བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་གསར་བའི་ནང་ཐོན་པའི་ནུས་པ།

སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བརྩམས། ཨ་སྐྱབས་རྒྱལ་སྲས་ཚང་གིས་བསྒྱུར།

བོད་རིགས་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་མང་བོའི་རིང་གི་སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་དུ་ལོ་རྒྱུས་རིང་བ་དང་། ཁྱད་ཆོས་གསལ་བ། ནང་དོན་འཐུས་ཚང་བ། རྣམ་མང་འོད་སྟོང་འབར་བའི་རིག་གནས་གསར་སྐྲུན་བྱས་ཤིང་། དེའི་ནང་དུ་སྐད་དང་ཡི་གེ ཆོས་ལུགས་ཀྱི་གསུང་རབ། ལོ་རྒྱུས་ཡིག་ཆ། མཚན་ཉིད་རིག་པ། གཏན་ཚིགས་རིག་པ། གནམ་དཔྱད་དང་སྐར་རྩིས། རིག་གནས་སློབ་གསོ། གསོ་རིག་ལག་རྩལ། རྩོམ་རིག་སྒྱུ་རྩལ། མི་ཆོས་ཀུན་སྤྱོད་སོགས་འདུས་ཡོད། འདི་རྣམས་བོད་ཀྱི་སྲོལ་རྒྱུན་གྱི་དབྱེ་ཚུལ་ལྟར་ན། རིག་གནས་ཆེ་ཆུང་བཅུ་སྟེ། སྒྲ་དང་ཚད་མ། བཟོ་དང་གསོ་བ། ནང་དོན་རིག་པ་བཅས་རིག་གནས་ཆེ་བ་ལྔ་དང་། སྙན་ངག་དང་མངོན་བརྗོད། ཟློས་གར་དང་སྐར་རྩིས། སྡེབ་སྦྱོར་བཅས་རིག་གནས་ངས་སྤྱོད་དང་བསམ་པའི་ལོངས་སྤྱོད་ཀྱི་གྲུབ་ཆ་གཙོ་བོ་ཆུང་བ་ལྔར་དབྱེའོ།། འདི་དག་ནི་ཀྲུང་ཧྭ་མི་རིགས་ཀྱི་དངོས་པོའི་ལོངས་སྤྱོད་དང་བསམ་པའི་ལོངས་སྤྱོད་ཀྱི་གྲུབ་ཆ་གཙོ་བོ་ཡིན་པར་མ་ཟད། འཛམ་གླིང་ཧྲིལ་བོའི་མིའི་རིགས་ཀྱི་ཤུལ་བཞག་རིག་གནས་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན་ནོ།། དེ་བས་ང་ཚོས་དུས་ནམ་ཡིན་རུང་བློ་བརྟན་འགྱུར་མེད་ཀྱིས་རིན་ཐང་བྲལ་བའི་རྒྱུ་ནོར་འདི་དག་རྒྱུད་འཛིན་དང་དར་སྤེལ་གཏོང་འོས་སོ།།

ང་ཚོས་ད་ལྟ་ཚན་རིག་ལག་རྩལ་རྩེར་སོན་དང་བསམ་པའི་དཔལ་ཡོན་དར་རྒྱས་ཆེ་བའི་དུས་རབས་ཉེར་གཅིག་པར་སླེབས་ཟིན་མོད། འོན་ཀྱང་དེ་ན་རྒྱུ་རྐྱེན་གང་ཡང་མེད་པར་བྱུང་བ་ཞིག་གཏན་ནས་མ་ཡིན་པར། སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་སྟེང་ནས་འཕེལ་རྒྱས་བྱུང་བ་ཞིག་སྟེ། ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་འབད་བརྩོན་སྙིང་སྟོབས། ཏན་ཏིག་གི་བློ་གྲོས་ཀྱིས་བསྐྲུན་པའི་སྲོལ་རྒྱུན་རིག་གནས་བཅས་དང་ཁ་བྲལ་ཏེ་མཆོང་ཐེངས་གཅིག་གིས་དུས་རབས་གསར་བ་དང་དེང་རབས་ཅན་དུ་སླེབས་པར་འདོད་པ་ནི། རྩ་བ་མེད་པའི་རྩེ་མོ་དང་ཆུ་མགོ་མེད་པའི་ཆུ་རྒྱུན་གྱི་དཔེ་ལྟར་འགྱུར་བས། བདག་གི་བསམ་པར་དེ་ནི་ས་བོན་མེད་པར་མྱུ་གུར་རེ་བ་དང་མཚུངས་པར་སྙམ་མོ།།

མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་བཅས་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་ཚུལ་གྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་བར་གྱི་འབྲེལ་བར་དབྱེ་ཞིབ་དང་རྒྱུས་ལོན་བྱས་ཏེ། རང་འགུལ་གྱིས་མི་རིགས་དང་ས་ཁུལ་རང་གི་གནས་ཚུལ་དངོས་དང་བསྟུན་ནས་གང་མྱུར་སྒོས་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་གཉིས་ཟུང་འབྲེལ་དང་རྣམ་པ་བསྒྱུར་རྒྱུ་ནི་མི་རིགས་ཤིག་དུས་རབས་རླབས་རྒྱུན་གྱི་རྗེས་ཟིན་ཅིང་། ཡང་ན་འཛམ་གླིང་སྔོན་ཐོག་མི་རིགས་ཀྱི་གྲས་སུ་ཆུད་ཐུབ་པའི་གནད་དོན་གལ་ཆེན་ཞིག་ཡིན་ཏེ། ཨའོ་གླིང་ནུབ་མ་དང་འཇར་པན། སིང་ཀ་ཕོར་རྣམས་ལ་ཐབས་ལམ་འདི་སྤྱད་དེ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཕེལ་རྒྱས་བྱུང་མྱོང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་མེན་གྱིས་ཀྲུང་དབྱང་གི་སྐབས་གསུམ་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་བསྟན་དོན།༼བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་དོ་སྣང་བྱས་ཏེ། སྲོལ་རྒྱུན་གྱི་སྔོན་ཐོན་རིག་གནས་དང་དེང་རབས་ཅན་གྱི་གྲུབ་འབྲས་གཉིས་ཟུང་འབྲེལ་བྱས་ཚེ། བོད་ལྗོངས་སུ་སྔར་ལས་ལེགས་པར་སྦྱིན་ཚོགས་རིང་ལུགས་ཀྱི་རིག་གནས་བ་འཕེལ་རྒྱས་སུ་གཏོང་བར་ཕན་པ་ཡོད།༽ཅེས་གསུངས་པ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་ཟུང་འབྲེལ་བྱེད་པའི་བསམ་བློའི་མཛུབ་སྟོན་ཡིན་ནོ།།

བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས།

དང་བོ། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འཕེལ་རིམ།

བོད་རིགས་ཀྱི་སྲོག་རྒྱུན་རིག་གནས་ནི་བོན་ཆོས་རིག་གནས་རྨང་གཞི་དང་རྩ་བ་བྱས་པའི་སྟེང་། ཕྱི་ནས་འོང་བའི་སངས་རྒྱས་ཆོས་ལུགས་རིག་གནས་ཀྱི་ཁ་སྐོང་དང་ཕུན་སུམ་ཚོགས་པར་བཏང་བར་མ་ཟད། ཡང་ན་སྣེ་ཁྲིད་ཀྱི་ནུས་པ་བཏོན་པའི་ལོ་རྒྱུས་རིང་ཞིང་རྣམ་པ་མང་བ། ནང་དོན་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་མངོན་པར་གསལ་བའི་གངས་ལྗོངས་རིག་གནས་དེར་ཟེར། འདིའི་འཕེལ་རྒྱས་ནི་འདོད་མའི་སྤྱི་ཚོགས་དང་བྲན་གཡོག་སྤྱི་ཚོགས། བཀས་བཀོད་རྒྱུན་འཛིན་གྱི་སྤྱི་ཚོགས། མ་རྩ་རིང་ལུགས་ཀྱི་མྱུ་གུ་འབུས་པའི་སྤྱི་ཚོགས་རིང་ལུགས་བཅས་རིམ་པར་བརྒྱུད་ཅིང་། དེ་ནི་ཤེས་རིག་དང་བླུན་རྨོངས། རང་གསོས་དང་ཕྱི་ཡོང། འཕེལ་རྒྱས་དང་མཁྲེགས་འཛིན། སྒོ་འབྱེད་དང་བཀག་སྡོམ། ཡར་རྒྱས་དང་རྙིང་ཞེན། སྔོན་ཐོན་དང་རྗེས་ལུས། འཕེལ་བ་དང་སོར་གནས། བསྡུ་ལེན་དང་ཕྱིར་འབུད། རྒྱུད་འཛིན་དང་ཕོག་ཐུག ཉམས་པ་དང་གསོ་བ་སོགས་ཀྱི་འཐབ་རྩོད་ཁྲོད་བྱུང་བ་ཡིན་ལ། ཡང་གཅིག་བཤད་ན། བོད་མི་རིགས་ཀྱི་སྲོལ་རྒྱུན་རིགས་གནས་ནི་བོད་རིགས་མི་དམངས་ཀྱི་ཕ་མེས་རྣམས་ཀྱིས་ཐོན་སྐྱེད་འཐབ་རྩོད་དང་སྤྱི་ཚོགས་ལག་ལེན་གྱི་བྱ་འགུལ་ཁྲོད་གསར་སྐྲུན་བྱས་པ་ཞིག་ཡིན་ནོ༎

གཉིས། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་བར་གྱི་འབྲེལ་བ།

ཆོས་ལུགས་རིག་གནས་ནི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། དེ་ནི་སྲོལ་རྒྱུན་རིག་གནམ་ཀྱི་སྲོག་ཤིང་ཡང་ཡིན་པས། ཆོས་ལུགས་རིག་གནས་མ་ཤེས་ན་བོད་ཀྱི་རིག་གནས་ཕྱོགས་ཡོངས་ནས་རྟོགས་མི་ཐུབ་ཅེས་བཤད་ཆོག དེའི་རྒྱུ་མཚན་ནི་བོན་ཆོས་དང་ནང་བསྟན་གཉིས་ཕལ་ཆེར་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོར་ཁྱབ་ཡོད་དེ། དེས་བོད་ཀྱི་ལོ་རྒྱུས་སྟེང་ཆབ་སྲིད་དང་། དཔལ་འབྱོར་རིག་གནས། སློབ་གསོ། ཕྱི་འབྲེལ། རྩོམ་རིག སྒྱུ་རྩལ་དང་མི་ཆོས་ཀུན་སྤྱོད། སྤྱི་ཚོགས་ཀྱི་སེམས་ཁམས། བསམ་གཞིགས་བྱེད་སྟངས། རིན་ཐང་ལྟ་ཚུལ་སོགས་ཀྱི་ཕྱོགས་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད་པའི་རྐྱེན་གྱིས་རེད་དེ། ཆོས་ལུགས་ཀྱི་གསུང་རབ་མང་པའི་ནང་དུ་ལོ་རྒྱུས་དང་རྩོམ་རིག མཚན་ཉིད་རིག་པ། གནམ་དཔྱད། སྐར་རྩིས། གསོ་རིག འཛུགས་སྐྲུན། བཟོ་རྩལ། བརྐོས་རིས། རི་མོ། འཁྲབ་གཞུང་སོགས་ཀྱི་ནང་དོན་འདུས་ཡོད་པས་སོ།།
མི་ལ་ལའི་བསམ་པར། ཆོས་ལུགས་དང་ཚན་རིག་ནི་མེ་དང་ཆུ་འཕྲད་པ་ལྟར་ལྷན་སྐྱེས་ཀྱི་དགྲ་ཟླར་བཟུང་ནས་དེ་གཉིས་བར་ལ་འདུམ་ཐམས་མེད་པའི་འགལ་བ་གནས་ཡོད་པར་འདོད་མོད། དོན་དངོས་ཐོག་དེ་གཉིས་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་དེ། འདིར་མཚོན་དཔེ་ལྔ་ཙམ་བཀོད་ན་འདི་ལྟ་སྟེ།

