བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་།།
འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཟེར།།
མགོན་པོ་ཡིས་ནི་གང་དགོངས་པ།།
སེམས་ཅན་རྣམས་ལ་དེ་འབྱོར་གསུངས།།
སྟོན་པ་ཐུབ་པའི་དབང་བོ་དང་།།
རྒྱ་གར་པཎ་གྲུབ་བཅུ་བདུན་སོགས།།
བཀའ་གདམས་མཁས་རྣམས་ཐམས་ཅད་ལ།།
གསོལ་འདེབས་སྙིང་ནས་བདག་ཕྱག་འཚལ།།
ངག་གི་དབང་ཕྱུག་འཇམ་དཔལ་དབྱངས།།
སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ།།
རླུང་རྟའི་ལྷ་ཚོགས་རྒྱལ་བའི་ཡུམ།།
བྱིན་རླབས་དངོས་གྲུབ་ཆར་བཞིན་ཕོབས།།
སྐྱབས་གསུམ་ཀུན་འདུས་བླ་མ་དང་།།
ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས།།
བཀའ་སྡོད་བསྟན་པ་སྲུང་རྣམས་ཀྱིས།།
འཕྲིན་ལས་དབྱེར་མེད་སྡོང་གྲོགས་མཛོད།།
རྨི་ལམ་དུ་ཡང་ཆོས་རྣམས་ཀུན།།
འགྲོ་རྣམས་ཞི་བའི་ལས་མཛད་པ།།
བཀའ་གདམས་ཉམས་ལེན་ལྷུར་བཞེས་པ།།
ཡོངས་འཛིན་གྲགས་པ་རྒྱ་མཚོར་འདུད།།
ཚུལ་ཁྲིམས་གཙང་མའི་ཉམས་བརྒྱས་ཕྱུག།
ལེགས་བཤད་མཛོད་བརྒྱའི་གཏེར་དུ་གྲུབ།།
ཟབ་ཡངས་མཁྱེན་བརྩེའི་དཔལ་གྱུར་པ།།
འདུལ་འཛིན་བྱེ་བའི་རྒྱན་དེར་འདུད།།
མདོ་དབུས་ཁམས་ན་མི་བཞུགས་པའི།།
ཆོས་རྒྱུད་དཀོན་པོ་ཁོང་ལ་མངའ།།
རྒྱ་གར་ཡུལ་ནས་མ་རྙེད་པའི།།
གདམས་ངག་མགོན་པོ་གང་ལ་བསྩལ།།
རྒྱ་སྟག་དམར་བོའི་མཆེ་བར་ནས།།
ཏིང་འཛིན་སྒོམ་པ་མ་ལྷོད་པར།།
ཉམ་ཐག་ཉོན་མོངས་གཙེས་པའི་བུ།།
བྱང་ཆུབ་ལམ་གྱི་གཞུང་ལ་ཁྲིད།།
དེང་སྐབས་སྙིགས་མ་ལྔ་བདོའི་དུས།།
སྐྱེས་ཆེན་དམ་པ་ཟེར་ན་ཡང་།།
འདུལ་འཛིན་ཁོང་ལས་ཉམས་ལེན་པ།།
གདམས་ངག་མཁན་པོ་ཉུང་ཉུང་ཡིན།།
མཐོང་བའི་མོད་ལ་དད་པའི་སེམས།།
རྩེ་གཅིག་ཡིད་ཀྱི་ཏིང་ངེ་འཛིན།།
དམིགས་རྣམས་འཁྲུལ་བ་མ་མཆིས་ཏེ།།
སངས་རྒྱས་དངོས་དང་ཁྱད་པར་ཅི།།
ཧ་ཅང་ཐུགས་བདེ་བག་ཕེབས་ཀྱིས།།
ད་ནི་ཆོས་གོས་མནབས་དགོས་གསུངས།།
མཉམ་གཞག་ལྟ་བུའི་ཏིང་འཛིན་ངང་།།
ཞིང་གཞན་དུ་ནི་ཕེབས་ལ་དགྱེས།།
