང་ལྟར་དཔག་གིས་མི་ལང་པའི་མཐའ་ཀླས་པའི་མཚོ་ཆེན་དེ་འཕྲེད་ཀྱིས་བཅད་ནས། གཟིངས་ཆུང་སྨྱུག་ལོ་ཙམ་གཅིག་སླར་ཡང་གོ་ལའི་བྱང་ཟུར་གྱི་ས་ཆེན་སྣུམ་དཀག་མ་དེ་རུ་ཐེབས། འདི་ནི་ཨ་རིའི་ལོ་རྒྱུས་དོན་སྙིང་གི་ངོས་ནས་བཤད་ན། དེ་རིང་གི་ཁོ་ཚོའི་གནམ་གྲུའི་མ་གཟིངས་གང་གིས་ཀྱང་མཚོན་དུ་མི་བཏུབ་པའི“ཟླ་ལྔ་པའི་མེ་ཏོག”རྟགས་ཅན་གྱི་གྲུ་བོ་དེ་རེད། སྔོན་ཚེ་ཀཱོ་ལིན་པུ་ལ་སི་ཕེན་གྱི་གོང་མ་ཚང་གི་བདག་རྐྱེན་རམ་ཟླ་དཔེ་མེད་ཐོབ་པ་རེད་མོད། “ཟླ་ལྔ་པའི་མེ་ཏོག”རྟགས་ཅན་དུ་སྡོད་མཁན་སྐྱེ་བོ་བརྒྱ་ཚོ་དེ་ལས་མང་ཤོས་ཡེ་ཤུ་དྭངས་གཙང་པ(清教徒)ཡིན་པས། མེས་རྒྱལ་དབྱིན་ཇིའི་སི་ཐུ་ཡཱ་ཐེ(斯图亚特)རྒྱལ་རབས་ཀྱིས་གནོད་འཚེ་ཡ་ང་བ་ཡུན་རིང་བསྐྱལ་བས། མཐར་ཐུག་ཅི་ཡོང་ཅི་མཐའ་མི་གསལ་པའི་ཉེན་ཁའི་མཚོ་འགྲུལ་དེ་རུ་མིག་བཙུམས་ཏེ་རྦད་མཆོང་བརྒྱབ་པ་རེད།

ཡང་ཡེ་ཤུ་དྭངས་གཙང་པ་ཟེར་བ་དེ་རགས་རིམ་ཞིག་མ་ཤེས་ན། ཨ་རིའི་ལོ་རྒྱུས་དང་མེ་གླིང་སྙིང་སྟོབས་སོགས་ཀྱི་གནད་མི་ཕིགས་པས་གསེལ་བཀྲོལ་གང་འཚམ་བྱ་དགོས་ཡོད། “དྭངས་གཙང”ཟེར་བ། དོན་དུ་ཡེ་ཤུ་གསར་མ་བའི(新教)ནང་བསླབ་པ་དང་སྡོམ་ཁྲིམས་དྭངས་གཙང་ཡིན་པའི་ཆ་ནས་བཏགས་པར་བཤད། ཚང་མས་ཤེས་པ་ནང་ལྟར། ཡེ་ཤུ་ཆོས་ལུགས་ལ་གནམ་བདག །ཤར་རྣམ་དག །དེ་བཞིན་གསར་མ་བ་བཅས་གྲུབ་མཐའ་གསུམ་དུ་དབྱེ། གསར་མ་བ་ཚོས་དབྱིན་ཇིས་རྒྱལ་ཆོས་སུ་བསྐོས་པའི་གནམ་བདག་ཆོས་ལུགས་ལ་རྒོལ། ལྷ་བདག(神父)ཤོག་ཁའི་བཙན་དབང་དང་རུལ་སུངས་ལ་སུན་འབྱིན་བྱེད། ལྷ་ཡི་མདུན་སར་མི་རྣམས་འདྲ་མཉམ་ཡིན་པ་མ་ཟད། ལྷ་བདག་གུད་དུ་བོར་ཏེ་དད་ལྡན་གྱིས་ཐད་ཀར་ལྷ་དང་གཏུག་ཆོག་པར་ཡིད་རྟོན། ད་དུང་སོ་སོས་ཕྱག་དང་གུས་ལུགས་སླ་མོར་བཅའ། སྐད་ཆ་ཁ་གསང་པོར་སྨྲ། གྱོན་ཆས་བབ་ཆགས་གསོལ། དབང་ཤེད་དང་གཏུམ་སྤྱོད་ལ་རྡུང་ཁ་བཀྱེ། དམག་གི་རྐང་ཁྲལ་དང་ཆོས་ཚོགས་ཀྱི་ལྷ་སྐལ་ཁྲལ(什一税)ངོ་གཅོག་བྱེད། དེར་བརྟེན། མཆིག་གུའི་ཡས་རྡོ་མས་རྡོ་ཇི་ལྟར། སྐབས་དེའི་དབྱིན་གཞུང་དང་ཆོས་ཚོགས་གཉིས་ཀས། ཕྱོགས་ངོས་གཉིས་ནས་ཁོ་ཚོ་མནར་གཅོད་ཀྱི་འཇུར་མིག་ཏུ་ཞིབ་བུར་འཐག་ཅིང་ཁྲོལ་བུར་འདེད། ཕྱིས་སུ། སོ་སོའི་དད་མོས་དང་རང་དབང་གི་ཕྱིར། ནུབ་རྒྱ་མཚོས་བར་ཆོད་པའི་མེ་གླིང་སྐམ་སར་འཆི་བ་སྲོག་བསྡོས་སྒོས་བསྐྱོད་པ་རེད། དེ་ལས་སྐད་གྲགས་ཆེ་ཤོས་ནི། ད་རེས་འདིར་གླེང་དགོས་པའི“ཟླ་ལྔ་པའི་མེ་ཏོག”རྟགས་ཅན་གྲུ་བོ་ལས་འབྱོར་མཁན་དབོར་དམངས་ཐོག་མ་དེ་ཡིན་པར་བཤད།

རྒྱ་མཚོ་ཆེན་པོའི་འཇིགས་པ་ལས་ཐར་ན་ཡང་། སྐམ་ས་ཆེན་པོ་དེ་ད་དུང་གཉུག་མའི་རྒོད་ན་མཆིས་པས། དབོར་འབངས་དེ་ཚོས་ཐོག་མར་གདོང་གཏད་དགོས་ས་ནི། ཤི་གསོན་ཚོད་བགམ་པང་དུ་བླངས་ཏེ་སྲོག་འཚོ་རྒྱུ་དེ་རང་རེད། དེ་ལྟར། རྗེས་ཀྱི《རང་བཙན་བསྒྲགས་གཏམ》ཁྲོད་རིན་ཐང་ལྟ་བ་དྲུག་པོ་འགོད་དུས་ཀྱང་། སྲོག་འཚོ་རྒྱུ་དེ་གཞན་ལས་འཕགས་ཏེ་ཨང་དང་པོར་བརྩིས་པ་ཡིན་ཚོད། ཡང“ཟླ་ལྔ་པའི་མེ་ཏོག་རྟགས་ཅན”གྱི་དད་ལྡན་འགྲུལ་བཞུད་པ་ཚོར་མཚོན་ན། སྲོག་མགོ་ཁེབ་རྒྱུ་དེ་ནི་ལས་ལ་བརྩོན་པའི་ལག་ཟུང་ཁོ་ནས་འཐུས་པ་ཞིག་ཀྱང་མ་རེད། གཙོ་བོ་མིའི་སྙིང་སྟོབས་དང་སྤོབས་པ་ལ་བརྟེན་དགོས་པ་ཞིག་ཏུ་འདུག །ཡང་ལྷད་མེད་དྭངས་གཙང་གི་ཆོས་ལུགས་དད་མོས་ནི། ཏག་ཏག་ཡུལ་གྱར་སྐྱེ་བོ་དེ་ཚོའི་སྙིང་སྟོབས་དང་སྤོབས་པའི་འབྱུང་ཁུངས་རང་རེད། མ་ཟད་རང་བྱུང་ཆོས་དད་དེའི་ནུས་པ་ལས《“ཟླ་ལྔ་པའི་མེ་ཏོག་རྟགས་ཅན”སྤྱི་ཆིངས》ཞེས་པའི་ཤུལ་ནོར་རྩ་ཆེན་དེ་ཐོན། སྤྱི་ཆིངས་འདི་ནི། དབོར་དམངས་ཐོག་མ་དེ་ཚོས་སྐམ་ས་ཆེན་པོར་རྡོག་པ་བཀོད་མ་ཐག །“་་་ལྷ་གོང་མའི་ངོ་སོ་བསྟོད་ཕྱིར་དང་། བླ་མེད་ཡེ་ཤུ་ཆོས་ལུགས་ཀྱི་དད་འདུན་རྒྱ་ཁྱབ་གཏང་ཕྱིར་་་”ཞེས། ཀུན་མཐུན་སྤྱི་མོས་ལྟར་དད་པ་རྩེ་གཅིག་གི་སོ་ནས་མནའ་བོར་ཏེ་བཞག་པ་ཞིག་རེད་འདུག །ཏག་ཏག་སྤྱི་ཆིངས་འདི་ཕྱི་མོར་བརྟེན་པ་བརྒྱུད། རྗེས་ཀྱི《རང་བཙན་བསྒྲགས་གཏམ》དང་། དེ་བཞིན《ཨ་རིའི་རྩ་ཁྲིམས》སོགས་ཀྱིས་མཚོན་པའི་མེ་གླིང་བྱང་མའི་རང་དབང་སྙིང་སྟོབས་ཀྱི་གཞི་གྲུབ་པར་བཤད། དེར་བརྟེན་དེའི་རིན་ཐང་ཤུགས་ནས་རྟོགས་ཐུབ་པ་ཞིག་རེད། དཔེ་ཆུང་ཆུང་ཞིག་ལ། དེ་རིང་གི་ཨ་རིའི་སྲིད་འཛིན་གྱིས་ཁྲིར་བཞུགས་དམ་བཅའ་འཇོག་སྐབས། རང་ཉིད་གཏོགས་སའི་ཏང་ཁག་གང་དེ་ཚད་དུ་འཇོག་པ་མི་ཡིན་པར། ཡེ་ཤུའི་གསུང་རབ་སྟེང་ལག་པ་བཞག་སྟེ་མནའ་ཚིག་སྒྲོག་པའི་ཆོ་ག་ཡང་། དོན་ལ་སྤྱི་ཆིངས་དེའི་ལུགས་སོར་འཇོག་བྱས་ཡོང་བ་ཞིག་རེད་ཟེར། གཞན་དུ་ན། མི་ལོ400ཕྱིན་པའི་ད་ལྟའི་ཆར། ཨ་མེ་རི་ཀ་སྤྱིའི་མི་འབོར་གྱི་བརྒྱ་ཆའི12%ཟིན་པའི་མི་གྲངས་ཁྲི་ཚོ350ཡི་ཁྱིམ་རྒྱུད་ཀྱི་མཆེད་ཁུངས། ཏན་ཏན། “ཟླ་ལྔ་པའི་མེ་ཏོག་རྟགས་ཅན”ལས་སྐམ་སར་འབྱོར་མཁན་ཡེ་ཤུ་དྭངས་གཙང་པ་དེ་ཚོར་གཏུག་རྒྱུ་ཡོད་རབས། མ་ཟད། མི་རྒྱུད་དེ་ལས་ཨ་ཊམ་སི(亚当斯)ཕ་སྤད། བྷུ་ཧྲི(布什)ཕ་སྤད། རཱོ་སི་ཝེབ(罗斯福)སོགས་སྔ་ཕྱིར་སྲིད་འཛིན9དང་། མེ་གླིང་བྱང་མའི་གསར་བརྗེའི་ཡབ་ཆེན་ཧྥུ་རན་ཁི་ལིན་སོགས་མི་སྣ་གྲགས་གཡེར་ཅན་གང་མང་བྱོན་པར་བཤད།

དེ་ལྟར། ཆོས་དད་ནི། ནང་སྒོས་ཡེ་ཤུ་དྭངས་གཙང་ཆོས་དད་ནི། མི་སེར་སྤེལ་ཡུལ་གྱི་དུས་ནས་བཟུང་དམངས་གཙོའི་རྒྱལ་ཁབ་འཛུགས་པའི་བར། ཨ་རིའི་བླ་རུ་མཐོ་བའི་མི་ཚེའི་འདུན་པ་དང་བདེ་སྐྱིད་ཀྱི་གཞི་རྐང་དུ་འཛིན་སྐད། དཔེར་ན། ཐཱོམ་སི・རྗེ་ཧྥོ་སན(托马斯・杰斐逊)ནི་ལྷ་མེད་སྨྲ་བར་ཁད་ཉེ་བའི་གཉུག་ལྷ་སྨྲ་བ(自然神论)ཞིག་ཡིན་རུང་། 《རང་བཙན་བསྒྲགས་གཏམ》ནང་ཁོས་ཐེ་མི་ཚོམ་པར། “ ལྷ་དཀོན་མཆོག་གི་ཕྱག་ནས་ཐོན་པའི་འགྲོ་བ་མི་ལ། ཆེས་ཐོག་མ་ནས་བཟུང་གཅིག་མཚུངས་བླ་མེད་ཀྱི་རྩིས་ཐང་རང་ཆས་སུ་བདོག །མ་ཟད། རྩིས་ཐང་དེ་ནི་གོང་མ་ལྷ་ནས་ཐད་ཀར་ཡོང་བ་ཡིན་པས། དུས་གཏན་སུས་ཀྱང་འཕྲོག་ཏུ་མེད་དོ། །” ཞེས་བསྟན་པ་རེད།

ཇི་ལྟ་དེ་ལྟར། ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོའི་ཁྲོད། གནའ་བོའི་ཡོ་རོབ་ཀྱི“དཔའ་རྟུལ་སྙིང་སྟོབས”(“骑士精神”)ཟེར་བ། གསར་དུ་བྱུང་བའི་ཡེ་ཤུ་དྭངས་གཙང་པའི་ཁྲག་རྒྱུན་ཁྲོད་འདྲེས་ཤིང་བབས་ལ། ཕྱིས་སུ“ཟླ་ལྔ་པའི་མེ་ཏོག་རྟགས་ཅན”གྱི་འགྲུལ་སྐྱོད་དེ་ནས་འཕོས་ཤིང་འཕེལ་ཏེ། བྱང་ཨ་རིའི་སྐམ་ས་ཆེན་མོའི་འབངས་ཀྱི་དད་པའི་གཞི་རྒྱུར་ཆགས་སོང་བ་ཞིག་རེད། ཡང་གནམ་བདག་ཆོས་ལུགས་དང་ལྡོག་སྟེ། ཡེ་ཤུ་གསར་མ་བ་ཚོས་ནི། ཅི་ལྕོགས་གང་དྲག་སྒོས་སྲིད་པའི་ལོངས་སྤྱོད་རྩོལ་བས་བསྒྲུབ་རྒྱུ་ནི་ལྷ་གོང་མའི་བཀའ་དང་དགོངས་པར་ངོས་འཛིན། དེ་ལ་མཱར་ཐིན་ལུ་སིར(Martin