གཅིག གནའ་དེང་ཕྱི་ནང་གི་ཆོས་ལུགས་རྒྱུད་འཛིན་པ་མི་ཉུང་བ་ཞིག་གིས་ཚན་རྩལ་ཕྱོགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་དེ་དཔེར་ན། ཀི་པེ་ཉི་དང་ཅཱ་ལི་ལེ། ཀླུ་སྒྲུབ། རྟ་དབྱངས། གཡུ་ཐོག་ཡོན་ཏན་མགོན་པོ། ས་སྐྱ་ཀུན་དགའ་རྒྱལ་མཚན། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། སུམ་པ་ཡེ་ཤེས་དཔལ་འབྱོར་སོགས་སོ།།

གཉིས། ཆོས་ལུགས་མི་སྣས་ཆོས་གཞུང་བསྒྱུར་བ་དང་ཆབས་ཅིག གསོ་རིག་དང་སྐར་རྩིས། བཟོ་རྩལ། མཛེས་རྩལ། རྩོམ་རིག་སྒྱུ་རྩལ་སོགས་ཀྱི་བརྩམས་ཆོས་འབོར་ཆེན་བོད་སྐད་དུ་བསྒྱུར་བས། བོད་རིགས་ཀྱི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས།

གསུམ། བོད་ཀྱི་ཚན་རྩལ་སྐོར་གྱི་བརྩམས་ཆོས་རྙིང་བ་ཡོད་ཚད་བཙུན་པ་དགེ་བཤེས་སོགས་ཆོས་ལུགས་མི་སྣས་བརྩམས་པ་ཁོ་ན་ཡིན་ལ། དེ་ཚོས་བོད་རིགས་ཀྱི་ཚན་རྩལ་འཕེལ་རྒྱས་ལ་བྱས་རྗེས་མི་དམན་པ་བཞག་ཡོད།

བཞི། བོན་པོའི་ཆོས་གཞུང་ཁྲོད་ཀྱི་དངོས་པོའི་གཟུགས་ཉིད་སྨྲ་བའི་བསམ་བློ་དང་ཕྱོགས་གཉིས་འགལ་ཟླ་གཅིག་འདུས་ཀྱི་འཇིག་རྟེན་ལྟ་ཚུལ། ནང་བསྟན་ཆོས་གཞུང་ཁྲོད་ཀྱི་རིག་གནས་ཆེ་ཆུང་བཅུ་སོགས་ཚན་རྩལ་གྱི་གྲུབ་འབྲས་ཡིན་པ་ལས་དེར་རྨོངས་དད་དང་ལྐོག་གྱུར་ཀྱི་ནང་དོན་ཅི་ཡང་མི་ལྡན་ནོ།། དེ་བཞིན་དུ་ཚན་རྩལ་གྱི་བརྩམས་ཆོས་ཡོད་ཚད་ཀྱང་ཆོས་གཞུང་དང་མཚུངས་པར་དགོན་པ་དང་ཆོས་ལུགས་མི་སྣས་པར་སྐྲུན་འགྲེམ་སྤེལ་བྱས་ནས་ཉར་ཚགས་བྱུང་བ་ཞིག་ཡིན།

ལྔ། དེ་སྔའི་དགོན་པ་རྣམས་ནི་བོད་ཀྱི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་དང་སློབ་གསོའི་རྟེན་གཞིའམ་ཆེས་མཐོའི་སློབ་གྲྭ་ཡིན་ཏེ། དེས་ནང་བསྟན་ཆོས་ལུགས་པ་སྐྱེད་སྲིང་བྱེད་པ་མ་ཟད། ད་དུང་མཚན་ཉིད་རིག་པ་བ་དང་ལོ་རྒྱུས་རིག་པ་བ། རྩོམ་རིག་པ། གནམ་དཔྱད་སྐར་རྩིས་རིག་པ་བ། སྐད་དང་ཡི་གེའི་ཆེད་མཁས། གསོ་རིག་པ། སྒྱུ་རྩལ་པ་སོགས་འབོར་ཆེན་སྐྱེད་སྲིད་བྱས་ཏེ། བོད་མི་རིགས་ཀྱི་ཚན་རིག་རིག་གནས་འཕེལ་རྒྱས་སུ་བཏང་བར་བྱས་རྗེས་ཆེན་པོ་བཞག་ཡོད། ཆོས་ལུགས་རིག་གནས་དང་ཚན་རིག་ལག་རྩལ་གཉིས་ཀྱིས་ཕན་ཚུན་ཤན་ཤུགས་ཐེབས་པ་དང་། ཕན་ཚུན་བར་ལ་བརྗེ་རེས་དང་འབྲེལ་བ་བྱུང་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་མངོན་པར་གསལ་བའི་སྲོལ་རྒྱུན་རིག་གནས་ཤིག་གྲུབ་པ་བཅས་ཆོས་ལུགས་ཀྱིས་བོད་སྤྱི་ཚོགས་ཀྱི་འཕེལ་རྒྱས་མདུན་སྐྱོད་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་གསར་བའི་ནང་གི་དགེ་མཚན་ལྡན་པའི་ནུས་པ།

དང་བོ། ཕུལ་དུ་བྱུང་བའི་མི་ཆོས་ཀུན་སྤྱོད་དེ་དག་སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་ཆ་ཞིག་ཡིན་པ། བོད་རིགས་ནི་སྤྱོད་ལམ་ཤིན་ཏུ་བཟང་བོ་དང་ལྡན་པའི་མི་རིགས་ཤིག་ཡིན། མི་ཕལ་ཆེ་བ་ནི་ལས་ལ་བརྩོན་ཞིང་འཚོ་བ་བབ་ཆགས་དང་། བྱམས་དང་སྙིང་རྗེ་ལྡན་པ། མཁས་ལ་བཀུར་ཞིང་ཕུ་དུད་ཆེ་བ། རྒྱལ་ཁྲིམས་བཀུར་ཞིང་བཀའ་ཞིང་བརྩི་བ་ཤ་སྟག་ཡིན་ལ། ལྷག་པར་དུ་ཆོས་ལུགས་རིག་གནས་དེ་ཐུན་མོང་མ་ཡིན་པའི་ནུས་པ་ཆེན་པོ་ཞིག་དང་། སིམ་འཛུལ་གྱི་སྟོབས་ཤུགས་ཆེན་པོ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་དང་སྤྱི་ཚོགས་སེམས་ཁམས་ལ་འདྲེས་ཤིང། ཆོས་ལུགས་ཀྱི་འཛེམ་བྱ་དང་འཇིག་རྟེན་མི་ཆོས། བོད་རིགས་ཀྱི་མི་ཆོས་ཀུན་སྤྱོད་དང་། ཡུལ་སྲོལ་གོམས་མི་གཤིས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་གྱུར་ནས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཚད་གཞི་ཅན་དུ་བྱས་པས་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོབ་དང་གཏན་འཇགས་ཀྱི་བྱེད་ནུས་ཆེན་པོ་ཐོན། ཆོས་ལུགས་རིགས་གནས་སྙིང་བོར་གྱུར་བའི་སྲོལ་རྒྱུན་རིག་གནས་འདི་དོན་དམ་དུ་ཀུན་སྤྱོད་ཀྱི་གཞུང་ལུགས་ཤིག་ཡིན་ལ། འདིས་མི་རྣམས་ལ་ཚད་ལྡན་སྤྱོད་ལམ་དང་རིན་ཐང་ལྟ་ཚུལ་ཆ་ཚང་ཞིག་བསྟན་ནས། མི་རྣམས་ཀྱིས་བདེན་པ་གཞུང་དྲང་དང་། འདོད་ཞེན་སྐྱུང་བ། ཆེ་བཀུར་ཆུང་བྱམས། དགེ་རྒན་ལ་བསྙེན་བཀུར། ཁེངས་སྐྱུང་གཞན་བཀུར། ཕོ་མོ་འདྲ་མཉམ། མཆོག་དམན་འདྲ་མཉམ། བརྩོན་བསྲིས་ཁྱིམ་སྐྱོང་། བཙན་པོའི་མགོ་གནོན་དང་ཉམ་ཆུང་གི་མགོན་སྐྱབས། གཞན་ཕན་གྱི་ལས་ལ་མོས་པ། སྒྲིག་ཁྲིམས་བརྩི་སྲུང་། སེམས་ཅན་ལ་བརྩེ་བ། ཁོར་ཡུག་སྲུང་སྐྱོབ་སོགས་བྱེད་དགོས་པའི་བླང་བྱ་བཏོན་ནས། བདེན་དྲང་དང་བསམ་པ་དཀར་བ་བཅས་ཀུན་སྤྱོད་མཛེས་པ་རྣམས་དར་སྤེལ་དང་གཡོ་རྫུན་དང་བསམ་སྦྱོར་ངན་པ། ཀུན་སྤྱོད་མི་ལེགས་པ་རྣམས་བཀག་འགོག་བྱེད་བཞིན་ཡོད་དེ། དཔེར་ན་སྤྱི་ལོའི་དུས་རབས་བདུན་པར་བཟོས་པའི༼དགེ་བཅུའི་ཁྲིམས༽དང༼ནུ་བོ་ལ་གདམས་པའི་མདོ༽ཕྱིས་ཀྱི༼ས་སྐྱ་ལེགས་བཤད༽དང༼ཆུ་ཤིང་བསྟན་བཅོས༽༼རྒྱལ་བོ། བློན་པོ། བཙུན་མོའི་བཀའ་ཆེམས༽སོགས་མི་ཆོས་ཀུན་སྤྱོད་ཀྱི་ཆེད་རྩོམ་དག་གི་ནང་གསལ་བོར་གསུངས་པ་བཞིན་ནོ།། བོད་རིགས་ཀྱི་ཀུན་སྤྱོད་དང་སྤྱོད་ལམ་གྱི་ཚད་གཞི་འདི་དག་ནི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ལ་རེ་སྙེག་བྱེད་པའི་ཀུན་སྤྱོད་ཐད་ཀྱི་ལྟ་ཚུལ་ཤ་སྟག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་དགོས་ངེས་ནང་དོན་འབའ་ཞིག་ཡིན་ནོ།།

གཉིས་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་ཐབས་ཀྱི་ལྟ་བ།

བོད་མི་རིགས་འདི་ལ་ད་ནས་བརྩིས་པའི་ལོ་ངོ་བཞི་སྟོང་ཡར་སྔོན་གྱི་གདོད་མའི་ཚོ་ཁག་དུས་སྐབས་ནས་བཟུང་རུས་རྒྱུད་དང་ཚོ་ཁག་བར་དང་། རུས་རྒྱུད་དང་རུས་རྒྱུད་བར། ཚོ་ཁག་དང་ཚོ་ཁག་དང་ཚོ་ཁག་ཕན་ཚུན་བར་བཅས་གང་གི་སྐབས་སུའང་མིའི་བར་གྱི་འབྲེལ་ལུགས་སྤྱོད་ལམ་དང་། མི་དང་མིའི་བར་གྱི་ཀུན་སྤྱོད་ཚད་གཞི་དེ་ནང་དོན་གཙོ་བོ་ཡིན་པའི་གོམས་གཤིས་ཀྱི་ཁྲིམས་སྲོལ་བྱུང་ཡོད་དོ།།
བོད་ཀྱི་བཙན་པོའི་རྒྱལ་རབས་འགོ་བརྩམས་མ་ཐག་ནས་བཟུང་ཁྲིམས་ལུགས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་ལམ་ལགས་ཡོད་དེ། ཕལ་ཆེར་སྤྱི་ལོའི་དུས་རབས་དྲུག་པ་དང་བདུན་པར་བཙན་པོ་གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོ་ཡབ་སྲས་ཀྱིས་སྲིད་འཛིན་པའི་དུས་སྐབས་ལ་ཐོན་དུས། བོད་ཀྱི་ཁྲིམས་ལུགས་དེ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་ཏེ། སྔ་རྗེ་སུ༼ཁྲིམས་ལུགས་ཆེན་པོ་སོ་དྲུག༽རྨང་གཞི་བྱས་ཏེ་སྲིད་འཛིན་གྱི་ཁྲིམས་ལུགས་དང་རྩ་འཛུགས་ཀྱི་ཁྲིམས་ལུགས། ཉེས་ཁྲིམས། དམངས་དོན་ཁྲིམས་ལུགས། དམག་དོན་ཁྲིམས་ལུགས། གཞན་པའི་ཁྲིམས་ལུགས་སོགས་བཟོས་སོ།།
འདིའི་རྗེས་སུ་ཕག་གྲུ་གོང་མ་དང་དང་ཀརྨ་ཆོས་རྒྱལ། དགའ་ལྡན་ཕོ་བྲང་སོགས་ས་གནས་སྲིད་དབང་གིས་སྔ་རྗེ་སུ༼ཞལ་ལྕེ་བཅོ་ལྔ༽དང༼ཞལ་ལྕེ་བཅུ་གསུམ༽༼ཞལ་ལྕེ་བཅུ་དྲུག༽༼ཞལ་ལྕེ་བཅུ་གཉིས༽༼བདེན་རྫུན་ཤན་འབྱེད་ཞལ་ལྕེ་ཉེར་གཅིག༽སོགས་ཁྲིམས་ལུགས་མང་པོ་བཟོས་ཡོད་པ་འདིས། བོད་མི་རིགས་འདི་བརྩི་སྲུང་བྱེད་སའི་ཁྲིམས་དང་ལྡན་ཞིང་ཁྲིམས་འགལ་རིགས་ལ་ཐག་གཅོད་ནན་མོ་བྱེད་པ། སྲིད་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་མི་རིགས་ཤིག་ཡིན་པ་གསལ་བོར་མཚོན་པ་མ་ཟད། དེ་དང་མཉམ་དུ་བོད་མི་རིགས་ཀྱི་ཁྲིམས་ལྡན་སྤྱི་ཚོགས་འཛུགས་སྐྲུན་ལ་བྱས་རྗེས་བཞག་ཡོད་པ་རེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྲིམས་ལུགས་ལ་བལྟས་ན། དེའི་ནང་གི་ལེགས་ཤོས་མང་བོ་ཞིག་ནི་རྒྱུན་འཛིན་དང་དར་སྤེལ་བྱེད་འོས་ཏེ། དེས་མི་རྣམས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་སྤྱི་ཚོགས་ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁྲིམས་ལུགས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བར་དཔྱད་གཞིའི་ནུས་པ་ངེས་ཅན་ཞིག་ཡོད་ལ། དེ་དང་མཉམ་དུ་སྤྱིན་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལའང་ཕན་ངེས་ཡིན།

གསུམ་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་དཀའ་སྤྱད་སྡུག་རུས་དང་དཀའ་སྤྱད་ལས་སྒྲུབ་ཀྱི་མི་རིགས་སྙིང་སྟོབས་ནི་དུས་རབས་གསར་བ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཡིན།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་དཀའ་སྤྱད་སྡུག་རུས་དང་དཀའ་སྤྱད་སྡུག་རུས་དང་དཀའ་སྤྱད་ལས་སྒྲུབ། ཡར་རྒྱས་འབད་བརྩོན་གྱི་མི་རིགས་སྙིང་སྟོབས་ཡོད་པ་རེད་། དཔེར་ན། བོད་ཀྱི་རྩོམ་རིག་གྲགས་ཆེན་སྟེ་དཔའ་བོའི་ལོ་རྒྱུས༼གེ་སར་རྒྱལ་བོའི་སྒྲུང༽ནང་མི་རིགས་དཔའ་བོ་རྣམས་ཀྱིས་གདོན་འདྲེ་འདུལ་བ་དང་། བཙན་པོའི་ཁ་གནོན་དང་གཉོམ་ཆུང་གི་འདབས་སྐྱོང་། ཚེ་སྲོག་གཅེས་སྲུང་། བོད་རིགས་མི་དམངས་ཀྱི་སྣེ་ཁྲིད་ངང་ལྷོ་འདུལ་བྱང་འཐབ་བྱས་ཏེ། ཁྲག་གཏོང་དམར་འཛིང་གིས་མི་དམངས་ཀྱི་གནོད་ཀྱི་འཚེ་འགོག་ཅིང་། རང་ཡུལ་དང་མི་དམངས་སྲུང་སྐྱོབ་བྱས་པ་སོགས་ལས་ངོ་མཚར་བའི་འདུན་པ་དང་སེམས་ཤུགས་མངོན་ཡོད་དོ།།
དུས་རབས་གསར་བའི་ནང་རང་རྒྱལ་སྔར་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་ཡིན་པ་དང་། བོད་ཁུལ་གྱི་དཔལ་འབྱོར་དང་རིག་གནས་ད་རུང་དབུལ་ཕོངས་རྗེས་ལུས་ཀྱི་ཚད་རིམ་ན་ཡོད་པས། ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་དུས་སྐབས་བཟང་བོ་དམ་འཛིན་སྒོས་དབུལ་ཕོངས་རྗེས་ལུས་ཀྱི་ཛ་དྲག་ཆེ་བའི་འགྲན་རྩོད་ཀྱི་མདུན་བསུས་ཏེ་ངེས་པར་དུ་དཀའ་སྤྱད་སྡུག་རུས་དང་དཀའ་སྤྱད་ལས་སྒྲུབ། ཡར་རྒྱས་འབད་བརྩོན་གྱི་སྙིང་སྟོབས་དེ་དར་སྤེལ་གཏོང་དགོས་སོ།།

བཞི་བ། རྨད་དུ་བྱུང་བའི་རྩོམ་རིག་སྒྱུ་རྩལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགསཁྲོད་སྐུལ་འདེད་ཀྱི་ནུས་པ་ཐོན་པ།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཕུལ་དུ་བྱུང་བའི་རྩོམ་རིག་སྒྱུ་རྩལ་མང་པོ་ཡོད་ལ། དེ་ནི་བོད་རིགས་མི་དམངས་ཀྱིས་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་གོ་རིམ་ནང་འཚོ་བའི་གདོང་རིས་ངོ་མར་བརྟེན་ནས་གསར་བཟོ་བྱས་པའི་རྩོམ་རིག་བརྩམས་ཆོས་ཡིན་ཏེ། དཔེར་ན་བོད་ཀྱི་ལྷ་མོའི་ཟློས་གར་ཆེན་པོ་བརྒྱད་པོའི་བརྗོད་བྱའི་རྒྱུ་ཆ་རྣམས་ངོ་མཚར་བའི་ལྷ་སྒྲུང་ལས་བླངས་པ་ལྟ་བུའོ།།༼རྒྱ་བཟའ་དང་བལ་བཟའ༽ཞེས་པས་བོད་རྒྱ་དང་བོད་བལ་བར་གྱི་གཉེན་འབྲེལ་བརྒྱུད་མཛའ་མཐུན་མཉམ་གནས་བྱུང་བའི་མི་རིགས་འབྲེལ་བར་བསྔགས་བརྗོད་དང་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ལ་བསྟོད་བསྔགས་བྱས་ཡོད་ལ། ཡང༼དྲི་མེད་ཀུན་ལྡན༽ལས་རང་ཕོངས་གཞན་སྐྱོབ་བྱེད་པའི་རྒྱུལ་བུ་དྲི་མེད་ལྡན་གྱི་སྣང་བརྙན་གསར་བཞེངས་བྱས་པ་དང་།༼ཆོས་རྒྱལ་ནོར་བཟང༽དང་༼གཟུགས་ཀྱི་ཉི་མ༽༼འགྲོ་བ་བཟང་མོ༽༼པད་མ་འོད་འབར༽སོགས་ལས་དགེ་སྤེལ་སྐྱོན་སྤོང་དང་ལེགས་སྤེལ་ཉེས་འགོག་གི་བསམ་བློ་བསྟན་ཡོད། གཞན་ཡང་བོད་ཀྱི་སྒྲུང་གཏམ་རིང་གྲས༼གཞོན་ནུ་ཟླ་མེད༽དང༼བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད༽༼མི་རོ་རྩེ་སྒྲུང༽དམངས་ཁྲོད་རྩོམ་རིག་ལས༼ཨ་ཁུ་བསྟན་པ༽ལྷ་སྒྲུང་ལ༼གཏམ་པད་མའི་ཚལ་གྱི་ཟློས་གར༽དང༼བྱ་སྤྲེལ་གཏམ་རྒྱུད༽རྣམས་ཀྱི་བརྗོད་བྱ་ནི་སྤྱོད་བཟང་དར་སྤེལ་དང་ངན་པ་ལ་ཁྲིམས་གཅོད། བདེན་དྲང་བསམ་དཀར་དང་ཀུན་སྤྱོད་མཛེས་པ་བཅས་དར་སྤེལ་དང་། གཡོ་རྫུན་བསམ་སྦྱོར་ངན་པ། ཀུན་སྤྱོད་ཐ་ཤལ་རྣམས་བཀག་འགོག་བྱེད་པའི་ནང་དོན་ལེགས་པོ་ཡར་ཐོན་གཏོང་བའི་བརྩམས་ཆོས་ལེགས་ཤོས་ཤ་སྟག་ཡིན་ནོ།། དེ་བས་ད་ལྟའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཁྲོད་བོད་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་ཐད་ཀར་སྐུལ་སྤེལ་གྱི་ནུས་པ་ཐོན་ཐུབ་བོ།།

ལྔ་བ། ཚན་རྩལ་རིག་གནས་དང་དུས་རབས་གསར་བའི་རྩེར་སོན་ཚན་རྩལ་གཉིས་གཅིག་གྱུར་བྱེད་པ།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཚན་རྩལ་རིག་གནས་ནི་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ། དེར་དུས་ཡུན་རིང་མོའི་ལོ་རྒྱུས་ཡོད་ཅིང་། དེ་ད་ལྟའི་བར་དུ་བོད་ཀྱི་ཐོན་སྐྱེད་ནུས་ཤུགས་གཙོ་བོ་དང་། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐུལ་འདེད་ནུས་པ་ཆེན་པོ་འདོན་མཁན། མུ་མཐུད་དུ་ལྐོག་གྱུར་རིང་ལུགས་ལ་དགག་པ་རྒྱག་པའི་རིག་གནས་ཀྱི་འཕེལ་ ཕྱོགས་གཙོ་བོ་བཅས་ཡིན། ཚན་རིག་རྗེས་དཔག་ཏུ་གྱུར་བའི་མཚན་ཉིད་རིག་པའི་བསམ་བློ་ནི་ལོ་ལྔ་སྟོང་ལྷག་ཙམ་སྔོན་གྱི་ལྷ་སྒྲུ་དུས་རབས་བར་ལ་ཡར་འདེད་ཐུབ་སྟེ། སྐབས་དེར༼སྒོ་ང་ལས་འཇིག་རྟེན་གྲོལ་བ༽དང༼སྦྲ་མི་ནས་མི་མཆེད་པ༽༼ནས་འབྲུ་སྔོན་མའི་འཁྲུངས་རབས༽སོགས་མཚན་ཉིད་རིག་པའི་བསམ་བློ་བྱུང་ཟིན་ལ། དངོས་པོའི་འཇིག་རྟེན་ལ་ཉམས་མྱོང་སྟེང་བསམ་གཞིག་བྱེད་པའི་རྣམ་པ་དང་སྣང་ཚུལ་ལ་བརྟེན་ནས་ངོ་ཤེས་རྟོགས་བྱེད་པའི་བློ་རིག་བྱུང་ཡོད་དོ།།

