༄༅། །སྤྱི་ཚོགས་རིག་པ་དང་རང་རེའི་མཚན་ཉིད་རིག་པའི་དབར་གྱི་གཞི་མཐུན་ཉིང་སྦྱོར་རིགས་པའི་ཟེགས་མ།

ལྡོང་ཕྱིང་གུར་བ་རྒྱལ་ལོ།

བོད་ཀྱི་མཚན་ཉིད་རིག་པའི་ནང་། དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བའི་རྨང་གཞི་ག་ཚོད་ཡོད་པ་རྟོགས་རྒྱུ་ནི། བོད་ཀྱི་སྤྱི་ཚོགས་རིག་པའི་རྨང་རྡོ་འཇོག་ཐུབ་མིན་གྱི་སྔོན་འགྲོར་སོང་གཤིས། དངོས་གཙོ་དང་སེམས་གཙོ་ཡི་དབྱེ་མཚམས་འབྱེད་བྱེད་ཀྱི་གཞི་རྩ་གང་ཡིན་ངོས་ཟིན་རྒྱུ་གལ་གནད་ཤིན་ཏུ་ཆེ་ཞིང་། སྔར་གྱི་དངོས་གཙོ་རྩོད་སྒྲུབ་སྨྲ་བའི་དགོངས་པའི་ཚད་མཚམས་དང་དེའི་བཀག་རྒྱ་རྟོགས་པ་དང་། སེམས་གཙོ་སྨྲ་བའི་གྲས་སུ་བཞག་པའི་ལྟ་གྲུབ་འགའ་ད་ལྟའི་ཚན་རིག་གིས་དངོས་གཙོ་ཡིན་པར་བསྒྲུབས་པའི་ཞིབ་འཇུག་གྲུབ་འབྲས་གསར་བ་མང་པོ་བསླེབས་པ་དང་ལྷན། རང་རེའི་འཇིག་རྟེན་འབྱུང་བ་ལྔས་གྲུབ་པར་འདོད་པའི་བོད་གཉུག་མའི་དགོངས་པ་དང་། རྟེན་འབྱུང་རིག་པའི་དགོངས་པ། བདེན་གཉིས་ཀྱི་རྣམ་བཞག་བཅས་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་དགོངས་པ་མཐར་གཏུགས་ཡིན་པར་འཛམ་གླིང་རྩེ་ཕུད་མཁས་པ་དག་གིས་བཞེད་ཟིན།
དབྱིན་ཡིག་ཏུ་བྲིས་པའི་འཛམ་གླིང་སྤྱིའི་མཚན་ཉིད་རིག་པའི་ལོ་རྒྱུས་༼སྐུ་ཞབས་Nigel Warburton(༢༠༡༡) དང་William Turner (༡༩༠༣)༽་དང་། བོད་ཀྱི་ནང་པའི་མཚན་ཉིད་རིག་པ་༼སྐུ་ཞབས་Douglas S. Duckworth ལགས་ཀྱིས་མཛད་ཅིང་། ༢༠༡༩་ལོར་དཔར་ཏུ་བསྐྲུན༽་གཉིས་གུང་བསྒྲིགས་ཏེ་བརྟག་ན། ཀུན་རྫོབ་བདེན་པ་དང་བདེ་སྐྱིད་ཀྱི་ངོ་བོ་བཙལ་སྟངས་གཞི་མཐུན་ཏུ་གྲུབ་ཡོད་ལ། དོན་དམ་བདེན་པ་བརྟག་ཚུལ་ལ་ཁྱད་པར་ཆེན་པོ་མཆིས་ཤིང་། ནང་པའི་གྲུབ་མཐའ་སོ་སོས་བདེན་གཉིས་ཅིག་ཅར་ཏུ་བརྟག་ཚུལ་དང་དགོངས་ཚུལ་ཐད་ནུབ་ཕྱོགས་མཚན་ཉིད་རིག་པའི་སྔུན་ཆོད་ཡོད་སའང་འདུག