ཤིས་ཚིག་རྡོ་རྗེ་གསུམ་གྱི་སྣང་བ།

གཙོས་ཤེས་རབ་རྒྱ་མཚོ། 
ན་མོ་གུ་རུ་བཛྲ་དྷ་ར་ཀིརྟི་ས་རཱ་ཡ།
ཆོས་དབྱིངས་དབང་སྔོན་གསར་བ་བཻཌཱུར་རྡུལ། ། 
ཡེ་ཤེས་འོད་ལྔ་རྒྱས་པའི་ཟག་མེད་ཁམས། །
གང་འདུལ་འགྲོ་བའི་ཡིད་དང་འཚམས་འཇུག་པའི། །
གསུམ་ལྡན་རྡོ་རྗེ་འཛིན་པ་གང་དེར་བསྔགས། །

གང་ཞིག་ཐུགས་བསྐྱེད་རྡོ་རྗེའི་མེ་ཏོག་སྙིང་རྗེ་ཆར་བ་འབུམ་གྱིས་བརླན་པ་འཛིན་གྱུར་པའི། །
ཐབས་ཤེས་འོ་མའི་བྲན་པ་དང་བཅས་རྒྱལ་སྲས་མྱུ་གུའི་རྐང་འཐུང་སོར་མོའི་འོད་རིས་ནི། །
ཚོགས་གཉིས་ནོར་བུའི་བ་གམ་ལ་མཐོང་ཀུན་ནས་མཛེས་པའི་ཡོན་ཏན་དམ་པའི་དྲི་བསུང་གིས། །
བགྲང་ཡས་གདུལ་བྱའི་ཡིད་ནི་ཅི་ཡང་བཅིང་བ་བསོད་ནམས་མ་ལུས་ཐོབ་པ་གང་གི་སྐུ། །

མཚན་དཔེ་གསར་བ་འབུམ་རྫོགས་པའི། །
ལུས་ཀྱི་འཁྲི་ཤིང་དང་པོའི་ཁམས། །
སྒ་རིགས་རྫིང་བུར་ལ་འཕོས་པའི། །
གྲགས་པ་སུམ་རྩེན་མཐོངས་སུ་ཕྱིན། །

ཐུགས་ཀྱི་ཤིང་རྟ་ཐར་བ་ཡི། །
གླིང་བགྲོད་འགྲོས་བཟང་མྱུར་ཆེས་པས། །
བསྟན་ལ་དད་པ་ལྷུར་ལེན་པའི། །
འཕྲིན་ལས་སྒོ་འཕར་དང་པོར་ཕྱེ། །

སྐྱེས་རབས་དམ་པའི་ཕྲེང་མཛེས་པའི། །
འདུན་ལྡན་ཡིད་ཀྱི་བརྟན་པ་ནི། །
སྲིད་པའི་དགའ་བ་ལས་ལྡོག་པའི། །
སྙིང་སྟོབས་ཀུན་ལ་འདྲིས་པར་བྱས། །

ཐོས་བསམ་གཤོག་ཡངས་ཀྱིས་བཏེགས་པའི། །
ཐར་བ་དགེ་བའི་བློ་ཡི་ཚོགས། །
དཀར་བའི་གླང་པོ་དབང་ཕྱོགས་ཀྱི། །
བཀྲ་ཤིས་ཚལ་ལ་དགྱེས་པར་ཞུགས། །

དེ་ཝཱི་ཤཱི་ལའི་ཞབས་སྐྱེས་རྡུལ། །
བསམ་སྦྱོར་སྙིམ་པས་བཅུས་པའི་བཅུད། །
བཀའ་པོད་གཞུང་བརྒྱའི་ཉིང་ཁུ་ནི། །
འཛིན་ལ་དཔལ་ལྡན་གཉིས་པ་གང་། །