སྤྱི་ལོ་ཉིས་སྟོང་ཉེར་གསུམ་ལོའི།།
ཧོར་ཟླ་བརྒྱད་པའི་ཚེས་ཉེར་དྲུག།
ཉི་ཤར་ཆུ་ཚོད་དགུ་བའི་སྟེང་།།
དགོངས་པ་ཆོས་ཀྱི་དབྱིངས་སུ་འཐིམས།།
དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ།།
འཚོ་གཞེས་སྐབས་ཀྱི་ཞལ་ཆེམས་བཞིན།།
ཉིན་བདུན་རིང་ལ་ཐུགས་དམ་བཞུགས།།
དགོངས་རྫོགས་དུས་མཆོད་རྒྱ་ཆེན་བསྒྲུབས།།
གཟིམ་ཁང་ནང་དུ་དྲི་ཞིམ་དང་།།
བར་སྣང་ལ་ནི་མེ་ཏོག་ཆར།།
ཀུན་གྱི་དབང་བོའི་སྤྱོད་ཡུལ་དུ།།
གྱུར་པ་ངོ་མཚར་སྒྲོ་འདོགས་མིན།།
ཁོང་གི་རྣམ་དག་སྐུ་ལུས་ལ།།
སྐྱོན་མེད་བཙུན་པའི་རིགས་དག་གིས།།
རིགས་ལྔ་པྲོག་ཞུ་གསོལ་བྱས་ནས།།
གསེར་གྱི་ཁང་བཟང་ནང་དུ་བཞུགས།།
གདུང་བཅོས་ལེགས་པོར་གྲུབ་ནས་སུ།།
དད་ལྡན་སེར་སྐྱའི་གདུལ་བྱ་ལ།།
ཉིན་གཅིག་དུས་ཚོད་བེད་སྤྱད་ནས།།
བྱིན་རླབས་མཇལ་ཁ་སྙིང་ལ་བསྩལ།།
ཕྱི་ཉིན་མཚན་གུང་ཕར་ཡོལ་དུས།།
སྐུ་གདུང་གྲྭ་ཚང་ལྷན་ཅིག་ཏུ།།
ཚོགས་ཆེན་འདུ་ཁང་གཡས་སྐོར་བཅས།།
སྤྱན་འདྲེན་ཚོགས་མཆོད་ངོ་མཚར་ཆེ།།
ངུ་ངག་མེད་ཀྱང་མིག་ཆུའི་བརླན།།
ས་རུ་ཟགས་པའི་ངང་ཚུལ་འདིས།།
དམིགས་མེད་དབྱིངས་ཀྱི་དྲི་ཟའི་ཚོགས།།
ཕལ་ཆེར་འདོད་པས་མྱོས་གྱུར་བསམ།།
སྐར་མའི་ཚོགས་ཀྱི་མིག་ཆུ་དང་།།
ཁ་བའི་འདབ་མ་མེ་ཏོག་བཞིན།།
ངུར་སྨྲིག་གོས་ཀྱི་མདངས་ལ་འཐིམས།།
གདུང་དབྱངས་སྙན་མོ་སྙིང་ལ་བསུས།།
རས་ཡུག་དམར་བོའི་གས་སྲུབ་ན།།
ཞལ་རས་གདོང་གི་མིག་ཆུ་ཡང་།།
ཤམ་ཤུམ་ས་ལ་ཟགས་པ་འདི།།
ཕྱག་ན་པདྨོས་གཟིགས་ཡོད་སྙམ།།
སྐུ་གདུང་འདེགས་པའི་ངུར་སྨྲིག་སྡེ།།
སྐྱོ་དབྱངས་ངག་གི་གསོལ་འདེབས་ཚིག།
ས་ཡིས་མ་ཐེག་རྒྱ་མཚོའི་རླབས།།
འཕྱུར་ཡོང་སྙམ་ན་འཇིགས་དངངས་སྐྱེ།།
ཟླ་བས་མིག་ཟུང་ཅེར་ནས་ལྟ།།
སྐར་མས་ལུས་ཕུང་འདར་བཞིན་ངུ།།
སྤྲིན་ཕུང་ཡོམ་ཡོམ་ཤུགས་རིང་འབྱིན།།
རང་བྱུང་ཁམས་ཀྱང་སྐྱོ་བས་མནར།།
མདོ་སྔགས་གཞུང་གི་མདུད་བརྒྱ་གྲོལ།།
ཉམས་ལེན་གདམས་པའི་གནད་རྣམས་ངེས།།
ཁོང་ཉིད་ཞི་བར་གཤེགས་ཚུལ་འདིས།།