ཅུང་སྔ་མོ་ཞིག་ནས་མདོ་དབུས་མཐོ་སྒང་གི་བོད་རིགས་མེས་པོ་ནི་ཞིང་ཕྱུགས་ལས་དུས་རབས་ལ་སླེབས་པའི་མི་རིགས་ཤིག་ཡིན། གནའ་རྫས་རྟོག་ཞིབ་པས་རྒྱུས་ལོན་ལྟར་ན་དངོས་རྫས་འབོར་ཆེན་ཞིག་གནའ་བོའི་རྡོ་ཆས་དུས་རབས་ཀྱི་ཡིན་པར་ངོས་འཛིན་ཞིང་། སྐབས་དེར་མཚོན་ན་སྔོན་ཐོན་ཡིན་པའི་ལག་ཆ་དང་ས་བོན། རྨོན་ཕྱུགས། ཁྱིམ་ཕྱུགས། ཞིང་ལས། འཁེལ་འཐག ལྕགས་རིགས་འདོན་པའི་ལག་རྩལ་སོགས་ཡོད་ལ། གནའ་རྫས་རྟོག་ཞིབ་པའི་ཤེས་རྟོགས་ལྟར་ན། ད་ནས་བརྩིས་པའི་ལོ་བཞི་སྟོང་ལྷག་གི་སྔོན་དུ་བོད་རིགས་ཀྱི་ལྕགས་རིགས་འདོན་པའི་ལག་རྩལ་དེ་ཡང་རྩེར་སོན་ཡོད་པར་མངོན་ཏེ། དེ་ནི་ད་ལྟའི་ལྷ་ས་དང་ཨ་མདོ་ས་ཁུལ་དུ་རྙེད་པའི་ལི་ཆས་ཀྱིས་བདེན་དཔང་བྱེད་ཐུབ་བོ།།
ཚུལ་དེ་ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་སྤྱི་ལོ་སྔོན་གྱི་ལོ400ལྷག་གི་ཡར་སྔོན་དུ་པུ་དེ་གུང་རྒྱལ་སྐབས་ཀྱི་ལྕགས་རིགས་འདོན་པའི་ལག་རྩལ་ལས་ཀྱང་ད་དུང་ལོ་སྟོང་གཅིག་ལྷ་གིས་སྔའོ།། ད་ལྟའི་མཚོ་སྔོན་དང་ཀན་སུའུ། བོད་ལྗོངས། སི་ཁྲིན། ཡུན་ནན་སོགས་བོད་ཀྱི་ས་ཁུལ་ནས་ཐོན་པའི་རྫ་ཆས་ཀྱི་རིགས་དང་། གཟུགས་དབྱིབས། ཁ་དོག རྒྱན་རིས། རྫ་ཆས་ཀྱི་རྒྱུ་སོགས་ཀྱི་ར་སྤྲོད་བྱས་པ་ནི། ལོ་བཞི་སྟོང་ནས་ལྔ་སྟོང་ཙམ་གྱི་སྔོན་ནས་བོད་རིགས་མེས་པོ་རྣམས་ཀྱི་རྫ་ཆས་བཟོ་བའི་ལག་རྩལ་ཡང་རྩེར་སོན་ཡོད་པ་མ་ཟད། ད་དུང་སོར་ཆུད་དབྱང་འགྱུར་ལག་རྩལ་གྱི་ནུས་པ་དང་རྫ་ཆས་ནང་བྱེ་མ་བཏུབས་པ་སོགས་ལ་བརྟེན་ནས་རྫ་ཆས་བསྲེག་སྐབས་གས་སྐྱོན་འགོག་པའི་ནུས་པ་རྣམས་ཁོང་དུ་ཆུད་ཡོད་ཅིང་། སྐབས་དེར་ཅུང་སྔོན་ཐོག་ཡིན་པའི་ལག་ཆ་སྟེ་རྫ་བཟོ་འཁོར་ལོ་སྤྱོད་བཞིན་ཡོད་པ་བདེན་དཔང་བྱས་སོ།།

རྒྱ་ཡིག་གི་ལོ་རྒྱུས་ཡིག་ཚང་དུ་ཡན་རྒྱལ་བོའི༼炎帝༽ཞིང་ལས་པ་ནི་ཆཱང་རིགས་ཀྱི་མི་ཡིན་པ་གསལ་བོར་འཁོར་པ་མ་ཟད། ཁོས་ཨ་མདོ་བོད་རིགས་ཀྱི་ཞིང་ལས་རིག་གནས་དང་། རྫ་ཆས་ཚོན་མདངས་ཅན་བཟོ་བའི་རིག་པ། ཁང་བ་བཟོ་བའི་རིག་པ་རྣམས་ཨ་མདོ་བོད་རིགས་ཤར་རྒྱུད་དུ་སྤོ་སྐབས་དབུས་རྒྱན་སྤེལ་དུ་བཅུག་པ་སྟེ། འདི་ཨ་མདོ་ས་ཁུལ་གྱི་གནའ་རྫས་རྙེད་པ་དག་གིས་བདེན་ དཔང་བྱེད་ཐུབ་བོ།། ལོ་རྒྱུས་འདི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ནང་བཀོད་པའི་སྤྱན་རས་གཟུགས་ཀྱིས་ཁ་བ་རི་བའི་ལྗོངས་སུ་མ་རྨོས་ལོ་ཏོག་རིགས་ལྔ་དང་གསེར་དངུལ་གཏེར་ཁ་སྦས་པ། རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་རུས་རྒྱུད་ཆེན་པོ་ཉེར་བཞི་རྣམས་ཀྱིས་གནས་དེར་མཁར་བརྩིགས་ཤིང་། རྒྱལ་ཕྲན་སོ་སོར་རང་གི་རྒྱལ་བོ་དང་བློན་པོ་ཡོད་ལ། མི་རྣམས་ཀྱིས་ནོར་དང་ལུག་རྟ། ཁྱི་རྣམས་གསོ་ཤེས་པ། ཞིང་ལ་ཆུ་འདྲེན་ཤེས་པ་སོགས་གཞིས་ཆགས་ནས་འཚོ་བ་རོལ་ཚུལ་ཐོ་འགོད་བྱས་པ་དང་ཤིན་ཏུ་མཐུན་ཞིང་། འདིས་བོད་རིགས་མེས་པོ་རྣམས་ཀྱིས་གདོད་མའི་སྤྱི་ཚོགས་ཀྱི་དུས་སྐབས་ནས་ཚན་རིག་དང་མཐུན་པར་བསམ་གཞིགས་བྱེད་པའི་མྱུ་གུ་འབུས་ཡོད་པར་མ་ཟད། ད་དུང་ཞིང་ཕྱུགས་ལས་དང། ལྕགས་རིགས་འདོན་པ། བལ་འཁེལ་བ། ཁྱིམ་ཕྱུགས་གསོ་བ་སོགས་ཀྱི་རིག་པ་ཡོད་པའང་ར་སྤྲོད་གསལ་བོ་བྱས་སོ།།

བོད་བཙན་པོའི་དུས་སྐབས༼སྤྱི་ལོ་སྔོན་གྱི825-སྤྱི་ལོ923༽ལ་ཐོན་ཚེ། ཚན་རིག་དང་མཐུན་པའི་བསམ་གཞིག་དེ་མ་ལག་ཅན་གྱི་དུས་རིམ་ལ་སླེབས་ཡོད་དེ། དེའི་མཚོན་རྟགས་གཙོ་བོ་ནི་འཇིག་རྟེན་འདི་འབྱུང་བ་ལྔ༼རླུང་དང་མེ། ཟིལ་ཐིགས། རི༽ལས་གྲུབ་པར་དོད་པའི་གཟུགས་ཉིད་སྨྲ་བའི་ལྟ་བ་བྱུང་བ་དང་། འཇིག་རྟེན་འདི་འགལ་ཟླའི་ཕྱོགས་འགའ་ལས་གྲུབ་པ་དང་། མཁའ་མི་དབྱེར་མེད་ཀྱི་ལྷ་ཡུལ་དང་མི་ཡུལ། དམྱལ་བ་གསུམ། འཇིག་རྟེན་གཅིག་གྱུར་གྱི་ལྟ་བས་ཐད་ཀར་གནམ་དཔྱད་དང་སྐར་རྩིས་རྩིས་རིག་མིའི་ལུས་ཁམས་ཐད་ཀྱི་ཚན་རིག་གསོ་རིག་སྐད་དང་ཡི་གེ་ཁྲིམས་ལུགས། གཏན་ཚིགས་རིག་པ། མི་ཆོས་ཀུན་སྤྱོད་སོགས་ཚན་རིག་དང་མཐུན་པའི་བསམ་གཞིག་མང་བོ་བྱུང་ངོ་།།
ཞིང་ལས་དང་། ཕྱུགས་ལས། ལྕགས་འདོན་པ། འཁེལ་འཐག འཛུགས་སྐྲུན། རགས་རྒྱག་པ། ཟམ་པ་འཕེན་པ། བཟོ་རྩལ་སོགས་ཀྱི་ལག་རྩལ་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཞིང་། ཚན་རྩལ་གྱི་རིགས་མང་བོ་ཞིག་ད་དུང་འཛམ་གླིང་གི་སྔོན་ཐོན་དང་ཡ་གླིང་གི་ཨང་དང་བོའི་གྲས་སུ་སླེབས་འདུག དེ་དང་མཉམ་དུ་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་ཚན་རིག་གི་འཆར་སྒོ་སྣ་ཚོགས་ཤིག་ཀྱང་བྱུང་ངོ་།། བོད་རིགས་ཀྱི་དཔལ་ཡོན་དེ་དབུས་རྒྱུད་ཤེས་རིག་དང་གནའ་བོའི་ཤེས་རིག གནའ་བོའི་རྒྱ་གར་གྱི་ཤེས་རིག་གནའ་བོའི་པ་པིས་ལོན་གྱི་ཤེས་རིག གནའ་བོའི་ཞི་ལའི་ཤེས་རིག་སོགས་དང་དུས་མཉམ་དུ་མའི་རིགས་ཀྱི་ཤེས་རིག་གི་འབྱུང་ཡུལ་དུ་གྱུར་ཡོད་དོ།།
འོན་ཀྱང་བོད་རིགས་ཀྱི་ཤེས་རིག་དེ་གོང་གི་དབུས་རྒྱུད་ཤེས་རིག་དང་། ཡ་གླིང་ལྷོ་མའི་ཤེས་རིག ཡ་གླིང་དཀྱིལ་རྒྱུད་ཀྱི་ཤེས་རིག་བཅས་དང་བསྡུར་ན། དེ་གནས་པའི་ས་ཁམས་ཁོར་ཡུག་དང་རང་བྱུང་ཆ་རྐྱེན་རྣམས་ཅུང་ཞན་པས། ཚད་ངེས་ཅན་ཞིག་གི་སྟེང་ནས་བོད་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ཆུ་ཚུད་ལ་བཀག་འགོག་ཐེབས་ཡོད་དོ།། ད་ལྟའི་དུས་རབས་གསར་བའི་ནང་བོད་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཞིག་མངོན་འགྱུར་བྱས་ཏེ། འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་འཚང་དགོས་ན། ང་ཚོས་ངེས་པར་དུ་སྲོལ་རྒྱུན་རིག་གནས་ཀྱིས་སྔོན་ཐོན་ཚན་རིག་ལག་རྩལ་རྣམས་དུས་རབས་གསར་བའི་ནང་འདོད་སྤེལ་གང་ལེགས་སྒོས་དཀའ་སྤྱད་ལྷོད་མེད་ཀྱིས་ལས་རིགས་སྤེལ་བ་དང་། བརྩོན་འགྲུས་ཆེན་པོས་སློབ་གཉེར་ལ་དགའ་བ། ཡར་རྒྱས་བརྩོན་ལེན་གྱི་གསར་གཏོད་ཡོད་པ་བྱས་ཏེ་བསྐྱར་དུ་གཟི་འོད་འབར་བའི་ལོ་རྒྱུས་ཞིག་བསྐྲུན་དགོས།

དྲུག་པ། བོད་མི་རིགས་ཀྱི་སྲོལ་རྒྱུན་རིགས་གནས་ཀྱི་དགོངས་དོན་ནི་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ དགོངས་དོན་དང་འོས་ཤིང་འཚམ་པའི་གྲུབ་ཆ་ཞིག་རེད།
རིག་གནས་དགོངས་དོན་ནི་རིག་གནས་མ་ལག་གྲུབ་ཆའི་ནང་གི་ངོ་བོ་དང་། སྙིང་བོ། རིན་ཐང་མ་ལག་དང་སེམས་ཁམས་མངོན་ཚུལ་གྱི་སྟེང་ནས་མངོན་ཐུབ་པ་ཞིག་ལ་ཟེར། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དགོངས་དོན་གཙོ་བོ་གཤམ་གྱི་དོན་ཚན་ལྔ་ལས་མངོན་ཐུབ་སྟེ།

༡.གངས་ལྗོངས་རིག་གནས་གྲུབ་ཆའི་རང་བཞིན་གྱི་དགོངས་དོན་མངོན་གསལ་དུ་རྒྱུན་འཁྱོངས་བྱེད་པ།

བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་བོད་རིགས་མི་དམངས་ཀྱི་གསར་སྐྲུན་བྱས་པ་ཡིན་ལ། དེའི་དགོངས་དོན་གཙོ་བོ་ཕྱོགས་གཉིས་ན་མངོན་ཡོད་དེ། ཐོག་མར་རིག་གནས་གསར་སྐྲུན་གྱི་ལོ་རྒྱུས་རིང་མོའི་ནང་། མཚོ་བོད་མཐོ་སྒང་གི་ས་བབས་དང་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཁྱད་པར་བ་རྒྱུས་ལོན་ཡང་དག་སྒོས་ཁོང་དུ་ཆུད་པ་དང་བེད་སྤྱོད་གཏོང་བ་ནམ་ཡང་རྒྱུན་སྐྱོང་བྱས་ནས། སའི་གནས་ལུགས་དང་སྤྱི་ཚོགས་ཁོར་ཡུག་ལ་རང་སྟོབས་ཀྱིས་སྙོམ་སྒྲིག་བྱེད་པར་རན་ཞིང་ལུགས་མཐུན་གྱི་གདམ་གསེས་མཚོན་པ། ནམ་ཡང་ས་ཁུལ་རང་བཞིན་དང་མི་རིགས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་སྒོས་རྒྱུན་འཁྱོངས་བྱེད་པ། རང་འགུལ་སྒོས་མི་རིགས་རིག་གནས་ཀྱི་མཛེས་ཤིང་སྡུག་པའི་བཀྲག་མདངས་ཀྱི་རྦ་རླབས་ཆལ་ཆིལ་དུ་སྐྱོན་པ། གཞན་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ཡང་ཕྱི་ཡོང་རིག་གནས་ཀྱི་ཕོག་ཐུག་དང་། འགྲན་རྩོད་འོག་འཚར་ལོངས་བྱུང་བ་ཞིག་ཡིན་ཏེ། དཔེར་ན། ནང་བསྟན་རིག་གནས་དེ་བོད་རིགས་རང་གི་རིག་གནས་ཀྱི་ཕོག་ཐུག་དང་འགྲན་རྩོད་ཆེས་ཆེ་ཤོས་ཡིན་པ་ལྟ་བུའོ།།
འོན་ཀྱང་། བོད་ཀྱི་རིག་གནས་ཀྱིས་ཕྱོགས་གཅིག་ནས་ཐད་ཀར་ཕྱི་ཡོང་རིགས་གནས་ཀྱི་འགྲན་རྩོད་དང་ལེན་བྱེད་སྤོབས་ལ། ཕྱི་ཡོང་རིག་གནས་བསྡུ་ལེན་དང་ནང་འདྲེན་མཉམ་བསྲེས་བྱེད་པར་དེ་བས་མཁས། ཡང་ཕྱོགས་གཞན་ཞིག་ནས་གཞན་དབང་གིས་གཞན་དཔེ་འདྲ་བསྟུན་དང་ཕྱི་ཡོང་རིག་གནས་ཇི་ལྟ་བ་བཞིན་བཀོལ་བ་མ་ཡིན་པར། རང་ཉིད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོ་དེ་རྨང་གཞི་དང་གཙོར་བཟུང་སྟེ་རང་འགུལ་སྒོས་ཕྱི་ཡོང་རིག་གནས་ལས་རང་ལ་མཁོ་བ་བསྡུ་ལེན་དང་། རང་ལ་འཚམས་པར་བསྒྱུར་བཅོས་བྱས་ཏེ། རང་ཉིད་ཀྱི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའོ༎

༢.གསར་གཏོད་རང་བཞིན་གྱི་བསམ་བློ།

ལས་ལ་བརྩོན་ཞིང་སྤྱང་གྲུང་འཛོམས་པ། སྤོབས་པ་ཆེ་ཞིང་དཔའ་ངར་ལྡན་པ། བློ་གཤོགས་ཆེ་ལ་བརྩེ་སེམས་ཀྱང་ལྡན་པའི་བོད་རིགས་མི་དམངས་ཀྱིས་ལོ་སྟོང་ཕྲག་མང་བོའི་རིང་ནས། ཁོང་ཚགས་གསར་བསྐྲུན་བྱས་པའི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་བྱེད་སྟངས། མིའི་རིགས་ཀྱི་དཔལ་ཡོན་རྣམས་སྤྱི་ཚོགས་ཀྱི་ཕྱོགས་སོ་དང་མི་རྣམས་ཀྱི་བསམ་བློ་དང་སེམས་གཏིང་དུ་སིམ་སྟེ་འཚོལ་ཞིབ་ཀྱི་རིག་པ་ཕུན་སུམ་ཚོགས་པ་དང་གསར་གཏོད་ལ་མཁས་པ། མཆོག་གྱུར་ལ་བརྩོན་པ། སྤྱང་གྲུང་འཛོམས་ལ་བློ་གྲོས་ཀྱི་མཐུ་དང་ལྡན་པ། བློ་གཤོགས་ཆེ་ལ་ཁོང་ཡངས་པ་སོགས་ཀྱི་རིག་གནས་བསམ་བློ་མངོན་ཡོད་དོ།། བོད་ཀྱི་དཔལ་ཡོན་དར་བའི་ལོ་རྒྱུས་སྟེང་འཛམ་གླིང་ན་ཨང་དང་བོར་གྱུར་བའི་ཡ་མཚན་གྱི་ཤུལ་རྗེས་གང་མང་ཞིག་བྱུང་སྟེ། འཛམ་གླིང་དུ་ཆེས་སྔ་བའི་སྤོ་ལོ་གསར་གཏོད་བྱས་པ་༼རྟ་རྩེད་སྤོ་ལོ་སྤྱི་ལོ་དུས་རབས་དྲུག་པར་གསར་གཏོད་བྱས༽དང་། རྟ་འདུལ་བ་དང་གསོ་བ་ཆེས་སྔ་བ་༼གདོད་མའི་སྤྱི་ཚོགས་ནང་བྱུང༽ཆེས་སྔ་བའི་མི་སྣའི་གསོན་དཔེ་༼སྤྱི་ལོ779ལོར་བསམ་ཡས་དགོན་པ་བཞེངས་སྐབས་བོད་ས་ཁུལ་ནས་གཟུགས་བྱད་ཚད་ལྡན་ཡིན་པའི་ཕོ་མོ་རྣམས་བདམས་ནས་འབག་བཟོ་གསོན་དཔེར་བསྟེན་པ༽ཆེས་སྔ་བའི་སྟབས་བདེའི་བཟའ་བཅའ་༼རྩམ་པ༽སྲིད་བསྐྱངས་པའི་དུས་ཡུན་ཆེས་རིང་བའི་རྒྱལ་རབས་༼ཐུ་བྷོད་རྒྱལ་རབས་ཀྱི་གཉའ་ཁྲི་བཙན་པོ་སྤྱི་ལོ་སྔོན་825 ནས་སྤྱི་ལོ་923 ལོའི་ལོ་འཇུག་སྟེ་བོད་རྒྱལ་དཔལ་མཁར་བཙན་བར་སྤྱི་བསྡོམས་ལོ་1748 འདས༽ཆེས་ཐོག་མར་སོ་བ་འདེབས་རྨོ་བྱེད་པའི་མི་རིགས་༼ད་ནས་བརྩིས་པའི་ལོ་ལྔ་སྟོང་ལྷག་གི་སྔོན་ནས་སོ་བའི་རྨོ་འདེབས་ལ་བྱང་ཡོད༽ཆེས་ཐོག་མར་སློབ་གཉེར་བ་ཕྱི་རྒྱལ་ལ་བརྫངས་ནས་སློབ་གཉེར་བྱེད་དུ་བཅུག་པ། ༼སྤྱི་ལོ630་ལོ་ཡས་མས་སུ་ཐོན་མི་སམ་བྷོ་ཊ་དང་གཞོན་ནུ་ཤེས་རབ་ཀྱི་དཔལ་མངའ་མི་ཉུང་བ་ཞིག་རྒྱ་གར་དང་རྒྱ་ནག་གི་ཡུལ་དུ་སློབ་གཉེར་དུ་བརྫངས༽ཆེས་ཐོག་མར་རྒྱལ་མོ་དངུལ་ཆུའི་སྟེང་མི་རྟ་སྟོང་ཕྲག་སྟབས་གཅིག་ཏུ་རྒྱུ་འོང་བྱས་ཆོག་པའི་ལྕགས་ཟམ་བཙུགས། ༼སྤྱི་ལོ670 ལོར་ཐུ་བྷོད་དམག་གིས་ད་ལྟའི་ཡུན་ནན་གྱི་བེ་ཤེ་ཐཱ་མཁར་མངའ་ཁོངས་ཀྱི་རྒྱལ་མོ་དངུལ་ཆུའི་སྟེང་ལྕགས་ཟམ་སྐྱོམ། ཆེས་ཐོག་མར་རྫ་ཆས་ཚོན་ཅན་བཟོས་ཤིང་རྫ་ཆས་སྟེང་རི་མོ་མི་འདྲ་བ་སྟོང་གཅིག་ལྷག་འབྲི་ཐུབ་ཡོད། འཛམ་གླིང་ཚན་རྩལ་ལོ་རྒྱུས་སྟེང་བོད་ཀྱི་གསོ་རིག་ལག་རྩལ་དང་། མིའི་གཤགས་བཅོས་དང་མངལ་སྤྲུམ་རིག་པ། འ་ཞའི་ལྷ་རྗེས་གསེར་གྲིས་ལོང་བའི་མིག་འབྱེད་པ་དང་། མིའི་རོ་བཀྲའི་ཐང་ག་བཟོ་བ་སོགས་མང༽བཙོ་སྦྱོང་དང་འཛུགས་སྐྲུན་གྱི་ལག་རྩལ་དར་བ། ༼དཔེར་ན་ཕོ་བྲང་པོ་ཏ་ལ་དང་བྱམས་པ་མི་འགྱུར་གླིང་། ཡུམ་བུ་བླ་སྒང༽འཛམ་གླིང་སྟེང་ཟངས་སྐུ་ཆེས་ཆེ་བ་སྟེ། ༼བཀྲ་ཤིས་ལྷུན་པོའི་བྱམས་ཆེན་གྱི་མཐོ་ལ་མུས6.2དང་། ཕྱག་གི་རིང་ཐུང་ལ་མུས3.2དང་། ཕྱག་འཛུབ་ཀྱི་རིང་ཐུང་ལ་མུས1བཅས་ཡོད༽ འཛམ་གླིང་ཐོག་ཆེས་རིང་ཤོས་སུ་གྱུར་བའི་ལོ་རྒྱུས་སྙན་རྩོམ༼གེ་སར་རྒྱལ་བོའི་སྒྲུང་། སྤྱི་བསྡོམས་སྒྲུང་དཔེ་མི་འདྲ་བ300ལྷག་ཡོད༽འཛམ་གླིང་ཐོག་ཆེས་སྔ་བའི་ཟློས་གར་ཏེ་བོད་ཀྱི་ཟློས་གར། སྤྱི་ལོ700ཡི་སྔོན་ནས་བྱུང་འདུག འཛམ་གླིང་ཐོག་ཆེས་སྔ་བའི་མྱུར་སྦྲགས་ཡིན་ཐེམ་༼དུས་རབས་བདུན་པའི་དུས་ནས་མྱུར་སྦྲགས་འཕྲིན་མཁན་པའི་མཚོན་རྟགས་སྟེ་དངུལ་དྲིལ་བྱུང་ཡོད༽འཛམ་གླིང་ན་གཉིས་སུ་མེད་པའི་རིན་པོ་ཆེ་ཁྲ་འབྲུག་དགོན་གྱི་མུ་ཏིག་གི་ཐམ་ག་དང་པོ་ཏ་ལའི་མུ་ཏིག་གི་དཀྱིལ་ཁོར་བཅས་རྣམས་འགྲན་པའི་ཟླ་དང་བྲལ་བ་ཤ་སྟག་གོ།