འདུས་ཚོགས་འཕྲོག་བྱེད་དང་འགྲོགས་པའི། །
ཐོས་བསམ་བདུད་རྩི་ལ་འཐུང་བས། །
ཆོས་ཚུལ་ནམ་མཁའ་མཛོད་ཀྱི་དཔྱ། །
སྐལ་བའི་མཐོངས་ལས་བརྒལ་མ་གྱུར། །

ཧ་ས་བཛྲ་བཀའ་ལུང་གི། །
མེ་ཏོག་མ་ལུས་ཅོད་པན་གྱི། །
རྒྱན་དུ་ཐོགས་པའི་མུ་ཏིག་ནི། །
ཡོངས་སུ་འཛིན་ལ་ཐུགས་སྟོབས་འཕེལ། །

མདོ་རྒྱུད་ནགས་ཀླུང་མཐིལ་ཕྱིན་པའི། །
ཉམས་རྟོགས་ཟླ་བ་གསར་བའི་རིས། ། 
སྲིད་གསུམ་ཡོན་ཏན་རྣམ་བཀྲ་བ། །
མཆོག་གི་དམ་པའི་སྤྱན་གྱིས་གཟིགས། ། 

སྙིགས་དུས་ཙན་དན་ལྷུང་གྱུར་པའི། །
བརྟུལ་ཞུགས་མུན་པའི་ཚོགས་རྣམས་ཀྱིས། །
སཱ་ལུའི་སྨན་ལྗོངས་ཞིག་པ་ན། །
ཁྱོད་ཐུགས་རུས་སྦལ་སྟོབས་ཀྱིས་རྫུ། །

ཐུགས་བསྐྱེད་གསེ༷ར་གྱི་ཤིང་རྟ༷་ལ། །
བརྒྱུས་པའི་ཆོས་སྡེ་སེ༷་མོ་དོ། །
བརྩེ་ཆེན་ར༷་བར་ཚུར་བླངས་ཏེ། །
བཤད་སྒྲུབ་ཡལ་ག་རྒྱས་པར་མཛད། །

སེམས་དཔའ་དམ་པའི་ཀླུ་དབང་ལས་སྤྲུལ་བའི། །
ལེགས་བཤད་སྤྲིན་ཕུང་མན་ངག་ཆུ་རིས་ཅན། །
ཟབ་རྒྱས་དབྱར་རྔ་མཐོན་པོའི་གད་བརྒྱངས་ཀྱིས། །
འཕྲལ་ཡུན་མདོངས་མཐའི་སྒྲོ་གུར་རྫོགས་པར་གྲོལ། །

བློ་ཆེན་ཚངས་པ་ལས་བརྒལ་ཀྱང་། །
དམ་ཆོས་འཚོལ་ལ་རིངས་པའི་ཡིད། །
བགྲང་བྱའི་རི་བོས་ཁེགས་མིན་པར། །
མཛད་འདི་སེམས་དཔའ་ཉིད་དུ་སེམས། །

འཇམ་དབྱངས་མི་ཡི་ཟློས་གར་གྱིས། །
བྱིན་རླབས་ཕྱག་རྒྱའི་གཟུགས་འཆང་བ། །
ངེས་དོན་བཤེས་གཉེན་འབུམ་གྱི་ཀླུང་། །
ཁྱོད་ཐུགས་ཆུ་གཏེར་ཀློང་དུ་རྫོགས། །

ཁྱོད་ཞལ་ཙནྡན་ཁུ་བ་ལ། །
དགྱེས་པའི་སྲིད་ཞིའི་དབང་པོ་ཡི། ། 
ལྷ་མིའི་མདུན་ས་ག་ལ་བར། །
མི་ཕམ་རྒྱལ་བའི་གོ་འཕང་འཛིན། །

དགེ་ལེགས་འོད་སྣང་འགྱེད་པའི་ཕྲེང་། །
ཉམས་རྟོགས་ཟླ་བས་འཛིན་གྱུར་བའི། །
ཆོས་ཚུལ་ག་བུར་ཐིགས་ཕྲེང་གིས། ། 
ས་སྟེང་ཀུ་མུད་ལྷོད་མ་གྱུར། །

