བླ་མའི་དྲིན་གྱིས་བླ་མར་མཇལ་བ།

   ཕྱག་ཤུལ་སྤྲུལ་སྐུ།

   ཕལ་ཆེར་སྤྱི་ལོ་ཉིས་སྟོང་བཅུ་དང་བཅུ་གཅིག་གང་རུང་ཡིན་པ་འདྲ།ལོ་ཞིག་གི་དབྱར་ཁར་དགེ་རྒན་རིན་པོ་ཆེ་བཤེས་གཉེན་ཆེན་པོ་རྗེ་འཇིགས་མེད་དཔལ་ལྡན་གང་ཉིད་རང་རེའི་ཀླུ་ཚང་དགོན་དུ་ཕེབས་ནས་བཞུགས་སྐབས་ཤིག་ལ་ང་རང་ནམ་རྒྱུན་ལྟར་ཞབས་ཕྱི་བྱས་ནས་བསྡད་ཡོད། ཉིན་ཞིག་གསུང་ཆོས་གྲོལ་ནས་ཕྱིར་གཟིམ་ཁང་དུ་ཕེབས་ཏེ་ཁྱམས་ཤེལ་ནང་དུ་སྐུ་ངལ་གསོས་ནས་བཞུགས། ངས་གསོལ་ཇ་དང་ཤིང་ཏོག་རེ་དྲངས་ནས་གམ་དུ་བསྡད་ཡོད་ལ་ཁོང་གིས་ནམ་རྒྱུན་ལྟར་ཐུགས་བརྩེ་བའི་ངང་ཞལ་བརྡ་མང་པོ་གནང་ཞིང་མཚམས་ཤིག་ལ་ཁོང་གིས་གློ་བུར་དུ་ཁྱོད་ཀྱིས་མགོ་ལོག་ཨ་ཁུ་གྲགས་པ་ཚང་ཨེ་ཤེས་ཞེས་དྲིས་བྱུང་། ངས་འདང་ཞིག་བརྒྱབ་རྗེས་མི་ཤེས་ལགས་ཞེས་ཞུས། དེ་ནས་ཁོང་གིས་མགོ་ལོག་གྲགས་པ་ཚང་ཟེར་བ་བླ་བྲང་གི་དགེ་བཤེས་ཤིག་ཡིན། དགེ་བཤེས་མི་འདྲ་བ་ཞིག་ཡིན་གསུངས། ཁོང་ད་ལྟ་གང་དུ་བཞུགས་ལགས་ཞེས་དྲིས་པ་ན་ཁོང་གིས་ད་ལྟ་བླ་བྲང་ན་མི་བཞུགས།ཁོང་གི་ཕ་ཡུལ་གྱི་དགོན་པ་ཞིག་ན་བཞུགས།དགོན་པ་དེའི་མིང་ངས་མི་ཤེས།ཁོང་གི་རྒྱ་གར་དུ་ཕེབས་མྱོང་། ཕྱིས་སུ་བླ་བྲང་དུ་ཕེབས་དུས་ཤིག་ལ་ངེད་དཔོན་གཡོག་གཉིས་གུང་ཐང་རིན་པོ་ཆེའི་གསུང་ཆོས་ཤིག་གི་སྐབས་མཆོད་པའི་ནང་དུ་མེ་ཏོག་བབས་པ་མཉམ་དུ་མཇལ་བར་སོང་བ་ཡིན། ཡ་མཚན་པའི་འདུལ་བ་འཛིན་པ་ཞིག་ཡིན་གསུངས།གཞན་ཡང་ཁོང་གིས་ཁོང་བླ་བྲང་ན་བཞུགས་དུས་མཚང་མིང་ལ་འདི་ཟེར། རྗེས་ནས་ཁོང་ལ་ཐམས་ཅད་མཁྱེན་པས་ཆོས་འབྲེལ་ཞུས་ཚུལ་སོགས་བདག་གིས་མཚན་ཙམ་ཡང་གོ་མ་མྱོང་བའི་དགེ་བའི་བཤེས་གཉེན་དེ་ཉིད་ཀྱི་སྐོར་མང་དུ་གསུངས་རྗེས་དེ་ལྟར་གསུངས་དོན་ཅི་ཡིན་སྐོར་ཅི་ཡང་མ་གསུངས། བདག་གི་ཡིད་ལ་དེ་རིང་ཁོང་གིས་དགེ་བའི་བཤེས་གཉེན་དེའི་སྐོར་གློ་བུར་གསུངས་དོན་ཅི་ཡིན་ནམ་སྙམ་ཞིང་དགུང་མོ་རང་ཤག་ཏུ་ལོག་རྗེས་ཁོང་གི་ཞལ་བརྡ་དེའི་སྐོར་ཟིན་བྲིས་ལ་བཏབ་པ་ཡིན།  སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཞི་བའི་ནང་ལ་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་པ་རྗེ་ཡོན་ཏན་རྒྱ་མཚོ་མཆོག་གིས་ལྡི་ཚ་ནས་ལེགས་བཤད་གསེར་ཕྲེང་གི་ཁྲིད་གནང་ཚར་རྗེས་རང་དགོན་དུ་ཕེབས་རྒྱུ་བྱས་ཤིང་ངེད་ཅག་བླ་གྲྭ་འགའ་ཁྲི་ཀ་རུ་བསུ་མར་སོང་བ་ཡིན། ངེད་ཅག་ཁྲི་ཀར་ཐོན་དུས་ཁོང་མགྲོན་ཁང་ཞིག་ཏུ་བཞུགས་འདུག་པར་སྐུ་མདུན་དུ་བཅར། མཚམས་ཞུ་བྱས་རྗེས་ཕྱི་ཉིན་དགོན་པར་ཕེབས་རྒྱུ་དང་དུས་ཚོད་སོགས་གཏན་འཁེལ་གནང་ཟིན་རྗེས་ངེད་ཅག་མགྲོན་ཁང་གི་སྒོར་བུད། ཁོང་དང་ལྷན་དུ་ཕེབས་ཡོད་པའི་ལྡི་ཚའི་དགེ་རྒན་འགའ་ཡོད་པ་དང་ང་ཚོས་ཕྱི་ནས་ཁ་བརྡ་བྱེད་སྐབས་ཁོང་ཚོས་མགོ་ལོག་ཨ་ཁུ་གྲགས་པ་ཚང་ཟེར་བ་ཁོང་གི་མཚམས་ཞུ་ཆེད་དུ་ཕེབས་ཚུལ་དང་ཁོང་རྣམ་པ་གཉིས་ཀྱིསདུས་ཡུན་རིང་བོར་ཞལ་བརྡ་གནང་ཚུལ་སོགས་ཕྱོགས་ཡར་མར་གྱི་ཁ་བརྡ་མང་པོ་བྱས་མོད་བདག་གིས་མཉམ་འཇོག་ཆེར་བྱས་མ་སོང་། དེ་ལྟར་རྗེ་ཡོན་ཏན་རྒྱ་མཚོ་མཆོག་རང་དགོན་དུ་གདན་དྲངས་ནས་རྣམ་བཤད་སྙིང་བོའི་རྒྱན་གྱི་ཁྲིད་གནང་ཞིང་ཁོང་གིས་བསྟན་བཅོས་འདིའི་ཁྲིད་རྒྱུན་ནི་མགོ་ལོག་ཨ་ཁུ་གྲགས་པ་ཚང་ལས་ཐོབ་པ་ཡིན་ཀྱང་གསུངས་བྱུང་། ཁོང་གིས་རྣམ་བཤད་སྙིང་བོའི་རྒྱན་གྱི་ཁྲིད་གནང་ཚར་བ་དང་བྲག་དཀར་སྤྲེལ་རྫོང་དུ་ཕེབས་ཏེ་དྲང་ངེས་ལེགས་བཤད་སྙིང་བོའི་ཁྲིད་གནང་། དེ་ནས་བིས་མདོ་དགོན་ཆེན་དུ་ཕེབས་ནས་རྗེ་བླ་མའི་ལམ་རིམ་ཆུང་བའི་ཁྲིད་གནང་བ་དང་རིམ་གྱིས་བླ་བྲང་དུ་ཕྱིར་ཕེབས་ནས་རྣམ་བཤད་ཐར་ལམ་གསལ་བཤད་དང་རྩ་ཤེས་ཊཱིཀ་ཆེན་སོགས་ཀྱི་ཁྲིད་གནང་བ་དག་ལ་ཉན་པའི་བསྐལ་བ་བྱུང་། རྩ་ཤེས་ཊཱིཀ་ཆེན་གནང་