བསླབ་གསུམ་ཁྲིམས་ཀྱི་ངེས་འབྱུང་རྟོགས།།
དྷཱིཿསྐད་དབྱངས་ཀྱི་ཆོས་སྒྲ་དེས།།
བཙུན་ཆུང་ངུ་ངག་ཨ་ལ་དྲངས།།
ཕྱག་ཟུང་ཐལ་མོའི་རྡེབ་སྒྲ་དེས།།
སྤྱན་རས་གཟིགས་ལ་བརྡ་ཞིག་བཏང་།།
ཆོས་གོས་རྣམ་གསུམ་ལྷད་མེད་མདངས།།
སྐྱོ་གདུང་མིག་ཆུས་གཞན་དུ་བསྒྱུར།།
དགུན་གསུམ་ཉི་མར་དྲོད་མེད་པས།།
སྐམ་ཐག་ཆོད་རྒྱུ་དེ་བས་དཀའ།།
གཟན་སྣེ་ཁུགས་པ་མགོ་ལ་འགེབས།།
ཕྱག་ཟུང་ཐལ་མོ་ཐོད་ལ་འཇོག།
སྡོང་ཕྲུག་ཕྲེང་བ་བྲང་ལ་འཕུར།།
དབུགས་རྒྱུན་ཆད་ནས་འཆོར་བ་མང་།།
བླ་མའི་སྐུ་གཟུགས་གང་བཞུད་ཟེར།།
ཐུགས་ཀྱི་ལུང་རྟོགས་ཡོན་ཏན་ཞེས།།
ད་ནི་མགོན་མེད་དྭ་ཕྲུག་བཞིན།།
ཁེར་རྐྱང་གར་འགྲོ་ཟེར་ནས་ངུ་།།
སེར་ཕྲེང་བསྒྲིགས་པའི་གྲྭ་བཙུན་དག།
གཡས་གཡོན་གཉིས་ནས་མགོ་བོ་དུད།།
ངུ་ངག་དབྱངས་རྟའི་ཆོས་ཀྱི་སྒྲས།།
དམིགས་རྣམ་མ་ལུས་སེམས་ལ་མྱོང་།།
གདུང་དང་ང་ཚོ་ལམ་ལ་ཆས།།
དགོན་དང་གྲྭ་ཚང་གདན་ལ་བཞུགས།།
ཁོང་དང་དད་པའི་བར་ཐག་དེས།།
ས་དང་བར་སྣང་སྟོང་བར་བཞག།
ང་ཚོ་མདུན་ནས་མདུན་དུ་བསྐྱོད།།
ཁོ་ཚོ་རྗེས་ནས་རྗེས་སུ་ལུས།།
ཕྱག་ཟུང་ཐལ་མོའི་བར་སྟོང་ན།།
རྣམ་དག་སྨོན་ལམ་སྙིང་ལ་གཟན།།
དཀྱོག་མཚམས་མང་བོའི་ལམ་སྣེར་འཇུས།།
རླངས་འཁོར་གཅིག་རྗེས་གཅིག་ལ་མཐུད།།
གདུང་སེམས་ལྕི་བའི་དབུགས་རྒྱུན་གྱིས།།
ཤེལ་སྒོའི་ངོས་ལ་རླངས་པ་བྱུགས།།
མཇལ་ཐེངས་རེ་ལ་གསུངས་པའི་ཚིག།
དྲན་པའི་མེ་ལོང་ངོས་སུ་བཀྲ།།
ཞི་བར་གཤེགས་པའི་ཚུལ་མཐོང་ཡང་།།
བཞུགས་ཡོད་འདྲ་བའི་སྣང་བ་འབྱུང་།།
རྒྱ་གར་བོད་དང་བལ་ཡུལ་སྤྱི།།
ཆོས་འབྲེལ་དངོས་ཐོབ་སློབ་ཚོགས་ཀྱིས།།
སེམས་ཀྱི་ཉི་ཟླ་གཟིམས་སོང་ཞེས།།
མུན་པའི་ཀློང་ན་ལག་རྙོབ་བྱེད།།
སེ་འབྲས་དགེ་གསུམ་བཀྲ་ཤིས་འཁྱིལ།།
དགེ་ལྡན་ཆོས་གྲྭ་མཐའ་དག་ན།།
ཆོས་རྒྱུད་སྐོར་ཞིག་ཆད་སོང་ཞེས།།
དགེ་བཤེས་མང་བོས་གླེང་བཞིན་འདུག།
ཁོང་གི་ཚབ་ཏུ་ང་ལྟ་བུ།།
བརྒྱ་ཕྲག་ཤི་ཡང་མི་འགྱོད་དེ།།
བསོད་ནམས་དམན་པའི་ཞིང་འདི་ལ།།