༣.མདུན་སྐྱོད་ཀྱི་རང་བཞིན་ལྡན་པའི་སྙིང་སྟོབས།

མཚོ་བོད་མཐོ་སྒང་ནི་དེང་འདིར་འཛམ་གླིང་ཐོག་མཚོ་ངོས་ལས་ཆེས་མཐོ་བའི་གྲང་ལ་མཐོ་བའི་སྐམ་ས་ཡིན་ལ། འདིར་སའི་གོ་ལའི་སྐས་རིམ་གསུམ་པའམ་འཛམ་གླིང་གི་གཙུག་ཕུད་ཅེས་ཟེར་བའང་ཡོད། ཡུལ་འདིའི་ས་མཐོ་ཞིང་གནམ་གཤིས་རྩུབ་འགྱུར་ཆེ་བ་ལས་གཞན། ད་དུང་ཡུལ་ཁུངས་བཀྲམ་ལ། འགྲིམ་འགྲུལ་མི་བདེ་བ་དང་ས་རྒྱ་ཆེ་ཞིང་མི་འབོར་ཉུང་། འདིའི་རང་བྱུང་སྣོད་བཅུད་ཀྱི་བཀོད་པ་ཉེ་འགྲམ་གྱི་ཡུལ་འཁོར་རྣམས་དང་བསྡུར་བས་བཙོག་མོད། ཡིན་ནའང་། རླབས་ཆེ་བའི་བོད་རིགས་མི་དམངས་ཀྱིས་དེ་འདྲའི་རྩུབ་འགྱུར་ཆེ་བའི་རང་བྱུང་སྣོད་བཅུད་ལ་ཁ་གཏད་གཅོག་པའི་འཐབ་རྩོད་ཁྲོད། དཔའ་ངར་ཞུམ་པ་མེད་ཅིང་དཀའ་སྤྱད་སྡུག་ཐེག་དང་འབད་འབུངས་ལྷོད་མེད་སྒོས་མདུན་ནས་མདུན་དུ་སྐྱོད་པའི་བླ་མེད་སྙིང་སྟོབས་དང་གཤིས་རྒྱུད་མངོན་འདུག ཧ་ཅང་བཙོག་པའི་རང་བྱུང་ཁོར་ཡུག་དེར་འཛམ་གླིང་ན་འགྲན་པའི་ཟླ་དང་བྲལ་བའི་དངོས་པོའི་དཔལ་ཡོན་དང་ བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱས། དེ་ལྟ་བུའི་དུས་རབས་གསར་བའི་ནང་བོད་ཁུལ་དུ་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུར་མེད་དུ་མི་རུང་ངོ་།།

༤.རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ།

བོད་ཀྱི་ལོ་རྒྱས་སྟེང་བོད་རིགས་མི་དམངས་ཀྱིས་ཕྱིའི་སྟོབས་ཤུགས་དང་ཆབ་སྲིད་ཀྱིས་གཉའ་གནོན། དཔལ་འབྱོར་འཕྲོག་བཅོམ་བཅས་ངོ་རྒོལ་ཐེངས་མང་བྱས་ཤིང་། བཀས་བཀོད་རྒྱུན་འཛིན་དབང་སྒྱུར་གྲལ་རིམ་གྱི་དམག་ཤུགས་དྲག་གནོན་དང་བཙན་དབང་མཉམ་བསྲེས་ཀྱི་དབང་སྒྱུར་ལ་ངོ་རྒོད་སྤེལ་བ། ལན་མང་བོར་ཕྱི་རྒྱལ་མི་སེར་སྤེལ་བའི་རིང་ལུགས་དང་། རྒྱ་སྐྱེད་རིང་ལུགས་པ། ནང་ཁུལ་ཁ་བྲལ་རིང་ལུགས། རྒྱལ་འཚོང་རིང་ལུགས་དག་ལ་ངོ་རྒོལ་བྱས་པ་སོགས་ནི་བོད་རིགས་མི་དམངས་ཀྱི་རྒྱལ་གཅེས་སྙིང་སྟོབས་ཀྱི་རླབས་ཆེ་བའི་ལོ་རྒྱུས་ཀྱི་བརྗིད་ཉམས་མ་ཡིན་ནམ།

༥.སྒོ་འབྱེད་རང་བཞིན་གྱི་བསམ་བློ།

ལོ་རྒྱུས་སྟེང་བོད་ཀྱི་རིག་གནས་ཐེངས་གསུམ་ལ་ཕྱི་ཕྱོགས་སུ་གཞི་ཁྱོན་ཆེན་པོའི་སྒོ་ནས་ཁྱབ་སྤེལ་བྱས་པ་སྟེ། ཐོག་མ་ནི་སྤྱི་ལོ་དུས་རབས7-8པར་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་རྒྱལ་བློན་རྣམས་ཀྱིས་བོད་རིགས་མི་དམངས་ཀྱི་སྣེ་ཁྲིད་ནས་མཐའ་མཚམས་རྒྱ་སྐྱེད་སྐབས། བོད་ཀྱི་རིག་གནས་དེ་ཡང་དམག་དཔུང་གི་སྟོབས་ཤུགས་དང་མཉམ་དུ་ཡ་གླིང་དབུས་རྒྱུད་དང་ལྷོ་ནུབ་ཀྱི་རྒྱལ་ཁབ་སོ་སོར་ཁྱབ་སྤེལ་བྱས་པ་དང་། ཐེངས་གཉིས་པ་ནི་སྤྱི་ལོ་དུས་རབས13པའི་སྐབས་ཀྲུང་ཡོན་དབུས་རྒྱུད་དང་སོག་པའི་ས་གནས་སོ་སོར་སྤེལ་ལ། ཐེངས་གསུམ་པ་ནི་ཆིང་རྒྱལ་རབས་ཀྱི་དུས་མགོར་བོད་ཀྱི་རིག་གནས་དེ་ནང་ལོག་ས་ཁུལ་སོ་སོར་སྤེལ་བ་བཅས་སོ།།
བོད་ཀྱི་རིག་གནས་ཀྱིས་རྒྱལ་ཁབ་དང་མི་རིགས་འདི་དག་གི་རིག་གནས་ལ་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་ཤན་ཤུགས་ཐེབས་ཏེ། ཕན་ཚུན་འདྲེས་པ་དང་འགྱུར་བའི་བརྒྱུད་རིམ་བྱུང་ཡོད་མོད། འོན་ཀྱང་མཁས་པ་འགའ་རེས་བོད་ཀྱི་རིག་གནས་དང་མཐའ་འཁོར་སྔོན་ཐོན་རིག་གནས་བར་གྱི་འབྲེལ་བ་གླིང་སྐབས། ཡ་གླིང་དབུས་ཁུལ་དང་ལྷོ་ནུབ་ཀྱི་རིག་གནས་ཀྱིས་བོད་ཀྱིས་རིག་གནས་ལ་ཤན་ཞུགས་ཚུལ་དང་ཁྱབ་སྤེལ་བྱས་པ་ཁོ་ན་ལས། བོད་ཀྱི་རིག་གནས་ཀྱིས་རྒྱལ་ཁབ་དང་མི་རིགས་གཞན་དག་གི་རིག་གནས་ལ་ཤན་ཤུགས་འཐེབ་པ་དང་ཁྱབ་སྤེལ་བྱས་པ་གླེང་གི་མི་འདུག ཐ་ན་མཁས་པ་འགའ་རེས་བོད་ཀྱི་རིག་གནས་ཀྱི་ཀྲུང་ཡོན་སྔོན་ཐོན་རིག་གནས་ནང་འདྲེན་དང་བསྡུ་ལེན་བྱས་པ་ཁོ་ན་བརྗོད་པར་སྤྲོ་ལ། བོད་ཀྱི་རིག་གནས་ཕྱི་ཕྱོགས་དུ་ཁྱབ་སྤེལ་བྱས་ཏེ་མཐའ་འཁོར་རིག་གནས་དང་སྒོས་སུ་ཀྲུང་ཡོན་རིག་གནས་ལ་ཡང་ཤན་ཞུགས་པ་དང་བྱས་རྗེས་བཞག་པ་རྣམས་གླེང་མི་འདུག དཔེར་ན། ཐང་བོད་གཉེན་འབྲེལ་གླེང་སྐབས། ཐང་གི་རིག་གནས་བོད་ལ་སྤེལ་བ་སྟེ་རྒྱ་བཟའ་ཀོང་ཇོ་དང་ཅིན་ཤིང་ཀོང་ཇོས་ཐང་གི་རིག་གནས་མང་བོ་བོད་དུ་སྤེལ་ཚུལ་ལས། བོད་ཀྱི་རིག་གནས་དང་དཔལ་ཡོན་ཀྲུང་ཡོན་ས་ཁུལ་ཏུ་སྤེལ་བ་དང་། དེའི་ཤན་ཤུགས་ཐེབས་ཚུལ་དང་སྣ་འཛོམས་ཅན་དུ་གྱུར་བ་རྣམས་གཅིག་ཀྱང་གླེང་མེད་དོ།། འདི་ནི་ལོ་རྒྱུས་དོན་དངོས་དང་མི་མཐུན་ཞིང་མར་ལེ་རིང་ལུགས་ཀྱི་དངོས་གཙོ་ལོ་རྒྱུས་ལྟ་ཚུལ་དང་ཡང་མི་མཐུན་པས་བོད་རིགས་མི་དམངས་ཀྱི་ཁས་མི་ལེན་པ་སྨྲོས་མ་དགོས་ལ། བོད་རིག་པའི་ཆེད་མཁས་པ་ངོ་མ་ཞིག་ཡིན་ཕྱིན་ཡང་འདི་ལྟར་མི་བརྗོད་ཁོ་ཐག་ཡིན་ནོ།།

༦.བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་གསར་བའི་དེང་རབས་གསར་བའི་དེང་རབས་ཅན་གྱི་སློབ་གསོའི་བྱེད་ནུས།

བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཚན་རིག་ལག་རྩལ་སྐོར་གྱི་ནང་དོན་བསྡུར་ཚད་ཆེ་ལ། དེའི་ཁྲོད་ཀྱི་ནང་དོན་ཕལ་ཆེ་བ་ད་ལྟའི་སྤྱི་ཚོགས་དང་ཤིན་ཏུ་འཚམ་མོ།། དེར་བརྟེན། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་རྒྱུ་ནི་བོད་ཁུལ་གྱི་སློབ་གྲྭའི་བསམ་བློའི་སློབ་གསོ་དང་རིག་གནས་སློབ་གསོ། གཤིས་རྒྱུད་སློབ་གསོ་བཅས་ཡོད་དོ་ཅོག་གི་ནང་དོན་གཙོ་བོ་དང་དུས་རབས་ཀྱི་དགོས་མཁོ་ཡང་ཡིན་ནོ།། སློབ་གསོ་ཐོབ་པའི་མི་རྣམས་རིག་གནས་ཀྱི་སྣེ་ཁྲིད་པར་འགྱུར་བའི་ཆེད་དུ།བོད་ཁུལ་གྱི་སློབ་གསོ་སྔར་ལས་ལེགས་པར་སྤེལ་ཏེ་སྤྱི་ཚོགས་ཅན་དང་དེང་རབས་ཅན། མ་འོངས་པ་བཅས་ལ་ཁ་ཕྱོགས་ཏེ་བོད་ཁུལ་གྱི་རིམ་པ་སོ་སོའི་སློབ་གྲྭའི་སློབ་གསོའི་ཁྲོད། བསྡུར་ཚད་ངེས་ཅན་ཟིན་པའི་བོད་ཀྱི་སྲོལ་རྒྱུན་གྱི་སྲོལ་རྒྱུན་གྱི་སྔོན་ཐོག་རིག་གནས་སློབ་གསོ་སྐོར་གྱི་སློབ་ཁྲིད་འོས་འཚམ་རེ་འཇོག་རིགས་ཏེ། སློབ་མས་འདས་སོང་གི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་ཅི་ཙམ་ཤེས་ན་དེ་ཙམ་གྱིས་ཤེས་རྒྱ་གཏིང་ཟབ་ཅིང་། རང་ཉིད་ཀྱི་མི་རིགས་སྤོབས་སེམས་དང་མི་རིགས་རང་ཉིད་ལ་ཡིན་ཆེས་པའི་བསམ་བློ་ཡང་དེ་ཙམ་གྱིས་བསྐྱེད་ཐུབ་ཕྱིར། ཕ་ཡུལ་འཛུགས་སྐྲུན་བྱེད་ཆེད་སློབ་སྦྱོང་ལ་འབད་འབུངས་བྱེད་པའི་ཀུན་སློང་གསོ་ངེས་སོ།།

བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ལ་ཚན་རྩལ་དང་མཚན་ཉིད་རིག་པ། ཆོས་ལུགས། གསོ་རིག སྐར་རྩིས། འཛུགས་སྐྲུན། རི་མོ། སྙན་ངག ཟློས་གར། རོལ་མོ། བྲོ་གར། བརྐོ་བཞེངས་སོགས་ཡོད་པས། སློབ་གྲྭ་ཆུང་འབྲིང་གི་བསླབ་དེབ་ནང་སླ་མོ་ནས་ཟབ་མོའི་བར་ལོ་རིམ་ལྟར་སྒྲིག་དགོས་ལ། སློབ་གྲྭ་ཆེན་མོའི་བསླབ་དེབ་ནང་རང་གི་ཆེད་ལས་ལ་འབྲེལ་བ་ཡོད་པའི་བོད་ཀྱི་གསོ་རིག་སྡེ་ཁག་དང་གནམ་དཔྱད་སྐར་རྩིས་སྡེ་ཁག ཆོས་ལུགས་སྡེ་ཁག རི་མོ་དང་བརྐོ་བཞེངས་སྡེ་ཁག རོལ་མོ་ཞབས་བྲོ་སྡེ་ཁག་སོགས་འཛུགས་འོས་སོ།།

བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་གསར་བའི་ནང་གི་གནོད་སྐྱོན་དང་རྗེས་ལུས་ཀྱི་ཤན་ཤུགས།

བོད་ཀྱི་སྲོལ་རྒྱུན་རིག་གནས་དེར་དུས་རབས་གསར་བའི་ནང་དགེ་མཚན་གྱི་ཕྱོགས་གཅིག་ཡོད་ལ། དེ་དང་མཉམ་དུ་གནོད་སྐྱོན་རྗེས་ལུས་དང་བོད་མི་རིགས་འཕེལ་རྒྱས་སུ་འགྲོ་བར་འགལ་རྐྱེན་བཟོ་བའི་ཕྱོགས་ཤིག་ཡོད་པ་སྟེ།

དང་བོ། གནའ་དུས་སུ་བོད་ཀྱིས་ཚན་རྩལ་གྱི་འོད་སྟོང་འབར་བའི་གྲུབ་འབྲས་བླངས་མྱོང་ཡང་། ད་དུང་མི་འདང་ས་མང་བ་སྟེ། གཙོ་བོ་ཚན་རིག་ཚོད་ལྟ་བྱེད་པའི་སྲོལ་དང་ཚན་རིག་མ་ལག་ཆ་ཚང་བ་ཞིག་གྲུབ་ཐུབ་མེད་པ། ཚན་རིག་ལག་རྩལ་ལ་སྤྱི་ཚོགས་ཀྱི་གོ་གནས་ངེས་ཅན་མེད་པ། ལྷག་པར་དུ་ཚན་རིག་ལག་རྩལ་དེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་དང་ནང་རྐྱེན་དུ་མ་བཀོལ་བ་བཅས་སོ།། ཉེ་རབས་ཀྱི་ཚན་རིག་ལག་རྩལ་ཐོག་མར་ཨའོ་གླིང་ནས་བྱུང་ཞིང་། མདོ་དབུས་མཐོ་སྒང་འདིར་བྱུང་མ་ཐུབ་པ་འདི་ཡང་གོང་གི་གནད་དོན་དེའི་རྒྱུ་རྐྱེན་གཅིག་ཡིན་ནོ།། བོད་ཀྱི་ལོ་རྒྱུས་སྟེང་རླབས་ཆེ་ཞིང་ཕུན་སུམ་ཚོགས་པའི་དཔལ་ཡོན་གྲུབ་འབྲས་དང་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་བྱུང་མྱོང་མོད། འོན་ཀྱང་བལྟོས་བཅོས་ཀྱིས་བཤད་ན། སྤྱི་ཚོགས་ཡོངས་ཀྱི་ཚན་རིག་སྤེལ་བའི་སྙིང་སྟོབས་མི་འདང་བ་དང་ཚན་རྩལ་གྱི་འདུ་ཤེས་མེད་པ་ནི་ཆེས་ཆེ་བའི་སྐྱོན་ཆ་ཞིག་རེད། འདིར་སྔོན་བྱས་ལེགས་ཉེས་ལ་དབྱེ་ཞིབ་བྱས་ནས་ཕྱིན་ཆད་ཇི་ལྟར་བྱེད་དགོས་པར་བསམ་ན། སྔོན་གྱི་ཁྱད་འཕགས་རིག་གནས་རྒྱུད་འཛིན་དང་ལོ་རྒྱུས་འཛིན་དང་ལོ་རྒྱུས་སྟེང་བྱུང་བའི་མི་འདང་ས་རྣམས་ཁ་སྐོང་བྱེད་རྒྱུ་ནི་ད་ལྟའི་བོད་མི་རིགས་སྤྱི་དང་། སྒོས་སུ་བོད་རིགས་ཤེས་ཡོན་ཅན་རྣམས་ཀྱི་སྤྱི་ཚོགས་འགན་ཁུར་དང་ལོ་རྒྱུས་འགན་ཁུར་ཡིན་ནོ།།

གཉིས་པ། ད་ལྟའི་དུས་རབས་གསར་བ་ནི་ཚན་རིག་ལག་རྩལ་དང་ཤེས་ལྡན་མི་སྣའི་འགྲན་རྩོད་ཀྱི་དུས་རབས་ཤིག་དང་ཚན་རིག་ལག་རྩལ་དེ་བྱ་འཕུར་བ་ལྟར་གོང་དུ་འཕེལ་བའི་དུས་རབས་ཤིག་ཡིན་པས། ང་ཚོ་བོད་མི་རིགས་ཀྱིས་ཀྱང་སྔར་ནས་རང་ལ་མངའ་བའི་ལས་ལ་བརྩོན་ཞིང་སྙིང་སྟོབས་ལྡན་པ། བློ་གྲོས་འཛོམས་པའི་སྲོལ་རྒྱུན་བཟང་བོ་དག་རྒྱུད་འཛིན་དང་དར་སྤེལ་གཏོང་བ་མ་ཟད། དེ་དང་ལྷན་དུ་དུས་རབས་གསར་བའི་དོན་སྙིང་ལྟར་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པ་སྟེ། ང་ཚོའི་ལས་ལ་བརྩོན་པ་དེ་ཡང་ལུས་ཀྱི་ཤུགས་ཆེན་འདོན་པ་དང་། ལས་ཀའི་དཀའ་སྡུག་བཟོད་པ་ཙམ་ལ་མི་བཀོལ་བར། དེ་དང་ད་ལྟའི་ཚན་རྩལ་ཟུང་དུ་སྦྲེལ་ནས་སློབ་སྦྱོང་བྱས་ཏེ་ཚན་རྩལ་སྤྱོད་འདོད་ཀྱི་འདུ་ཤེས་ཆགས་དགོས། དེ་བཞིན་དུ་ང་ཚོའི་སྙིང་སྟོབས་དེ་ཡང་བར། སྲོལ་རྒྱུན་གྱི་སྙིང་སྟོབས་དང་མིའི་བློ་རིག་མཐོར་འདེགས་བྱེད་པ་ཟུང་འབྲེལ་བྱས་ཏེ་བསམ་རྒྱ་ཆེ་ཞིང་བློ་རིག་བཀྲ་བའི་སྙིང་སྟོབས་ཅན་གསོ་སྐྱོང་བྱེད་དགོས། ང་ཚོའི་བློ་གྲོས་དེ་ཡང་སྲོལ་རྒྱུན་ཚན་རྩལ་གྱི་རྒྱུན་འཛིན་ཁོ་ནར་མི་བསྟུན་པར། སྲོལ་རྒྱུན་གྱི་ཚན་རྩལ་དང་དེང་རབས་ཀྱི་ཆུ་ཚད་མཐོ་བའི་ཚན་རྩལ། ལག་རྩལ་གསར་བ་རྣམས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། གསར་གཏོད་རང་བཞིན་དང་གསར་བཅོས་སྙིང་སྟོབས་ཡིན་པའི་བློ་གྲོས་ཅན་སྐྱེད་སྲིང་བྱེད་དགོས་སོ།།

གསུམ་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་དུས་རབས་གསར་བའི་དེང་རབས་ཅན་འཛུགས་སྐྲུན་ལ་ཕན་མེད་རྗེས་ལུས་ཀྱི་འདུ་ཤེས་རྣམས་ངེས་པར་དུ་བསྒྱུར་དགོས་པ་སྟེ། འདོད་ཆུང་ཆོག་ཤེས་དང་ད་ཡོད་གནས་ཚུལ་ལ་ཆོག་ཤེས་པ། གྲུབ་འབྲས་ཆུང་ངུས་ཡིན་ཚིམ་པ། ཞིང་ཕྱུགས་ལས་གཙོ་བོར་འཛིན་པ་དང་བཟོ་ཚོང་ལས་རིགས་ཕལ་བར་འཛིན་པ། འཕེལ་རྒྱས་རྒྱ་སྐྱེད་ཀྱི་རྒྱུ་ཆར་མི་གཏོང་བའི་གསོག་འཇོག་གཙོར་འཛིན་ཞིང་བརྩོན་ལེན་དང་འབད་འབུངས་མི་བྱེད་པའི་འདུ་ཤེས་དག་ནི་བོད་མི་རིགས་ཀྱི་འཕེལ་རྒྱས་མདུན་སྐྱོད་དང་སྟོབས་འབྱོར་མངའ་ཐང་རྒྱས་པར་གནོད་པ་མ་ཟད། ཚོང་ཟོག་དཔལ་འབྱོར་གྱི་འཕེལ་རྒྱས་དང་རིན་ཐང་ཆོས་ཉིད་ཀྱི་བཀོལ་སྤྱོད་ལ་ཡང་མི་ཕན་ནོ།།
ལུས་ཤུགས་ངལ་རྩོལ་གཙོ་བོར་བཟུང་ནས་ཀླད་ཤུགས་ངལ་རྩོལ་དང་ཐོན་སྐྱེད་ངལ་རྩོལ་གྱི་ལེགས་བཅོས་ལ་མཐོང་ཆེན་མི་བྱེད་པ་འདི་ཡང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ལ་གནོད་པར་མ་ཟད། གང་མགྱོགས་སྒོམ་བར་ཁྱད་ཆུང་དུ་གཏོང་བ་དང་མཉམ་དུ་འཕེལ་རྒྱས་མདུན་སྐྱོད་ཀྱི་ལམ་ལ་འཇུག་པར་ཡང་མི་ཕན་ནོ།།
སྲོལ་རྒྱུན་གཙིགས་སུ་འཛིན་ཞིང་དེང་རབས་ལ་མཐོང་ཆུང་བྱེད་པ་སྟེ། རང་གི་སྔར་ཡོད་མཁྲེགས་འཛིན་དང་གཞན་པ་ནང་འདྲེན་ལ་དང་ལེན་མི་བྱེད་པའི་ཕྱི་འགོག་ནང་སྡོམ་གྱི་བསམ་བློ་དེ་རང་སྟེང་གི་འཕེལ་རྒྱས་ལ་གནོད་ཅིང་། བྱ་དངོས་གསར་བ་ནང་འདྲེན་དང་གཞན་གྱི་སྔོན་ཐོག་རིག་གནས་སློབ་པ་དང་ནང་འདྲེན། དེང་རབས་ཀྱི་ཆུ་ཚད་མཐོ་བའི་ལག་རྩལ་གསར་བ་སྦྱོང་བ་དང་བཀོལ་བ་སོགས་ལ་མི་ཕན་ནོ།། སྦྱིན་པ་གཏོང་བ་ཐལ་ཆེ་བ་དང་འདོད་ཆུང་ཆོག་ཤེས་ཀྱི་རང་ལུགས་ནན་བརྩི་བྱས་ཏེ། ཆོག་ཤེས་གཏན་བདེར་འདོད་པ། རང་བྱུང་དཔལ་འབྱོར་གྱི་ཆ་རྐྱེན་འོག་གྲུབ་པའི་སེམས་པ་གཙོ་བོ་དང་དངོས་པོ་ཕལ་བར་འཛིན་པ། སྐྱེ་བ་ཕྱི་མ་གཙོ་བོ་དང་སྐྱེ་བ་འདི་ཕལ་བར་འཛིན་པ། ཕྱི་རོལ་གྱི་བརྩོན་ལེན་དང་འབད་འབུངས་ལ་སྣང་དོགས་མི་བྱེད་པ་དག་ནི། འཚོལ་ཞིབ་བྱེད་ཕོད་པ་དང་གསར་གཏོད་བྱེད་ཕོད་པ། ཧུར་བརྩོན་རྒྱལ་སྐྱོང་གི་སྙིང་སྟོབས་དག་ལ་གནོད་པར་མ་ཟད། བོད་རིགས་དར་སྤེལ་གྱི་གོ་རྟོགས་སད་པར་ཡང་མི་ཕན་ནོ།།
གཞན་བསྟེན་དང་གཞན་ལ་རག་ལས་པ་གཙོར་བཟུང་ནས། རང་མགོ་རང་འདོད་མི་བྱེད་པ། བོད་མི་རིགས་ཀྱི་གཞན་ལ་བསྟེན་པ་དང་གཞན་ལ་རག་ལས་པའི་བསམ་བློ་ཧ་ཅང་ཆེ་དྲག་ཡོད་དེ། བྱ་དངོས་གང་ཞིག་ལ་ཐུག་ན་ཡང་གསལ་བཤད་དང་། གདུང་སེམས། སྦྱིན་པ་གཏོང་བ། ཕ་མ་དང་གྲོགས་པོའི་ལྟ་སྐྱོང་དང་རོགས་རམ་ལ་རྒྱབ་རྟེན་འཆའ་བའི་གོམས་སྲོལ་ཞིག་ཡོད་དེ།༼གཞན་ལ་རེ་བ། གཞན་ལ་བསྟེན་པ། རོགས་རམ་དགོས་པའི༽སྒྱིད་ལུག་གི་བསམ་བློ་ཞིག་དེ་སྔ་ནས་བྱུང་ཟིན་པས། རང་མགོ་རང་མགོ་རང་འདོན་དང་། ཡར་ཐོན་ལྷུར་ལེན་གྱི་བསམ་བློ་མེད་དོ།། གཞན་ལ་བསྟེན་པ་གཙོ་བོ་དང་ཡར་ཐོན་ལྷུར་ལེན་གྱི་བསམ་བློ་མེད་དེ། གཞན་ལ་བསྟེན་པ་གཙོ་བོ་དང་ཡར་ཐོན་ལྷུར་ལེན་ཕལ་བ་བྱེད་པའི་སྒྱིད་ལུག་གི་བསམ་བློ་འདི་དག་གིས་ཐད་ཀར་དུ་བོད་ཁུལ་གྱི་དཔལ་འབྱོར་རིག་གནས་རྗེས་ལུས་ཀྱི་རྣམ་པར་བཟོས་ཤིང་གསར་སྐྲུན་སྟོབས་ཤུགས་ཉམས་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ནོ།།