Luthe,马丁・路德)གྱིས“མི་རྣམས་ལ་ལྷ་དཀོན་མཆོག་གིས་བགོས་གནང་བའི་བྱ་བ”ཞེས་ཀྱང་འབོད། ཡང་མི་ཡུལ་ས་སྟེང་གི་སྡོམ་ཁྲིམས་ཅན་གྱི་ཆོས་ལུགས་གཞན་དང་འདྲ་བར། ཡེ་ཤུ་གསར་མར་ཡང་སྡོམ་ཁྲིམས་ཡོད་རེད། འོན་ཀྱང་ཁོ་ཚོའི་སྡོམ་ཁྲིམས་ཁྲོད་འཇིག་རྟེན་པའི་བླང་བྱ་ཡང་མཆིས་པ་ཞིག་རེད། དཔེ་བཤད་ན། ཚོང་གི་ཁེ་བཟང་བརྩོན་རུང་གྲོན་ཆུང་གཙིགས་སུ་གཟུང་དགོས། མཚན་སྙན་གྲགས་སྙེག་རུང་ཁེངས་པ་བསྐྱུང་དགོས། ཁ་རྗེ་དབང་ཐང་དར་རུང་ཁྲིམས་ཀྱི་སྔུན་ནས་མགོ་འཕང་དམའ་དགོས། གཙ་བོ་ནི་དེ་ལ་སོགས་པའི་སྡོམ་ཁྲིམས་གང་མང་། ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་ཐོག་མའི་དུས་ཀྱི་དཀའ་བ་སྤྱོད་ཚུལ། སྲི་ཚགས་ལ་དོ་ནན་བྱེད་ལུགས། རྒྱུ་ནོར་ཚན་པོ་ཆེ་འབད་པས་སྒྲུབ་སྟངས། སྤྱི་ཚོགས་དང་རང་ཉིད་ཁེ་ཕན་གྱི་གོང་བུ་གཅིག་ཏུ་སྒྲིལ་བ་སོགས་དང་ལྷུ་འཕྲོད་ཐོད་ཐུག་ཏུ་ཡོང་བས། ཧྥུ་རན་ཁི་ལིན་ནས་མཱ་ཀེ་སི・ཝེ་པིར(马克思・韦伯)བར་གཞུང་ལུགས་ཀྱིས་བརྡར་ཤ་བཅད་ཅིང་།མཐར་ཐུག །ཤར་ཕྱོགས་མར་ཁེ་སི་རིང་ལུགས་སྨྲ་བའི་ལྡོག་ཆར་སོང་བའི་མ་རྩ་རིང་ལུགས་སྙིང་སྟོབས་སུ་གྲུབ་པར་བཤད།

ལར་ཡི་གེའི་ཁྲོད་ཡིན་རུང་། “མ་རྩ་རིང་ལུགས”ཞེས་པའི་བརྡ་ཆད་འདི་དང་འཕྲད་དུས། སྔོན་མའི་དགྲ་བོ་ཞིག་དང་འགག་ནས་ཐུག་པ་ལྟར་ཁོ་བོ་ཧད་དེ་གཏོང་། དེ་ནི་ཁོ་བོར་ཐེབས་པའི་སློབ་གསོའི་བག་ཆགས་ལས་གཞན་མ་རེད། “དངུལ་སྐར་གང་ཡིན་རུང་ཡི་དྭགས་ཀྱི་མིག་གིས་བརྣབ་ལ། བོགས་ཞོ་གང་ཡིན་རུང་ཧབ་ཐོབ་ཀྱི་ལག་པས་སྙོབ་ལུགས་འདི། དོན་ལ་མ་རྩ་རིང་ལུགས་དང་འབྲེལ་བ་མེད། ལར་ཞབས་ཕྱི་བ། ལྷ་རྗེ། ཁ་ལོ་པ། སྒྱུ་རྩལ་པ། ཡང་ན་སྨད་འཚོང་མ། རུལ་སུངས་པ། དམག་མི། ཇག་པ། རྒྱ་གྲམ་དཔའ་རྟུལ། སྐུག་མཁན་དང་མུ་ལྟོ་བ་སོགས། གནའ་ནས་ད་བར་གྱི་སྐྱེ་བོ་ཡོད་རྒུ་ཅོག་ལ་རྒྱུ་ནོམ་འབེལ་བོ་གཉེར་གསོག་གི་ཧམ་སེམས་དྲག་པོ་ཡོད་རེད། ཡང་ན་འདི་ལྟར་སྨྲ་ཆོག །མི་ཡུལ་ས་སྟེང་གི་རྒྱལ་ཁབ་གང་དང་དུས་རབས་ནམ་གྱི་སྐྱེ་བོ་སུ་ཡིན་རུང་། སོ་སོ་ཕྱུག་པོར་ཆགས་ཐུབ་ཀྱི་དངོས་ཡོད་མཐུན་རྐྱེན་ལ་མཐོ་ཁྱད་ཡོད་པ་མ་གཏོགས། རྒྱུ་ནོམ་གཏེར་དུ་བསྒྲུབ་འདོད་ཀྱི་འདོད་དང་འདུན་པས་མནར་ཚུལ་གཅིག་པ་གཅིག་རྐྱང་ཡིན། དེར་བརྟེན། རིག་གནས་ལོ་རྒྱུས་སྦྱང་མཁན་ཚོས་ཆེས་ཐོག་མར་ཤེས་དགོས་པ་ནི། ངེས་པར་དུ་རྩིང་སྤྱོད་ཧོལ་རྒྱུག་ཅན་གྱི་བག་ཆགས་གཅིག་འདོར་དགོས་ཡོད། དེ་ནི‘མ་རྩ་རིང་ལུགས་ནི་བག་མེད་རྐམ་སྲེད་དོ’ཟེར་བ་འདི་ཡིན།” (《ཡེ་ཤུ་གསར་མའི་གཞུང་ལུགས་དང་མ་རྩ་རིང་ལུགས་སྙིང་སྟོབས》ལས་དྲངས)། མཱ་ཀེ་སི・ཝེ་པིར་གྱི་གོང་གསལ་སྐད་ཆ་འདི་ཡང་ཡང་ཀློག་དུས། ཁོ་བོའི་ཚོར་སྣང་ལ། ལར་འཕྱི་པོ་ཆགས་ཚར་རུང་། ཀོ་ཐུམ་བརྒྱབ་ཡོད་པའི་ཀ་ལིའི་སྒང་འདིར་སེར་ཀ་ཞིག་གས་ཤིང་། དེ་ལས་གཙང་བསིལ་བསིལ་གྱི་མཁའ་དབུགས་རིང་པོ་ཞིག་རྔུབ་རྒྱུ་བྱུང་བ་དང་ཡང་འདྲའོ། །

གོང་འཕྲོའི་བརྗོད་བྱའི་དཀྱུས་མཐུད་དེ་ཁོ་བོས་འདི་སྙམ་དུ་སེམས་ཏེ། ཨ་མེ་རི་ཀས་སྲིད་ལུགས་དང་ཆོས་ལུགས་གཉིས་ཀ་སྣོད་གཅིག་ཏུ་ཡག་པོར་སྲུང་ལུགས་འདི་ནི། ཅི་སྟེ་ཆབ་ལུ་མའི་ནང་དུ་དཔལ་འབར་གྱི་མེ་ལྕེ་ཉར་བ་བཞིན་ཡ་མཚན་ཞིག་རེད།  སུ་ཞིག་གིས“ཨ་རི་ནི་འགྲོ་བ་མི་ལ་འཚོ་སྟངས་གསར་པ་ཞིག་འཚོལ་ཕྱིར། ལྷ་གོང་མས་རྐང་གཟས་ཏེ་བཟོས་པའི་སྤྱི་ཚོགས་ཚོད་ལྟ་ཁང་ཆེན་པོ་གཅིག་རེད”ཅེས་སྡོམ་བཞག་མྱོང་ཟེར། དེ་ནི་གནས་ལུགས་ཤིག་ཡིན་ཡང་སྲིད་ཀྱི། དེའི་ནང“འཚོ་སྟངས་གསར་པ”ཟེར་བ་དེས་བསྟན་བྱ་གང་རེད་ཅེ་ན། མི་དང་མིའི་བར་གྱི་འབྲེལ་བ་ནི། འགྲོ་བ་མིའི་སྤྱི་ཚོགས་བྱུང་བ་ནས་གོམས་གཤིས་ཀྱི་འཕུད་ཤུགས་ལ་བརྟེན་ཏེ་ལག་ལེན་དུ་འདེབས་པའི་སྒེར་གཅོད་མཐའ་གཉིས་ཅན་གྱི་བྲན་སྒྱུར་ལམ་ལུགས་མ་ཡིན་པར། གན་ཆིངས་སྙིང་སྟོབས་ནས་བརྩམས་པའི་འདྲ་མཉམ་སྤྱི་ཚོགས་བསྐྲུན་དགོས་ཟེར་བ་དེ་རེད། 《“ཟླ་ལྔ་པའི་མེ་ཏོག་རྟགས་ཅན”གྱི་སྤྱི་ཆིངས》ནི། མིའི་རིགས་ཀྱི་ཆབ་སྲིད་འཚོ་བའི་ཐོད་རྒལ་རྩ་འགངས་ཅན་ཞིག་རེད་ཟེར་བ་ཡང་དེས་སོ། །གཏན་ནས་གོ་འཛོལ་ཐེབས་མི་རིགས་པ་ནི། སྤྱི་ཆིངས་དེ་ནས་བཟུང་། ཨ་མེ་རི་ཀ་རུ་རྩ་བའི་ཆ་ནས་ཆོས་དང་སྲིད་གཉིས་ཁག་ཁག་བགོས་སོང་བ་རེད། འདི་མ་ཤེས་ཕྱིན། འུ་ཚང་མགོ་བདེ་བོ་ཡོད་པས་ཞྭ་དཔེ་ལྷམ་འགེབས་སྒོས། སྔོན་གྱི་ཚེ་ཡུ་བུ་ཅག་ཀྱང་ཅིག་གི་ཚད་དུ་བསླེབས་མྱོང་འདུག་སྙམ་པའི་བཟི་འཐོམ་རྒྱུག་ཀྱང་ཅི་ཐང་།