བའི་སྐབས་ཤིག་ལ་ཚང་མས་མགོ་ལོག་ཨ་ཁུ་གྲགས་པ་ཚང་གསུང་ཆོས་ཕེབས་འདུག་ཟེར་མོད་བདག་གིས་ངོས་ཟིན་མ་བྱུང་། ཉིན་ཞིག་གསུང་ཆོས་གྲོལ་ནས་ཕྱིར་ཤག་ཏུ་ཐོན་རྗེས་ངའི་གནས་ཚང་ཨ་ཁུ་ལ་ཚང་མས་མགོ་ལོག་ཨ་ཁུ་གྲགས་པ་ཚང་ཕེབས་འདུག་ཟེར་ཞེས་བཤད་པ་ན་ཁོས་ཨ་ཙི་ཁོང་ཡ་མཚན་པའི་དགེ་བཤེས་ཤིག་ཡིན། སྔོན་བཀའ་རམས་སྐྱོར་དཔོན་ཡིན། འདུལ་བ་འཛིན་པ་ཚད་དང་ལྡན་པ་ཞིག་ཡིན་པས་སྔོན་འདི་ན་བཞུགས་དུས་ཁོང་གྲལ་བར་ནས་ཕེབས་ན་དྲི་བཟང་འཐུལ་ཡོང་ཞེས་ངག་རྒྱུན་དུ་འདུག་ཟེར། རིམ་གྱིས་ངས་ཁོང་ནི་དེ་སྔ་དགེ་རྒན་ཚང་གིས་གསུངས་བའི་དགེ་བཤེས་དེ་ཡིན་འདུག་པས་ཆོས་འབྲེལ་ཞིག་ཞུ་དགོས་འདུག་བསམ་བྱུང་། ཕྱི་ཉིན་ཞིག་ལ་རང་དགོན་གྱི་དགེ་རྒན་རྒན་པ་ཞིག་གིས་མགོ་ལོག་ཨ་ཁུ་གྲགས་པ་ཚང་གིས་ཞྭ་དམར་ལྷག་མཐོང་གི་ཁྲིད་གནང་རྒྱུ་རེད། འདིར་ཕེབས་ཡོད་པའི་ལྡི་ཚའི་གྲྭ་བ་འགས་ཞུས་པ་རེད། སྟབས་འགྲིག་སོང་བས་ང་ཚོ་སྙན་གསན་ཕུལ་དུ་འགྲོ་ཟེར། དེ་ནས་རང་དགོན་པའི་བླ་གྲྭ་འགའ་ཁོང་བཞུགས་ཡོད་སའི་གྲྭ་ཤག་དེར་སོང་ནས་སྐུ་མདུན་པར་སྙན་གསན་འབུལ་དགོས་ལུགས་ཞུས་པ་ནས་ཁོས་ཐད་ཀར་སྐུ་མདུན་ལ་ཁྲིད་སོང་། ཁོང་གི་ཞལ་རས་མཇལ་བ་ན་ངས་ད་གཟོད་ནམ་རྒྱུན་ཁོང་གསུང་ཆོས་ལ་ཕེབས་དུས་གྲྭ་བ་དཀྱུས་མ་ཞིག་གི་ཚུལ་གྱིས་དཔེ་ཆ་ཕྲག་ལ་ཁུར་ནས་གྲྭ་ཚང་དང་མཉམ་དུ་ཧ་ཅང་གཉོམ་ཆུང་གིས་ཕེབས་བཞིན་པའི་གྲྭ་བ་རྒན་པ་དེ་ཡིན་པ་རྟོགས་སོང་། དེ་ནས་བདག་གིས་ཁ་བཏགས་ཤིག་ཕུལ་ཏེ་ངེད་དགོན་པའི་བླ་གྲྭ་ཉི་ཤུ་ལྷག་ཡོད་པ་ཞྭ་དམར་ལྷག་མཐོང་གི་ཁྲིད་ལ་ཉན་དུ་ཡོང་ཆོག་པའི་སྙན་གསན་ཕུལ་བ་ན་ཁོང་གིས་དགོན་པ་གང་གི་ཡིན་ཞེས་དྲིས། ངས་ཀླུ་ཚང་དགོན་པའི་ཡིན་ཞེས་ཞུས། ཁོང་གིས་མི་ཤེས་ཀི་ཟེར། དེ་ནས་རྒན་པ་ཞིག་གི་ཨ་ལགས་ཆོས་རྗེ་ཚང་གི་དགོན་པའི་ཡིན་ཞུས་པ་ན་ཁོང་གིས་ཨོ་རེད་ཨ་ལགས་འཇིགས་མེད་དབང་བོའི་དགོན་པའི་རེད་ལ་གསུངས་ཤིང་ངས་ཅི་ཡང་ཤེས་ནི་མ་རེད། ཞྭ་དམར་ལྷག་མཐོང་གི་ཁྲིད་རྒྱུན་རི་ཁྲོད་པ་ཁོང་ཨ་ཁུ་བསྟན་འཛིན་རྒྱ་མཚོ་ཚང་གི་མདུན་ནས་ཐོབ་ཡོད་པས་ད་ཕྱིར་ལྡི་ཚ་ཚང་ལ་འཕྲོད་སོང་ན་འགྲིག་བསམ་པ་ཙམ་ཡིན།ཁྱོད་ཚོ་ཕེབས་དང་ཆོག་གསུངས་བྱུང་།

   ཉིན་དེའི་ཉིན་གུང་ང་ཚོ་ཁོང་བཞུགས་སའི་གྲྭ་ཤག་དེའི་སྒོ་ཁར་འཚང་ནས་བསྡད་ཡོད་དུས་གྲྭ་བ་རྒན་པ་གཉིས་ནང་ལ་ཕེབས་སོང་ལ་ཅུང་ཙམ་གྱིས་ཕྱིར་ཕེབས་ནས་ཨ་ཁུ་ཡོན་ཏན་ཚང་གིས་ཀྱང་གསན་རྒྱུ་ཡིན་པས་ད་ཁོང་ཨ་ཁུ་ཡོན་ཏན་ཚང་གི་ཤག་ཏུ་ཕེབས་རྒྱུ་རེད་ཟེར། དེར་ཡོད་ཚང་མ་ཨ་ཁུ་ཡོན་ཏན་ཚང་གི་གྲྭ་ཤག་སྒོར་རྒྱུགས། ཅུང་ཙམ་ནས་ཁོང་ཕེབས་སོང་ལ་ང་རང་ཏག་ཏག་སྒོ་ཁར་ཡོད་པས་ཁོང་གི་རྗེས་འབྲངས་ནས་ནང་དུ་སོང་། ཨ་ཁུ་ཡོན་ཏན་ཚང་ཁྱམས་སུ་ཕེབས་ནས་ཞལ་རྩེད་རྣམ་པས་ཅི་ཞིག་གསུངས་ཞོར་རྣམ་པ་གཉིས་ནང་དུ་ཕེབས་པ་དང་ཨ་ཁུ་ཡོན་ཏན་ཚང་གིས་ཁོང་གི་བཞུགས་ས་བསྟན་ནས་འདི་ནས་བཞུགས་ཞེས་གསུངས་མོད་ཁོང་གིས་ང་འདིར་མི་འདུག་ཞེས་དམའ་ས་ཞིག་བསྟན་ནས་འདི་འགྲིག་གསུངས། མཐར་ཨ་ཁུ་ཡོན་ཏན་ཚང་གིས་ནན་གྱིས་ཞུས་ཏེ་ཁོང་གཟིམ་ཁྲིའི་སྟེང་བཞུགས་ཤིང་ཨ་ཁུ་ཡོན་ཏན་ཚང་དེ་དང་དམའ་སར་འབོལ་གདན་ཞིག་ལ་བཞུགས་ནས་གསུང་ཆོས་གསན་སོང་། ཕན་ཚུན་བར་བླ་སློབ་གཉིས་ཀའི་འབྲེལ་བ་ཡོད་པའི་རྣམ་པ་འདི་ངས་ཐེངས་དང་པོར་དངོས་སུ་མཐོང་བ་ཡིན་ལ་དམ་པ་དག་གི་བསླབ་པ་དོན་གཉེར་གྱི་ཐུགས་དགོངས་ལ་དད་པ་ཞིག་ཀྱང་སྐྱེས་སོང་། དེ་ལྟར་སྐབས་དེར་ཉིན་རེར་སྔ་དྲོ་དང་ཕྱི་དྲོ་གཉིས་ལ་རྗེ་ཡོན་ཏན་རྒྱ་མཚོ་མཆོག་གི་མདུན་ནས་ཐར་ལམ་གསལ་བྱེད་དང་ཊཱིཀ་ཆེན་སོགས་རྗེ་མགོ་ལོག་གྲགས་པ་མཆོག་དང་ལྷན་དུ་ཆོས་གྲོགས་ཀྱི་ཚུལ་དུ་ཉན་ཞིང་ཉིན་གུང་སོགས་ལ་རྗེ་མགོ་ལོག་གྲགས་པ་མཆོག་གི་མདུན་ནས་རྗེ་ཡོན་ཏན་རྒྱ་མཚོ་མཆོག་དང་ལྷན་དུ་ཆོས་གྲོགས་ཀྱི་ཚུལ་གྱིས་ཞྭ་དམར་ལམ་རིམ་དང་རྗེ་ལྷ་མོའི་ཚུལ་ཁྲིམས་གསུང་གི་སྔགས་ཀྱི་ས་ལམ་སོགས་ཉན་པའི་སྐལ་བ་བྱུང་།

