ལྷ་ལས་བབས་པའི་གྲོང་ཁྱེར།

ཐེའུ་རང་།

མི་ལོ་ཉེེར་དགུའི་བསོད་ནམས་བདུད་རྩི་དང་། 
ལྷན་འཛོམས་ལས་སྨོན་ཉི་ཟླའི་བྱིན་རླབས་ཀྱིས། 
རྒོད་པོའི་དཔེ་བྱད་ནམ་མཁའི་རྒྱ་ཁྱོན་གཞལ།
བདག་སྙིང་མུན་པའི་དར་ཁ་སྐད་ཅིག་དྲོས། 

གདུང་སེམས་སྦྲུམ་པའི་གངས་རི་ཤིག་ཤིག་འགུལ། 
རེ་སྨོན་ཁུར་པའི་སྤང་ལྗོངས་འདིའང་ཡོམ་ཡོམ་གཡོ།
ཕྱོགས་སུ་ཐོར་པའི་ངོ་གདོང་རེ་རེ་གཅིག་ཏུ་འདྲེས། 
བསྐལ་བའི་རྨི་ལམ་གྱི་ཞིང་བཀོད་དང་དབྱེར་མེད་པའི།
ཆེས་ཤིན་ཏུ་རབ་ཏུ་མཛེས་པའི་སྣང་བརྙན་གྱི་གསོན་དཔེ།

ལྡེམ་མེར་འཕྱོ་བའི་མིའི་རྦ་རླབས་ཆེན་མོ།
བསྙབས་ན་ཐུག་ས་མེད་པའི་སེམས་ཀྱི་ཆོས་ཉིད།
ཆོས་ཉིད་ཀྱི་རྩེ་མོར་ཆགས་པའི་ཞིང་ཁམས་དཀར་པོ།
གངས་རི་ཡི་དམ་ལྷའི་དཀྱིལ་འཁོར།
མཚན་ཐོག་ཐག་ཅིག་ལ།
ལྷ་ལས་བབས་པའི་གྲོང་ཁྱེར།

རིགས་རྒྱུད་ཀྱི་སྙིང་ཁར་བཞད་པའི་ཆོས་ཀྱི་མེ་ཏོག
མི་དགེ་བའི་ལྕགས་ནག་བརྡུངས་པའི་ཁྲོ་བོ།
དཀའ་ཐུབ་བདུད་ཀྱི་ཆོ་འཕྲུལ་མདུན།
ལག་པ་གནམ་ལ་འགྱོག་མཁན་གྱི་ཡབ་རྗེ།
བྱང་སེམས་ལྷ་ཡི་རོལ་མོའི་ཁུགས།
ཐུགས་རྗེས་ས་གཞི་བརླབས་པའི་བླ་མ།
སྐུ་དངོས་སུ་ཕེབས་སམ།
སྐུ་དངོས་སུ་ཕེབས་སམ་ལགས།

སྦྲ་གུར་གྱི་ཚོགས་ཞིང་འདི་དང་མཇལ་བས།
ང་རང་གང་ཞིག་ནས་ངུ་སྙིང་སྐྱེའོ།
མཆི་མ་ཁོང་ལ་འཁྱིལ་བྱུང་།
ང་རང་གང་ཞིག་ནས་ང་རྒྱལ་སྐྱེའོ།
བརྩེ་གདུང་རུས་ལ་ཟུག་བྱུང་།

ན་ཆུང་བའི་ཕ་གཅིག་བླ་མ།
རིགས་རྒྱུད་ཀྱི་དམ་ཚིག་བཀན་མོ་འདིས།
ཐུགས་བསྐྱེད་ཀྱི་དཀྱིལ་འཁོར་གཡོས་ལགས་སམ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།