ཡང་སྐབས་དེའི་ཨ་མེ་རི་ཀའི་མེས་རྒྱལ་དབྱིན་ཇི་ལྟར་ན། རྒྱལ་ཁབ་ལ་རྒྱལ་ཆོས་ཤིག་ངེས་པར་མཁོ་ཡི། ལར་དེ་ལས་ལོག་ན་ཁྲིམས་ཀྱི་ཁ་ལ་བགོད་ཀྱི། དེ་བཞིན་གོང་མ་ཚང་ནས་སྲིད་གཞུང་སྡེ་ཁག་བུབས་ཀྱིས་རྒྱལ་ཆོས་དེའི་འོག་ཏུ་མགོ་ལྕོག་ཚོམ་བུ་རུག་གེར་བསྒུར་དགོས་ཡོད། འོན་ཀྱང་། སྐམ་ས་གསར་པའི་རྒྱལ་ཁབ་ཨ་རི་ནས་དེ་ལ་སྔ་ན་མེད་པའི་བཟོ་བཅོས་བརྒྱབ་པ་རེད། ཡང་དེའི་རྩ་བ་ཡར་ལ་དེད་ན། 《རང་བཙན་བསྒྲགས་གཏམ》ནང་གི“མི་རེ་རེ་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན”ཞེས་པའི་རང་དབང་བླ་མེད་ཀྱི་རྣམ་གཞག་དེའི་སྟེང་ན་ཡོད་པ་ཞིག་རེད། འོན་ཀྱང་དང་ཐོག་མེ་གླིང་བྱང་མའི་མི་སེར་སྤེལ་ཡུལ་གྱི་ཡེ་ཤུ་དྭངས་གཙང་པ་ཚོས་ཀྱང་། ཆོས་ལུགས་ཀྱི་རང་དབང་འཚོལ་བ་རྩ་དོན་དུ་འཛིན་མོད། རང་དབང་དེ་ཁོ་ཚོ་རང་ཉིད་མ་གཏོགས་པའི་སྐྱེ་བོ་གཞན་ལ་ཁྱབ་མཉམ་དུ་མི་འཛིན། དེར་བརྟེན་ཁོ་ཚོས་ཆོས་ལུགས་གཞན་པའི་དད་ལྡན་ནམ། ཡང་ན་ལྷ་མེད་སྨྲ་བའི་མི་རྣམས་བསྒགས་གསོད་གཏོང་ལ་ཡ་མི་ང་། དེ་འདྲའི་དུས་ཤིག་ལ་རའོ་ཅེ・ཝེ་ལིན་སི(罗杰・威廉斯)ཟེར་བའི་ཡེ་ཤུ་དྭངས་གཙང་པ་ཞིག་དབྱིན་ཇི་ནས་མེ་གླིང་སྐམ་སར་འབྱོར། ཁོས“ལྷ་གོང་མའི་མིང་གཡོར་ཏེ་མིའི་ཚེ་སྲོག་གཅོད་པ་འདི་རྒྱུ་འབྲས་ཡིན་ནམ”ཞེས་ལྡོག་འདྲི་ཚ་ནན་བྱས། འོན་ཀྱང་ཁོར་ཁ་ཡ་བྱེད་མཁན་མ་བྱུང་། ཕྱིས་སུ་ཁོས་དབྱིན་ཏེ་ཨན་པའི་ལག་ནས་ས་ཆ་ཆུང་ཆུང་ཞིག་ཉོས་ཏེ་གཞིས་བཟུང་། མ་ཟད་རང་གི་ས་ཆ་དེའི་སྟེང་ཐོན་པའི་སྐྱེ་བོ་ཞིག་ཡིན་ཕྱིན།“ཆོས་ལུགས་ཐ་དད་རེད་ཅེས་སྐྱེ་བོ་གཞན་སུ་ལ་ཡང་ཐེ་ཇུས། ཁྲིམས་ཆད། སུན་གཙེར། ཐ་ན་ཡིད་གཉིས་བྱེད་ས་ཡང་མེད”ཅེས་བཀོད་ཁྱབ་སྤེལ། དེ་ལྟར་ཁོའི་མི་སེར་སྤེལ་ཡུལ་དེ་རུ་ཡེ་ཤུ་དྭངས་གཙང་པ་མ་ཟད། ཆོས་ལུགས་གཞན་པའི་དད་ལྡན། ཐ་ན་ལྷ་མེད་སྨྲ་མཁན་བཅས་འདུ་ཤེས་འཛིན་སྟངས་ཁ་ཁ་ཡིན་པའི་སྐྱེ་བོ་སྣ་ཚོགས་སྤྲིན་བཞིན་འདུ། དེར་ཁོས། “འཇིག་རྟེན་པའི་སྲིད་གཞུང་ཞིག་གིས་ཆོས་དད་གང་རུང་ཞིག །བཙན་ཐབས་སྒོས་མི་རྣམས་ཀྱི་གཉའ་བར་འགེལ་ཚུལ་འདི། དོན་ལ་སྟོན་པ་ཡེ་ཤུའི་དགོངས་པར་རྒྱབ་སྟོན་ལུགས་རེད། ཁྱོད་ཚོས་ཤོད་དང་། རྣོ་ལྕགས་ཀྱི་རལ་གྲིས་ཤེས་རབ་ཀྱི་རལ་གྲི་བཏུལ་དགོས་ཞེས། སྟོན་པ་ཁོང་གིས་གང་ཞིག་ན་གསུངས་ཡོད”ཟེར། དེ་ལ་ཨ་རིའི་ལོ་རྒྱུས་སྨྲ་མཁན་རྨོ་ཀེན(摩根)གྱིས། “འུ་ཚོས་ཁོ་བཀུར་དོན་ནི་་་ཁོས་ཆོས་སྲིད་རྐྱ་བཀར་བ་དེས་རེད་་་། ཁོ་རླབས་ཆེན་ཡིན་པའི་རྒྱུ་མཚན་བཤད་ན། ཁོས་རང་ཚུགས་ཕེར་བའི་མནོ་བསམ་གཏང་ཕོད་པ་དེས་རེད”ཅེས་ཝེ་ལིན་སི་ལ་གདེང་འཇོག་གནང་སྐད། དེ་ལྟར། “མི་རེ་རེ་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན”ཞེས་པའི་ཨ་རིའི་རང་བཙན་སྙིང་སྟོབས་རྨང་གཞིར་གྱུར་པའི“ཆོས་སྲིད་རྐྱ་བཀར”གྱི་ལག་ལེན་ཐད། ཝེ་ལིན་སི་སོགས་ཀྱིས་དམངས་ཁྲོད་ཀྱི་འདུ་ཤེས་འཛིན་སྟངས་ལ་ཐོག་མར་ས་བོན་བཞག་པ་རེད་ལ། དེའི་ཕྱིས། ཨ་རིའི་དམངས་གཙོའི་ཕ་ཡབ་ཏུ་འབོད་པའི་ཐཱོམ་སི・རྗེ་ཧྥོ་སན་དང་། ཨ་རིའི་རྩ་ཁྲིམས་ཀྱི་ཕ་ཡབ་ཏུ་འབོད་པའི་རྗེམ་སི・མཱེ་ཏི་སན(詹姆斯・麦迪逊)གཉིས་ཀྱིས་ནི། ཨ་མེ་རི་ཀའི་རྩ་ཁྲིམས་ཀྱི་ཤོང་རྒྱ་དང་དཔངས་ཚད་ནས་དེའི་ཐད་ལ་ལོ་རྒྱུས་རང་བཞིན་ལྡན་པའི་ལག་རྗེས་བླ་མེད་བཞག །

དེ་ཡང1786ལོ་སྟེ། ཨ་རིའི་རྩ་ཁྲིམས་གཏན་ལ་མ་ཕབ་པའི་ལོ་གཉིས་ཀྱི་ཡར་སྔོན་དེར། རྗེ་ཧྥོ་སན་གྱིས་ཨ་རིའི་ཆོས་ལུགས་དང་སྲིད་ལུགས་གཉིས་རྐྱ་བཀར་ཆེད། རྩ་ཁྲིམས་ཁོག་བུབ་ཏུ་བརྒྱངས་ཏེ་བྲིས་གནང་བའི《ཆོས་ལུགས་རང་དབང་གི་ཁྲིམས་ཡིག》(《宗教自由法令》)ཟེར་བ། གཞི་ནས་རྒྱལ་ཁབ་ཀྱི་རིམ་པར་བསླེབས་པའི་བཅའ་ཁྲིམས་ཤིག་ཏུ་གྱུར་སོང་། དེ་ལ་རྗེ་ཧྥོ་སན་གྱིས། “ངའི་ཁྱིམ་མཚེས་ཚང་ལ་སྟོན་པ་ཉི་ཤུ་ཡོད་པའམ། ཡང་ན་གཅིག་ཀྱང་མེད་པ་གང་ཡིན་རུང་དེ་ང་དང་འབྲེལ་བ་ཅི་ཡོད། ཁོ་ཚོའི་ཆོས་ལུགས་ཀྱི་ལྟ་ཚུལ་དེ་ལ་རྐྱེན་བྱས་ཏེ་ངའི་སྒོར་ཁུག་རྐུན་མས་བརྐུས་མྱོང་མེད་ལ། ངའི་རྐང་པ་ཡང་སུ་ཞིག་གིས་བཅག་པ་མེད་དོ། །”ཟེར། དེའི་ནང་དོན་ནི། སྐྱེ་བོ་སུ་ཞིག་གིས་ཆོས་ལུགས་གང་ཞིག་ལ་དད་པ་བྱས་རུང་གཞན་ལ་ཅི་ཡང་མི་གནོད་ཅེས་པ་དེ་རེད། འོན་ཀྱང་མི་ལོ་ཉིས་བརྒྱའི་འཕྲོ་ཡི“9.11”དོན་རྐྱེན་གྱིས་ཁོང་གི་དཀྱེལ་ཡངས་འདི་ཐང་ལ་བརྒྱབ་སྟེ་དགུང་ལ་གཅོལ་སོང་བ་རེད། འོན་ཀྱང་དེ་འབྲེལ་བརྗོད་བྱ་ཕོན་ཆེ་དག་ལབ་པའི་འོས་མེད་པས་བསྐྱུང་བར་བྱ།

