གྲིབ་མ། མགོ་ལོག
ལི་ཁྲིའི་མེ་ཏོག་འདབ་མཛེས་སྐུ་ལ་བརྗིད། །
བསླབ་གསུམ་གེ་སར་འབྲས་བུ་ཁུར་དུ་དུད། །
བརྒྱད་ཁྲི་བཞི་སྟོང་ལྟ་དགོངས་ཡང་ཏིག་ཉིད།།
རྒྱལ་བསྟན་སྟོན་པ་དམ་པས་རྟག་སྐྱོང་མཛོད། །
སྐུ་ནི་ཙོང་ཁའི་བསོད་ནམས་ཞིང་དུ་འཚེར། །
མཚན་ནི་སྲིད་གསུམ་ཏོག་ཏུ་ལྷང་ལྷང་སྒྲོག།
ལྷ་མིའི་ཆོས་ཀུན་ཡིད་ཀྱི་ཡོལ་གོར་འཆང་། །
དྲང་སྲོང་བདེན་པའི་མུ་ཏིག་བརྒྱན་དེར་འདུད། །
ཡུམ་རྗེ་ཤིང་བཟའི་དཀར་སིང་དབུ་སྐྲ་ཡིས། །
བློ་སྣ་ཐོས་བརྩོན་ཉི་འོད་བྲལ་མ་བྱས། །
འདུས་སྡེ་ལི་ཁྲིའི་རྒྱ་མཚོ་ཆེར་འཕྱུར་བར། །
འཆད་རྩོད་འཛད་མེད་སྦྲང་ཆར་དཔྱིད་དུ་དྲངས། །
སྙིང་སྟོབས་ཞུམ་མེད་གངས་ཀྱི་སེང་གེ་ལ། །
དམ་བཅའ་ལྷོད་མེད་ཕ་ལམ་གཤིས་མངའ་བ། །
ལས་ཀྱི་མེ་ཏོག་སད་ཀྱིས་མ་བཅོམ་པར། །
ཆོད་སེམས་དང་པོ་གཅེས་པའི་སྲོག་ཏུ་མཐོང་།།
དབྱངས་ཅན་རྒྱུད་མངས་གདངས་ཀྱི་བཅུད་འདུས་པའི། །
སྣང་སྲིད་གླུ་རུ་བཀུག་པའི་ཚིག་གི་དཔལ། །
ལྷ་མི་བདེན་པའི་ཨམ་ཅོག་འཆིང་རྣམས་ལ། །
སྐྱེ་རབས་སྟོང་གི་ཕྲེང་བར་དབྱངས་སྙན་དཀྲོལ། །
དད་གསུམ་གཡོ་བ་མེད་པའི་མཐུ་སྟོབས་ཀྱིས། །
ངག་དཔལ་བསྟོད་བཞིའི་འཇའ་རས་རྣམ་པར་བཀྲ། །
སྨོན་ལམ་ཐུགས་སྐྱེད་ལེགས་ཚོགས་ཀུན་བཀྲ་བས། །
མཛད་བཞིའི་གཟི་འོད་གངས་རིའི་ཁོངས་ན་འཚེར། །
སྡེ་སྣོད་ཐུགས་ཀྱི་ནམ་མཁར་ཚེས་པ་ཡི། །
སྣང་སྲིད་གླུ་རུ་བཞེངས་མཁས་ཙོང་ཁ་པ། །
རྐྱེན་བགེགས་ཁྲི་སྟོང་བར་དུ་ལྷགས་གྱུར་ཀྱང་།།
ཐུགས་སྐྱེད་དམ་བཅའ་སྒྲོན་མཁས་ཙོང་ཁ་པ།།
བགྲང་བྱ་དྲུག་བརྒྱའི་སྐར་འོད་དབྱིངས་སུ་གསལ། །
གསུང་ཆོས་ཡང་དག་རིན་ཆེན་དེ་དང་ལྷན། །
བདག་ནི་སྐལ་དམན་ཉིད་སྐུ་མ་མཇལ་ཀྱང་། །
འདི་ཕྱིའི་དྲང་ལམ་སྟོན་མཛོད་ཙོང་ཁ་པ། །
༢༠༡༩. ༡༢. ༢༡ཉིན་ཏེ་རྟ་ཟླའི་ཚེས་ཉེར་ལྔ་ལ་སྦྱར་རོ།