འཇིག་རྟེན་ཐུན་མོང་བའི་མཚན་ཉིད་རིག་པ་དང་རང་རེའི་མཚན་ཉིད་རིག་པའི་དབར་གྱི་གཞི་མཐུན་དང་ཁྱད་པར། ནུབ་ཕྱོགས་པའི་སྔུན་ཆོད་འདུག་ས་བཅས་གསལ་ཐག་ཆོད་ཚེ། རང་རེའི་སྤྱི་ཚོགས་རིག་པ་འཛུགས་བྱེད་ཀྱི་གཞི་རྩ་ངོས་འཛིན་དེ་འཕྲལ་ཕུགས་བརྟན་པ་ཞིག་ཏུ་ཆགས་ཐུབ།
སྐུ་ཞབས་Nigel Warburton ༼༢༠༡༡༽་དང་William Turner ༼༡༩༠༣༽་རྣམ་གཉིས་ཀྱི་མཚན་ཉིད་རིག་པའི་ལོ་རྒྱུས་སུ། བདེ་སྐྱིད་ཅེས་པའི་མཚན་ཉིད་དང་གོ་དོན་ལོ་གཅིག་སྟོང་ལྷག་གི་སྔོན་ནས་ད་ལྟའི་བར་དཔྱད་པ་གལ་གནད་ཅན་ཞིག་ཏུ་བཟུང་སྟེ། ལྟ་གྲུབ་དང་རྩོད་པ་སྣ་ཚོགས་རབས་དང་རིམ་པར་བྱུང་ཞིང་ནུབ་ཕྱོགས་རྒྱལ་ཁབ་མང་ཆེ་བས་དངོས་གཙོ་གཞི་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བར་བསྙེགས་པ་དང་སྙེག་བཞིན་པ་ལགས་ན། ད་ལྟ་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་ལ་བརྟག་ན། བདེ་སྐྱིད་ཅེས་པ་དངོས་པོའི་ཆ་རྐྱེན་ཁོ་ན་འཛོམས་པ་ཙམ་གྱིས་མི་འོངས་པ་བདེན་པར་བསྒྲུབས་ཤིང་། བདེ་སྐྱིད་ཅེས་པ་སེམས་ལ་རག་ལས་ཡོད་པ་རྟོགས་ཏེ་ཐབས་ཤེས་སྣ་ཚོགས་འཐེན་བཞིན་པའི་སྒང་ལ་འཁེལ་འདུག རྒྱུ་འབྱོར་དངོས་སྟོབས་ཀྱི་བདེ་སྐྱིད་དང་སེམས་ཀྱི་མྱོང་གྲུབ་བདེ་སྐྱིད་གཉིས་ཀྱི་མཐའ་སྤངས་ཏེ་བདེ་སྐྱིད་ཅེས་པ་ནི་དེ་གཉིས་ཟུང་འབྲེལ་གྱི་འབྲས་བུ་ཞིག་ཏུ་ངོས་ཟིན་རྒྱུ་ཤིན་ཏུ་གལ། དབུ་མ་འཇུག་པ་ལས།

སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་།།
སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད།།
འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས།།
སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན།།

ཞེས་གསུངས་པས་ལུས་དང་སེམས་དབར་གྱི་རྩོད་སྒྲུབ་འབྲེལ་བ་བསྟན་ཞིང་སེམས་ཀྱི་འཆར་སྒོ་བྱེད་པོའི་ལུས་ངག་ཡིད་གསུམ་གྱི་ལས་སུ་བསྟར་ཏེ་སྣོད་བཅུད་སྣ་ཚོགས་སུ་བཀོད་པར་དགོངས་པའང་དེང་རབས་སྤྱི་ཚོགས་སེམས་ཁམས་རིག་པའི་དགོངས་པ་དང་གཉིས་སུ་མ་མཆིས།
ནང་པའི་ལྟ་གྲུབ་གཙོ་བྱས་པའི་བོད་ཀྱི་མཚན་ཉིད་སྨྲ་བའི་མཁས་པ་རབས་དང་རིམ་པས། བདེ་བ་དང་བདེ་བའི་རྒྱུ་བཅས་ལྡན་པར་འགྱུར་ཆེད། སེམས་དང་སེམས་བྱུང་གི་རྣམ་བཞག་ནས་དབུ་བཙུགས་ཏེ་བདེ་བའི་ངོ་བོ་དང་རྒྱུ་ལ་བརྟག་དཔྱད་བཏང་། འདུས་བྱས་ཀྱི་ཆོས་རྣམས་སྐྱེ་བ་ལ་རྒྱུ་དང་རྐྱེན་ཚོགས་དགོས་ཤིང་། དེའང་དེ་དག་སྐྱེད་བྱེད་ཀྱི་རྒྱུ་དྲུག རྐྱེན་བཞི། དེ་དག་གིས་བསྐྱེད་པའི་འབྲས་བུ་ལྔ་རྣམས་མདོ་སྡེ་དག་ལས་ལེགས་པར་གསུངས་པའི་རྗེས་སུ་འབྲངས་ཏེ་ཞིབ་མོར་བཤད་པ་མངོན་པ་འོག་མའི་ལུགས་སྲོལ་ཡིན་ནོ།། ཞེས་ཤེས་བྱ་ཀུན་ཁྱབ་ཏུ་གསལ།

འདུས་བྱས་ཀྱི་དངོས་པོ་རྒྱུ་ནོར་ལོངས་སྤྱོད་བདེ་སྐྱིད་ཀྱི་རྩ་བར་དགོངས་མེད་པར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་ཕངས་མཐར་ཐུག་གི་བདེ་བར་འདོད་པས། བོད་ཀྱི་སྤྱི་ཚོགས་ཕྱོགས་འདིར་འཁོར་ཏེ་མི་ལོ་དགུ་བརྒྱ་ལྷག་ཕྱིན་ཀྱང་། མི་མང་གི་ཉིན་རེའི་འཚོ་བའི་ནང་ལུས་སྟོབས་གསོ་བྱེད་ཀྱི་རྒྱུ་འབྱོར་དངོས་སྟོབས་ཀྱི་ཆ་རྐྱེན་མེད་པར་སེམས་ངོ་ཁོ་ནས་བདེ་སྐྱིད་བསླེབ་མི་ཐུབ་པའང་མངོན་སུམ་དུ་སྣང་།

བདེ་སྐྱིད་ཀྱི་གཞི་དངོས་པོའི་ཆ་རྐྱེན་ཁོ་ནར་བཅོལ་བ་དང་། སེམས་ངོ་ཁོ་ནར་བཅོལ་བ་མཐའ་གཉིས་སུ་ལྷུངས་ཡོད་པ་ཤིན་ཏུ་གསལ་ཞིང་། སྔ་མས་དེ་བསྟུན་གྱི་མཚན་ཉིད་རིག་པ་གསར་བ་འཛུགས་ཐུབ་མེད་ལ། ཕྱི་མས་ཀྱང་དེ་བསྟུན་གྱི་མཚན་ཉིད་རིག་པ་འཛུགས་ཐུབ་མེད། བོད་མི་རིགས་ཀྱི་འཕྲལ་ཡུན་གཉིས་ཀར་ཕན་པའི་བདེ་སྐྱིད་ཀྱི་ལམ་གར་ལམ་སྟོན་བྱེད་ཐུབ་པའི་མཚན་ཉིད་རིག་པའི་འཛུགས་སྐྲུན་ཤིན་ཏུ་ཉག