ཇི་འདྲའི་ལས་དང་སྐལ་ངན་ཞིག།
འཁོར་བ་ན་ཡང་ཆོས་རྣམས་ཀུན།།
རྣམ་སྨིན་ལས་ཀྱི་འབྲས་བུ་ཡང་།།
ཆུད་མི་ཟ་བ་བདེན་མོད་ཀྱང་།།
ཁོང་ཉིད་ལྷག་ན་ཅིས་མ་ལགས།།
ད་རེས་མ་བཞུགས་མགོན་པོ་ཁྱེད།།
དགའ་ལྡན་ཡུལ་ལ་བདེ་བར་བཞུད།།
མ་འོངས་རེ་བ་བོད་ཡུལ་དུ།།
ཐུགས་དམ་མཛད་ལ་འཕྲིན་ལས་བཅོལ།།
ལེ་དབར་སྟོང་ཕྲག་དུ་མ་བརྒལ།།
རི་ཆུ་ཁ་བས་ལམ་འཕྲང་གཤེགས།།
ཙག་རླུང་འཁུན་སྒྲ་གདོང་གིས་བསུས།།
ཡིན་ཡང་བར་ཆད་བླ་མས་སྲུངས།།
བར་སྣང་ཁམས་ཀུན་སྟོང་བར་ལུས།།
ས་གཞིའི་ངོ་གདོང་རྡུལ་གྱིས་ཟགས།།
འགྲོ་རྣམས་སྙིང་ལ་གས་ཆག་ཐེབས།།
བླ་མ་བཞུད་པའི་གདུང་སེམས་ཡིན།།
ཨ་མདོ་དགེ་བའི་བཤེས་གཉེན་ཏེ།།
འཇམ་དཔལ་རོལ་བའི་བློ་གྲོས་ཀྱིས།།
རྒྱལ་དབང་ཧོར་ཆེན་ཞྭ་དམར་སོགས།།
མཁས་གྲུབ་མང་བོའི་ཞབས་ལ་བསྟེན།།
རབ་བྱུང་བཅོ་ལྔའི་ས་བྱི་ལོར།།
རྨ་སྨར་བྱང་འབྲོག་འབངས་ལ་བསྒྱུར།།
དབང་ཆེན་དཔོན་དང་མཆོད་ཡོན་འབྲེལ།།
སྙམ་མོ་དགེ་ལྡན་གླིང་འདི་བཏབ།།
བླ་མ་དམ་པའི་ཐུགས་སྨོན་ཡང་།།
དབེན་གནས་འདི་དང་འབྲེལ་ཆེ་བས།།
དགེ་འདུན་མང་བོས་བསུ་མ་བཅས།།
སྐུ་གདུང་ཞག་གཅིག་བཞུགས་སུ་གསོལ།།
ཕྱི་ཉིན་ཞོགས་པ་སྔ་མོའི་དུས།།
སྙམ་མོ་དགོན་གྱི་རི་སུལ་ལ།།
འོད་ལྔའི་གུར་ཁྱིམ་ཕུབ་པ་ཡང་།།
དད་ལྡན་སེམས་ཀྱི་དྲོད་དུ་གྱུར།།
རྒྱབ་རིའི་ངོས་ཀྱི་སློབ་དཔོན་ཡང་།།
གདན་དུ་མ་བཞུགས་ཡར་ལ་བཞེངས།།
གཟུགས་མེད་ཡི་དྭགས་ཚོགས་རྣམས་ཀྱང་།།
རེ་ཞིག་བརྒྱལ་ནས་ས་ལ་འགྱེལ།།
ཐོ་རངས་སྐར་ཆེན་མཁའ་ལ་བཏེགས།།
སྨུག་སྤྲིན་ཟིལ་བ་རྫ་ལ་གཏོར།།
རི་ལུང་ཁུགས་སོའི་ལྟེབ་མ་སྟོང་།།
གདུགས་དང་རྒྱལ་མཚན་རང་བྱོན་ཡིན།།
སེ་ར་དགོན་དང་ངུར་སྨྲིག་སྡེ།།
དད་པའི་སྟོབས་དང་མཇལ་བ་སྟོང་།།
སྡུག་བསྔལ་ན་ཟུག་སེམས་ཀྱི་རྨས།།
བླ་སློབ་དམ་ཚིག་གཙང་མར་ངེས།།
གྲྭ་ཚང་རྒན་གཞོན་རིམ་བཞིན་དུ།།
ལམ་གྱི་གཡས་སུ་སེར་ཕྲེང་བསྒྲིགས།།
མགོ་བོ་དུད་ནས་གསོལ་འདེབས་ཀྱི།།
དབྱངས་རྟ་བླ་མའི་གདུང་ལ་ཐིམ།།
སྐུ་གདུང་མཐོང་བའི་མོད་ཉིད་ལ།།
