སྒྲོ་སྡུག་རྨ་བྱ་སྙིང་རྗེ།

        འཆི་མེད།    

ན་ནིང་ཉོས་པའི་རྨ་བྱ།།
ཁྱིམ་མཚེས་རྒན་མོས་བརྐུས་སོང་།།
ད་ནངས་རྨ་སྒྲོ་བྲེགས་ནས།།
མིག་གི་མཐོང་སར་ཁྲིད་ཡོང་།།

སྐེ་ལ་ཐག་པ་བཞག་པའི།།
རྨ་སྒྲོ་ཐིག་ལེ་བྲེགས་པའི།།
སྒྲོ་སྡུག་རྨ་བྱ་སྙིང་རྗེ།།
ངའི་རེད་ཟེར་ས་མི་འདུག།

གཞེས་ནིང་བྲིས་པའི་རྩོམ་ཡིག།
ཁྱིམ་མཚེས་རྒན་མོས་བརྐུས་སོང་།།
ཚེག་གཉིས་ནང་ནས་བླངས་རྗེས།།
ང་ཡི་མིག་ལམ་ཁྱེར་ཡོང་།།

མགོ་རྔའི་ཚེག་རེ་བླངས་པའི།།
རང་ལུས་དུམ་བུར་གཏུབ་པའི།།
ང་ཡི་རྩོམ་ཡིག་སྙིང་རྗེ།།
ངའི་རེད་ཟེར་ས་མི་འདུག།

དགུ་ནིང་བཤད་པའི་སྐད་ཆ།།
ཁྱིམ་མཚེས་རྒན་མོས་བརྐུས་སོང་།།
ར་མགོ་ལུག་སྦྱར་བྱས་ནས།།
ང་ཡི་རྣ་བར་གྲགས་ཡོང་།།

བརྙན་འཕྲིན་ནང་ནས་བླངས་པའི།།
རྩོམ་དེབ་ངོས་ནས་བཤུས་པའི།།
ང་ཡི་སྐད་ཆ་སྙིང་རྗེ།།
ངའི་རེད་ཟེར་ས་མི་འདུག།

ཉིན་དཀར་ཉི་མ་འདི་རེད།།
མི་ཚོགས་བཞུར་སའི་ཁྲོམ་རེད།།
ཕྱིན་ཆད་བརྐུ་བར་མ་ཡོང་།།
གཟུགས་མེད་རྙི་ཞིག་བཙུགས་ཡོད།།

རྐུན་མ་རྐུན་མ་ཟེར་ནས།།
ཀི་རིང་འདེབས་ས་མི་འདུག།
ཁྱིམ་མཚེས་ཁ་རུའི་བར་རེད།།
དྲ་རྩིག་བར་ནས་ཁྱེར་ཙུག།

འདོ་བ་རྐྱང་རྒོད་ཁྱེར་ནས།།
ར་མདར་གློད་ཐག་མི་འདུག།
བྱ་བསྲེག་དྲི་མ་འཁྲིས་རེད།།
བྱ་སྤུ་སྒོ་ཁར་གཡེངས་འདུག།

རལ་གྲི་བཏབ་པ་ལད་མེད།།
རྟ་རྔ་སྟོང་གཤགས་འགྲོ་ཡང་།།
ཁྱིམ་མཚེས་རྒན་མོའི་སྲོག་ལ།།
ང་ཡང་འཕངས་ནི་ཞིག་རེད།།

2022.1.19ཉིན་འཆི་མེད་ཀྱིས་གློ་རྡེག་ཏུ་བྲིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།