བཞི་བ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་སྐྱེ་བ་ཕྱི་མའི་བསམ་པའི་ལྟ་བས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོལ་གྱི་སྟོབས་ཤུགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཤིང་། དངོས་ཡོད་འཚོ་བའི་བརྩོན་སེམས་ལ་མི་ཕན་པར་མ་ཟད། རང་སྟོབས་ཀྱི་ནུས་པ་འདོན་པའང་གནོད་པ་ཡོད་དོ།། བོད་རིགས་མི་དམངས་ཀྱི་སྤྱི་ཚོགས་རྒྱུ་ནོར་དང་མི་ཤུགས། དངོས་ཤུགས། དུས་ཚོད་བཅས་མི་ཉུང་བ་ཞིག་གནས་མཇལ་ཆོས་ཞུ་དང་། ལྷ་མཆོད་ཀླུ་མཆོད་ལ་བཀོལ་ནས་རང་ཉིད་འཚོ་གནས་ཀྱི་ཁོར་ཡུག་དང་། ཐོན་སྐྱེད་ཀྱི་ཆ་རྐྱེན་ལ་ཐད་ཀར་འབྲེལ་བ་ཡོད་པའི་ཚན་རིག་ལག་རྩལ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོགས་ལ་འདྲི་རྟོག་མི་བྱེད་པའམ་དོ་སྣང་བྱེད་པ་ཤིན་ཏུ་ཉུང་བ་སྟེ། རྒྱུན་དུ་འདོད་ཆུང་ཆོག་ཤེས་ལས། ངལ་རྩོལ་བཀོལ་སྤྱོད་ལ་མཐོང་ཆུང་བྱས་པས། བོད་རིགས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཞན་པ་དང་དུས་ཡུན་རིང་བོའི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་བཟོས་པ་རེད།

བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་དུས་རབས་གསར་བའི་དེང་རབས་རིག་གནས་གཉིས་ཟུང་འབྲེལ་བྱེད་དགོས།

བོད་རིགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུ་ནི་ལོ་རྒྱུས་ཀྱི་རེ་འབོད་ཡིན་ལ། བོད་རིགས་མི་དམངས་ཀྱིས་འབད་བརྩོན་གྱི་དམིགས་འབེན་ཡང་ཡིན། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དུས་རབས་གསར་བའི་དེང་རབས་རིག་གནས་གཉིས་ཟུང་སྦྲེལ་བྱེད་པ་ནི་བོད་ཀྱི་རིག་གནས་རྒྱུན་འཛིན་གསར་སྤེལ་དང་སྔོན་ཐོན་འཕེལ་རྒྱས་ཅན་དུ་སྐྱོད་པའི་ལམ་ཕྱོགས་རེད། གནད་དོན་འདིའི་ལྟ་སྟངས་ཐད། ང་ཚོས་སྲོལ་རྒྱུན་རིག་གནས་ཕྱིར་གཅོད་བྱེད་པའམ་ཁས་མི་ལེན་པ་བྱེད་མི་རུང་ཞིང་། སྣ་རྐྱང་གི་དེང་རབས་རིག་གནས་ཁོ་ནར་རེ་སྙེག་བྱས་ཏེ་སྲོལ་རྒྱུན་དོར་ཚེ། སླར་ཡང་གོམ་པ་དང་བོ་ནས་སྤོ་དགོས་པ་དང་འདྲའོ།། ཡང་སྲོལ་རྒྱུན་རིག་གནས་མཁྲེགས་འཛིན་སྒོས་དེང་རབས་རིག་གནས་སློབ་སྦྱོང་དང་བསྡུ་ལེན་མི་བྱེད་པ་ཡང་མི་རུང་སྙམ། ཁོ་བོའི་འདོད་ཚུལ་ལྟར་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་བྱེད་ཐབས་ལ༼དགེ་སྤེལ་སྐྱོན་སྤོང༽གི་རྣམ་འགྱུར་བཟུང་ནས། སྙིགས་དོར་བཅུད་ལེན་སྒོས་ང་རང་ཚོས་ཕ་མེས་ཀྱིས་བཞག་པའི་སྲོལ་རྒྱུན་རིག་གནས་ཀྱི་ཉུང་བཅུད་ངེས་པར་དུ་བསྡུ་ལེན་དང་གསར་སྤེལ་བྱས་ཏེ་དམིགས་ཚད་གསར་བ་ཞིག་ཏུ་སླེབས་སུ་འཇུག་དགོས། དེ་དང་མཉམ་དུ་དུས་རབས་གསར་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་ཆེད་ངེས་པར་དུ་སྲོལ་རྒྱུན་རིག་གནས་ལ་རིགས་དང་དབྱེ་བ་བཀར་ཏེ་ཕྱོགས་བསྡུས་དང་དག་སྒྲིག་བྱེད་དགོས། འདིའི་ཐད་ཁོ་བོས་སྒྱུར་སྒྲིག་བྱས་པའི་བོད་ཀྱི་ལོ་རྒྱུས་སྤྱི་བཤད་བཀྲ་ཤིས་བུམ་བཟང་ཞེས་པའི་ནང་འདིའི་སྐོར་ཚོད་གླེང་བྱས་མོད་ད་དུང་ཡིད་ཚིམ་པ་ཞིག་བྱུང་མེད། དཔེར་ན། བོད་ཀྱི་གསོ་བ་རིག་པར་མཚོན་ན། ང་ཚོས་ངེས་པར་དུ་གསོ་རིག་གི་དབྱེ་བ་ལ་ཁོང་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག མོ་ནད་ཚན་ཁག བྱིས་ནད་ཚན་ཁག་དབང་བོ་ལྔའི་ཚན་ཁག་བཅས་སུ་དབྱེ་དགོས།
སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་གསར་བའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ནུས་པ་ཇི་ལྟར་འདོན་དགོས་པ་ནི། མིག་སྔར་ང་ཚོས་ངེས་པར་དུ་བསམ་གཞིག་གཏིང་ཟབ་མོ་དང་ནན་ཏན་གྱིས་ཞིབ་འཇུག་བྱེད་དགོས་ངེས་ཀྱི་གནད་དོན་ཡིན་པས། ཁོ་བོའི་དྲན་ཚུལ་ལ།

༡. གོ་ལ་རང་བཞིན་གྱི་རིག་གནས་བཞུར་རྒྱུན་ས་ཁུལ་སྣ་ཚོགས་ན་འགྲེམ་སྤེལ་བྱ་བཞིན་པས། མིའི་རིགས་རིག་གནས་ལོ་རྒྱུས་བརྡ་འཕྲིན་དུས་སྐབས་དང་གནམ་ས་གཅིག་བསྒྱུར་དང་འཇིག་རྟེན་གཅིག་བསྒྱུར་གྱི་དུས་སྐབས་སུ་བརྒལ་ཡོད་པས། གོ་ལ་ཇེ་ཆུང་དང་མིའི་འབྲེལ་འདྲིས་ཇེ་ཟབ་ཏུ་གྱུར་ནས་མི་རིགས་རང་བཙན་རིང་ལུགས་དང་། རིག་གནས་ཁ་བྲལ་རིང་ལུགས་རིམ་བཞིན་རྩ་མེད་དུ་བརླག་སྟེ་ཕྱི་ཕྱོགས་སྒོ་འབྱེད་པ་ནི་ལོ་རྒྱུས་ཀྱི་རླབས་འགུལ་ཆེན་པོ་ཞིག་ཡིན། བོད་ཀྱི་སྲོལ་རྒྱུན་རིག་གནས་ཐད་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སློབ་སྦྱོང་བརྒྱུད་ནས་དེང་རབས་ཅན་གྱི་རྣམ་པར་བསྒྱུར་རྒྱུ་མངོན་འགྱུར་དང་། འཛམ་གླིང་ས་ཁ་ཕྱོགས་པ་དང་དུས་རབས་ཀྱི་བསམ་བློ་དང་སྒོ་འབྱེད་རང་བཞིན་ལྡན་པའི་མི་རིགས་རིག་གནས་སུ་འགྱུར་དུ་འཇུག་དགོས། ལྷག་ཏུ་བོད་ཡུལ་ནས་རྐང་ཚུགས་པ་དང་ཁྱད་ཆོས་མངོན་པར་གསལ་བའི་གངས་ཅན་རིག་གནས་སུའང་འགྱུར་དུ་འཇུག་དགོས།

༢. སྲོལ་རྒྱུན་རིག་གནས་ནི་བོད་ཡུལ་གྱི་དེང་རབས་ཅན་འཛུགས་སྐྲུན་མངོནའགྱུར་བྱེད་པའི་རྨང་གཞི་ཡིན། རྒྱུ་མཚན་ནི་སྲོལ་རྒྱུན་རིག་གནས་དེ་བོད་ཡུལ་དམངས་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེང་རབས་ཅན་འཛུགས་སྐྲུན་ནི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་སྟེང་གི་ཕྱོགས་ཡོངས་ཀྱི་བསྒྱུར་བཅོས་དང་ གསར་སྤེལ་ཡིན་ཞིང་། བོད་ཡུལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ནོ།།

༣.བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ཁུངས་བཙུན་རྒྱུན་རིང་དང་གཏིང་ཟབ་ཅིང་རྒྱ་ཆེ་བས། དེས་མི་རིགས་དུས་སྐབས་ཀྱི་འཕེལ་རྒྱས་རྒྱུན་བསྲིངས་ཤིང་མི་རིགས་ཀྱི་ཕུལ་བྱུང་གཤིས་རྒྱུད་དང་སྙིང་སྟོབས་གསོ་སྐྱོང་གནངས་ཏེ། མི་རིགས་གཅིག་གྱུར་དང་ཡར་ཐོན་གྱི་སེམས་ཤུགས་སྒྲིལ་བའི་ངར་ལྕགས་ཏེ། དེ་ནི་མི་རིགས་མཐུན་སྒྲིལ་མེས་རྒྱལ་གཅིག་གྱུར་གྱི་འབྲེལ་ཐག་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བསམ་བློའི་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།

༤.སྔར་ཡོན་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའིསྟེང་དུས་རབས་ཀྱི་དགོས་མཁོ་གཞིར་བཟུང་ནས་མུ་མཐུད་དུ་སྒྱུར་བཅོས་དང་གསར་སྤེལ་བྱེད་དགོས། སྒྱུར་བཅོས་དང་གསར་སྤེལ་ལྡན་ཚེ་ད་གཟོད་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དངོས་གནས་རྒྱུན་འཛིན་དང་གསར་སྤེལ་བྱས་པ་རེད། བརྩོན་ལེན་དང་གསར་སྤེལ་མེད་ཚེ། མི་རིགས་དར་སྤེལ་མེད་པས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་ཟེར་བའང་མེད་དོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།