    ཕྱིས་སུ་སླར་ཡང་ལྡི་ཚ་སོགས་སུ་དགེ་བའི་བཤེས་གཉེན་ཆེན་མོ་མགོ་ལོག་གྲགས་པ་མཆོག་གི་མདུན་ནས་གསུང་ཆོས་ལ་བསྟུད་མར་ཉན་པའི་བསྐལ་བ་བཟང་བོ་མངོན་དུ་གྱུར་ལ་ཁོང་གིས་བླ་བྲང་དང་ལྡི་ཚ་སོགས་སུ་ཧ་ཅང་དཀོན་པོར་གྱུར་ཡོད་པའི་ཁྲིད་རྒྱུན་མང་དུ་གནང་བཞིན་སྐུ་འཚོ་བཞེས་གནང་ཡོད།

    འདི་ལྟར་ཕྱིར་དྲན་བྱས་པས་དགེ་རྒན་རིན་པོ་ཆེ་གང་ཉིད་ཀྱིས་དེ་སྔ་བདག་གཅིག་པུར་དགེ་བའི་བཤེས་གཉེན་འདི་ཉིད་ཀྱི་རྣམ་ཐར་སྐབས་དེར་འབྲེལ་བ་མེད་པ་ལྟ་བུར་གསུངས་མོད་ཕྱིས་རང་གི་བླ་མར་བསྟེན་ཐུབ་པ་བྱུང་བ་ནི་དགེ་རྒན་བཀའ་དྲིན་ཅན་ཁོང་གི་ཐུགས་སྨོན་ཁོ་ན་ལས་བྱུང་བ་དང་ཁོང་གི་ཐུགས་རྗེ་ལས་ལམ་གྱི་རྩ་བ་བཤེས་གཉེན་དམ་པ་གཞན་དོན་ཁོ་ནར་བྱོན་པ་རེ་ཟུང་གི་ཞབས་ཀྱི་པདྨོ་གཙུག་གི་རྒྱན་དུ་ལེན་རྒྱུ་བྱུང་བས་ཡོན་ཏན་ཆེ་སྐྱེ་ཆུང་སྐྱེ་ཐམས་ཅད་བླ་མ་ལ་བརྟེན་ནས་བྱུང་བ་ལའང་ངེས་ཤེས་ཅུང་ཙམ་སྐྱེ་ཐུབ་ལ་བླ་མ་དམ་པ་འདི་དག་གི་རྗེས་སུ་འཛིན་ངེས་དང་ཚེ་འདིར་བླ་མ་བཀའ་དྲིན་ཅན་འདི་དག་གི་བྱིན་རླབས་སེམས་ལ་ཞུགས་ནས་ཡང་དག་པའི་ལམ་གྱི་གཞི་ཅུང་ཟད་ཚུགས་ཐུབ་པ་རེ་ཨང་སྙམ་པའི་ང་རྒྱལ་ལྟ་བུ་ཞིག་ཀྱང་སྐྱེས་བྱུང་བས་དད་གུས་དང་བཅས་རྩོམ་ཐུང་འདི་འབྲི་བའི་ལས་ལ་ཞུགས་པ་ཡིན་ལ་ཉེས་པའི་ཚོགས་ཅི་མཆིས་བླ་མ་དམ་པ་དག་གི་སྤྱན་སྔར་བཤགས་སོ།།

— གཅན་ཚའི་རྫོང་མཁར་དུ་ཡོད་པའི་དགའ་ལྡན་བྱང་ཆུབ་གླིང་དུ་དགེ་རྒན་རིན་པོ་ཆེའི་མདུན་ནས་གསུང་ཆོས་སྐོར་ཞིག་ལ་ཉན་བཞིན་པའི་ངལ་གསོ་གོ་སྐབས་དང་བསྟུན་ཤར་མར་བྲིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།