ཀུན་ཏུ་རྒྱལ་བ་སྲས་བཅས་ཀྱི། །
གསང་གསུམ་སྨན་དང་མཉམ་སྦྱོར་ཞིང་། །
འཁོར་འདས་གཉིས་མེད་དཀྱིལ་འཁོར་གྱི། །
རབ་འབྱམས་གཟིགས་སྣང་མཐོ་རུ་ཕྱིན། །

ཐུབ་དབང་བསྟན་པའི་སྐྱེད་ཚལ་མཛེས་བྱེད་འཕགས་བོད་བཤེས་གཉེན་ཀུན་ཏུ་འགྲོས་ལྡན་བ་ཀུ་ལའི། །
ཐོས་པའི་བློ་གྲོས་འདབ་མ་མཁྱེན་རབ་ཁ་ཕྲུ་ཟེགས་པས་རྣམ་པར་འབྱེད་པ་ལྷུར་བྱས་པས། །
བཤད་སྒྲུབ་ཀུན་ཏུ་སྤེལ་བའི་ཐུགས་ནི་མི་གཡོ་ཏིང་འཛིན་ལ་བརྩོན་སྤྱོད་ལམ་ཞི་བའི་རྒྱུན། །
གྲངས་མེད་གངྒཱའི་ཀླུང་དང་རོ་གཅིག་དགེ་ལེགས་ཚུལ་འདི་ཁོ་ནས་དད་པའི་བ་སྤུ་གཡོ། ། 

དེ་ལྟའི་ལེགས་མཛད་སྣང་བྱེད་ནོར། །
སྐལ་བ་དམ་པའི་འཁོར་ལ་ནི། །
རྫོགས་ལྡན་དང་པོ་འབོད་བཞིན་དུ། །
འཕྲིན་ལས་དབང་ཕྱོགས་ཕྲག་ལ་འཛེགས། །

གང་གི་ཞབས་སྐྱེས་རིན་ཆེན་ལྷུན་པོ་ནི། །
པད་རཱག་སྐུ་ཅན་རྣམ་རྒྱལ་དཔལ་འཛིན་ལྷ།།
ཡིད་བཞིན་འཁོར་ལོའི་ཉིད་དང་དབྱེར་མེད་པར།།
བཞུགས་པའི་སྐལ་བཟང་སྩོལ་ལ་གསོལ་བ་འདེབས།།

མགོན་ཁྱོད་ཡོན་ཏན་རྒྱ་མཚོའི་རྡུལ། །
ཆ་ཤས་བླངས་པའི་བསྟོད་ཚིག་གིས། །
ངག་འདི་དོན་ཡོད་ཉིད་གྱུར་ཏེ། །
སྨྲ་བ་དམ་པའི་མཐར་སོན་ཤོག །

   ཅེས་འདུལ་བ་འཛིན་པ་ཆེན་པོ་མཁྱེན་རབ་དང་ཐུགས་རྗེ་དམ་པའི་ཞགས་པས་ས་གསུམ་གྱི་འགྲོ་བ་མ་ལུས་པ་བཅིངས་པའི་བདག་ཉིད་ཅན། ཡོངས་རྫོགས་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་བཙུན་གྲགས་པ་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་དགུང་གྲངས་དགུ་བཅུར་བཞེས་པའི་དུས་སྟོན་དང་འབྲེལ་བར་ཤིས་པར་བརྗོད་པའི་རབ་ཏུ་བྱེད་པ་འདི་དམ་པ་གོང་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ལ་གཏིང་ནས་མོས་པ་ཐོབ་པའི་གྱི་ན་པ་གཙོས་ཤེས་རབ་རྒྱ་མཚོས་རབ་གནས་ཆུ་ཕོ་སྟག་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་ལ་མདོ་སྨད་གཙོས་དགའ་ལྡན་ཆོས་གླིང་ནས་བྲིས་ཏེ་ཕུལ་བ་དགེ།        །།       ༢༠༢༢-༦-༢༨

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།