སྡུག་བསྔལ་སྨྲ་བསམ་བརྗོད་ལས་འདས།།
ཁོང་དང་སེ་ར་གྲྭ་ཚང་འདིའི།།
འབྲེལ་བ་གཞན་དང་འདྲ་ལེ་མིན།།
ཁོང་ཉིད་མ་བཞུགས་དྭ་ཕྲུག་གཅིག།
ས་མཐའི་ཡུལ་གྱི་ཕྱོགས་ཞེན་གཉིས།།
རྒན་གཞོན་ངག་གི་སྡུག་གཏམ་འདིར།།
ཉན་ན་ལུས་ཀྱི་རྩ་ཡང་ལྷོད།།
ཁོང་ཉིད་བཞུགས་སའི་གཟིམ་ཤག་དང་།།
ནང་གི་ཅ་ལག་ཡོ་བྱད་སོགས།།
མཐོང་བའི་མོད་ལ་བཀའ་གདམས་ཀྱི།།
མཁས་པ་ཁོང་ལས་གཞན་སུ་ཞིག།
འདི་ནས་མན་ཆད་གདུང་འབུལ་གྱི།།
མཛད་རྣམས་ད་རེས་མ་བྲིས་ཏེ།།
ཕྱིས་སུ་དགོངས་འགལ་མེད་ཙ་ན།།
ཀུན་གྱི་སྤྱན་ལ་ཡང་བསྐྱར་འབུལ།།
ཉི་མ་འགའ་ཡི་དུས་ཚོད་ལ།།
ངལ་དུབ་ཅུང་ཙམ་མྱངས་ན་ཡང་།།
བླ་མ་དམ་པའི་དགོངས་རྫོགས་ཀྱི།།
དུས་མཆོད་བསྒྲུབས་པ་བསོད་ནམས་ཡིན།།
ཆེ་བརྗོད་སྒྲོ་འདོགས་འུར་བསྟོད་ཀྱིས།།
བྲིས་པ་མ་ཡིན་དོན་དངོས་ཀྱི།།
མཐོང་ཐོས་དྲན་པའི་གདུང་མཆོད་འདི།།
མཚམས་སྦྱོར་རགས་ཙམ་ཕུལ་པ་ལགས།།
ཡབ་རྗེ་དམ་པ་ཁོང་གི་སློབ་མའི་གྲལ་མཐའ་བ་རུ་སྔུན་བླ་མའམ་ཀླུ་དྲང་སྲོང་དུ་འབོད་པས། ཁོང་གི་གདུང་མཆོད་ཀྱི་མགོ་མཇུག་བར་གསུམ་ལ་ཞབས་ཏོག་ཅུང་ཙམ་རེ་སྒྲུབ་པའི་ཞོར་དུ། དད་འདུན་གྱི་ལྷག་བསམ་གཙང་མས་ཉེ་བར་བསྐུལ་ཏེ། རྫུན་དང་སྒྲོ་བཏགས་ཀྱི་བསྲེས་ལྷད་ཅུང་ཙམ་ཡང་མ་ཞུགས་པར། ཁོང་གི་སྐུ་མྱ་ངན་ལས་འདས་ནས་གདུང་འབུལ་བར་གྱི་མཐོང་ཐོས་མྱོང་གྱུར་གྱི་ཚོར་བ་ལས་བྱུང་བའི་བདེན་ཚིག་ཤོ་ལོ་ཀ་རེ་འགྲོ་ཞོར་འདུག་ཞོར་ལ་བྲིས་ནས་སྐད་འཕྲིན་བར་སྟོང་དུ་བཀོད་པར། བླ་མ་དགེ་བཤེས་བཀའ་དྲིན་ཅན་འགའ་རེས་ཁྱེད་ཀྱིས་བྲིས་པ་ཧ་ཅང་ཡག་གི ཚོར་བའང་རྣོན་པོ་འདུག ཕྱོགས་གཅིག་ཏུ་བསྡོམས་ཏེ་འཕྲིན་སྟེགས་སུ་བཀོད་ན་ལེགས་ཞེས་ཁ་པར་དང་བརྡ་འཕྲིན་གང་རུང་ནས་བསྐུལ་བར་བརྟེན། གདུང་འབུལ་རྗེས་ཀྱི་ངོ་མཚར་བའི་མཛད་པ་མང་བོ་རྣམས་རེ་ཞིག་བཞག་སྟེ། གདུང་མཆོད་སློབ་མའི་སྐུ་ཚབ་ཅེས་པ་འདི་ཀུན་གྱི་སྤྱན་ལམ་དུ་ཕུལ་པ་དགེའོ། །
ཡོང་ཁུངས། ཁྱུང་སྔོན་བོད་ཡིག་རྩོམ་རིག་དྲ་བ།