གོང་འཕྲོས་མཐུད་པར་བྱ་ཡི། དེའི་ཕྱིས་ཀྱི་སྤྱི་ལོ1787ལོར་ཨ་མེ་རི་ཀའི་རྩ་ཁྲིམས་གཏན་ལ་ཕབ་རྗེས། རྗེ་ཧྥོ་སན་གྱི་བསམ་བློ་ལྟར། མཱེ་ཏི་སན་གྱིས་རྩ་ཁྲིམས་དག་བཅོས་འཆར་ཟིན་སྔོན་མ་བཅུ་པོ་རྩོམ་འབྲི་གནང་སྟེ་སྐད་གྲགས་ཅན་གྱི《དབང་ཆའི་ཁྲིམས་གཞི》(《权利法案》)གཏན་ལ་ཕབ་པ་རེད། དེའི་ཁྲོད་གཙོ་བོ་ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་། གསར་འགྱུར་རང་དབང་། དེ་བཞིན། འདུ་འཛོམས་ཐོག་སྲིད་གཞུང་ལ་ངོ་རྒོལ་དང་རེ་ཞུ་བྱ་ཆོག་གི་རང་དབང་བཅས་ལ་ཁག་ཐེག་ཡོད་པ་བཟོས། (དེ་རིང་གི་ཨ་རིའི་འབངས་ལ་མེ་མདའ་གཟུང་ཆོག་པའི་རང་དབང་ཡོད་པ་ཡང་དེའི་གྲས་སུ་ཐེ་བར་བཤད) 《དབང་ཆའི་ཁྲིམས་ཡིག》གིས་སྐྱེ་བོ་རེ་རེར་བླ་རུ་མཐོ་བའི་དབང་ཆ་སྤྲད་པར་མ་ཟད། སྲིད་གཞུང་དང་ཆོས་ཚོགས་གཉིས་ཀྱང་རྐྱ་བཀར་ཏེ་རང་རང་སར་བཞག །དེ་ལ་མཱེ་ཏི་སན་གྱིས། “ཆོས་སྲིད་གཉིས་ཀ་རང་རང་ས་རུ་ཁ་གྱེས་ཏེ། ཕན་ཚུན་ལ་ཐེ་ཇུས་མེད་པའི་སྒོ་ནས་ཇི་ཙམ་བསྡད་ན། དེ་ཙམ་སོ་སོ་ལ་ཡང་སྤུས་གཙང་ཡོང་གི་རེད”ཟེར།དེ་ལྟར། ཨ་མེ་རི་ཀའི་ཆོས་སྲིད་མཉམ་གནས་ཟེར་བའི་རྣམ་གཞག་ནི། ལྷ་ཡོད་ན་ཡོད་ཚོད་མི་ཐིག་པར་ལྐུགས་རྟགས་ཚ་བའི་བོད་དང་། འདྲེ་མེད་ན་མེད་ཚོད་མི་ཟིན་པར་སྨྱོ་ཞད་ཆེ་བའི་རྒྱ་དང་མི་འདྲ་བར། དེ་རིང་བར་དམ་ལྷོད་རན་པོར་གཉེར་ཏེ་འཛམ་བུ་གླིང་ལ་མིག་དཔེར་གྲུབ་ཡོད་པ་དེ་རེད། ལྟ་ཡང་ཅི་སྨོས་ཏེ། འདི་ནི་ཧྥུ་རན་ཁི་ལེན། རྗེ་ཧྥོ་སན། ཝ་ཤེན་ཊིན་སོགས། བྱང་ཨ་རིའི་མིག་རྒྱང་རིང་ཞིང་བློ་གཤོགས་ཡངས་པའི་སྐྱེས་ཆེན་ཚོས། ལོ་རྒྱུས་འགྱུར་བག་རྒོད་པའི་གལ་གནད་ཀྱི་འགག་སོ་དེ་རུ་ཆེས་ཐོག་མར་སོ་སོའི་རྒྱལ་ཁབ་ཀྱི་གཞི་བཏིང་བ་ལེགས་པས་རེད་དོ། །༼མུ་འགོད།༽

ཡོང་ཁུངས། སྐྱིད་རྟག་འཕྲིན་སྟེགས།


དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།