སྤྱོད་ལམ་བཞིའི་ཆ་རྐྱེན་དང་དེ་འབྲེལ་ཤེས་བྱ་དང་། སེམས་ཀྱི་བདེ་སྐྱིད་དང་འབྲེལ་བའི་ཤེས་བྱའི་རྣམ་བཞག་ཟུང་འབྲེལ་ཏུ་རང་རེའི་རྟེན་འབྱུང་གི་ལྟ་བར་སྦྱར་ཏེ་དཔྱད་ན་འཛམ་གླིང་འདིར་བདེ་སྐྱིད་འཚོལ་སྟངས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་ཟོལ་མཆིས། སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ཀྱང་ལུས་བདེ་སེམས་སྐྱིད་ཅན་ཡིན་དགོས་པས། འདི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པའི་དབར་གྱི་མཐུད་མཚམས་ཤིག་ཡིན་པ་ཤེས་པར་བྱ།

སྐུ་ཞབས་Douglas S. Duckworthལགས་ཀྱིས། བོད་ཀྱི་མཚན་ཉིད་རིག་པའི་བྱས་རྗེས་གླེང་སྐབས་སུ། དབུ་མ་བའི་དགོངས་པ་འཕགས་ཡུལ་ནས་དྲངས་པ་བདེན་ཡང་བོད་ཀྱི་མཁས་པ་རབས་དང་རིམ་པས་བརྟག་དཔྱད་གནད་སྨིན་ཏུ་མཛད་དེ་ཆོས་ཀྱི་དེ་ཉིད་དབྱེ་ཞིབ་དང་བདེན་གཉིས་ཀྱི་རྣམ་བཞག་ཡར་རྒྱས་ཆེན་པོ་བཏང་ཞིང་། སྔར་སེམས་ཙམ་པ་བའི་སེམས་ཀྱི་སྣང་ངོ་ཁོ་ན་དབྱེ་ཞིབ་ཀྱི་འགྲོ་སྟངས་དེ་བོད་ཀྱི་མཁས་པས་རྣམ་དཔྱོད་ཀྱི་ངར་ཁར་བརྡར་ཏེ་ལྟོས་བཅོས་དང་རྟོག་བཅོས་ཀྱི་དངོས་ཡོད་ཤེས་བྱར་ངོས་འཛིན་ཡར་རྒྱས་བཏང་། བྱས་རྗེས་འདི་གཉིས་ཀྱིས་ནང་པའི་ལྟ་གྲུབ་དང་དེའི་ལག་ལེན་མཐོ་ཚད་གསར་བ་ཞིག་ཏུ་བསྐྱལ་ཞིང་། བོད་ཀྱི་སྔ་རབས་པའི་དཔྱད་འབྲས་དེ་དག་གཞི་གྲུབ་སྨྲ་བ་༼Ontology༽དང་སྣང་ཚུལ་སྨྲ་བའི་༼Phenomenology༽རིག་ཚན་ལ་བྱས་རྗེས་ཆེན་པོ་བཞག་པར་མ་ཟད། དེང་རབས་གནད་དོན་བརྟག་དབྱེ་ལ་གཞུང་ཁུངས་འགྲན་ཟླ་བྲལ་ཞིང་རྩ་ཆེ་བའི་རིགས་ལམ་གསར་བ་བསྣན་པ་དང་། འཛམ་གླིང་གི་མཚན་ཉིད་རིག་པ་ཇེ་ཕྱུག་ཏུ་བཏང་བར་མ་ཟད། འཛམ་གླིང་དེང་རབས་གཞི་གྲུབ་སྨྲ་བ་དང་སྣང་ཚུལ་སྨྲ་བ་དང་། བོད་ཀྱི་མཚན་ཉིད་རིག་པའི་གྲུབ་འབྲས་གཉིས་ཀྱི་བར་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟ་བུའི་འབྲེལ་བ་གྲུབ་ཟིན། ཞེས་དགོངས་ཤིང་། རིག་ཚན་འདི་གཉིས་ནི་སྤྱི་ཚོགས་རིག་པའི་གཞི་རྟེན་གལ་ཆེན་གཉིས་ཡིན་པས། རིག་ཚན་དེ་གཉིས་དང་རང་རེའི་བདེན་གཉིས་ཀྱི་རྣམ་བཞག་བར་གྱི་འབྲེལ་བ་ནམ་མཁའ་གཡའ་དག་པ་ལྟ་བུ་ཞིག་བྱུང་ན་གནའ་དེང་ཕྱི་ནང་ཟུང་འབྲེལ་གྱི་དགེ་མཚན་སྣ་ཚོགས་མཆིས་ཤིང་། རང་རེའི་སྲོལ་རྒྱུན་མཚན་ཉིད་རིག་པའི་ལྟ་གྲུབ་དེང་རབས་སྤྱི་ཚོགས་དཔྱོད་བྱེད་ཀྱི་རིགས་པ་ཞིག་འགྱུར་རྒྱུར་ཕན་རླབས་ཤིན་ཏུ་ཆེ།

དབུ་མ་ཐལ་འགྱུར་བའི་ལུགས་སུ་དེ་གཉིས་ངོ་བོ་ཐ་དད་དུ་འཛིན་ཚུལ་ནི། བདེན་གཉིས་བདེན་སྟོང་དུ་ངོ་བོ་དབྱེར་མེད་པས་ངོ་བོ་གཅིག་ལ། རང་རང་གི་ལྟོས་གཞིའི་ལྡོག་ཆ་ནས་ཐ་དད་པ་ཡིན་པ་བྱས་པ་དང་མི་རྟག་པ་ལྟ་བུ་ཡིན་ཏེ། དེས་ན་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅིང་མེད་ན་མི་འབྱུང་བའི་བདག་གཅིག་འབྲེལ་གྲུབ་པ་བྱས་པ་དང་མི་རྟག་པ་ལྟ་བུ་ཞེས་བཞེད་པ་སྤྱི་ཚོགས་དཔྱོད་འཇུག་གི་སྐབས་སུ། མཚན་ཉིད་རིག་པ་བ་ཞིག་ཡིན་ན། སྐྱིད་སྡུག་དང་བདེ་སྐྱིད་ཀྱི་ལྷན་ཅིག་བྱེད་རྐྱེན་དང་། བདག་རྐྱེན་དང་དེ་དག་གནས་བྱེད་གྱི་རྨང་གཞི་གང་ཡིན་དབྱེ་ཞིབ་དཔྱོད་འཇུག་སོགས་མ་བྱས་ཤིང་གསལ་ཐག་ཡང་མ་ཆོད་པའི་ངང་བདེ་སྐྱིད་གླེང་བ་དེ་མང་མང་ལོག་ལམ་དུ་འཁྲིད་བྱེད་ཀྱི་ལྟ་བ་ཞིག་ཏུ་འགྱུར་ཉེན་ཆེ་བས། དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བ་གཉིས་ཀྱང་མཐའ་གཉིས་སུ་ལྷུང་འདུག་པ་གསལ་པོར་རྟོགས་པའི་མོད་ལ། དེ་གཉིས་ཟུང་འབྲེལ་གྱི་ཚད་ཐུབ་ལྟ་གྲུབ་ཅིག་འཛམ་གླིང་སྤྱིར་མཁོ་གལ་ཆེ་བར་མ་ཟད། སྒང་བ་བོད་ཀྱི་སྤྱི་ཚོགས་འཕེལ་ཕྱོགས་ལ་ལྷག་ཏུ་ཉག་པས། འཇིག་རྟེན་རྩོད་སྒྲུབ་དང་རྟེན་འབྱུང་གི་ལྟ་བ་ཟུང་འབྲེལ་ངང་རང་ལུགས་སུ་བསྒྲུབས་པའི་ལྟ་གྲུབ་ཅིག་མེད་ན་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་དཀའ།
ནུབ་ཕྱོགས་པའི་དངོས་གཙོའི་མཐའ་དང་། གངས་ཅན་པའི་སེམས་གཙོའི་མཐའ། དེ་གཉིས་ཀ་མ་ཡིན་པའི་མཐའ་བཅས་སོ་སོར་འཕྲད་བཞིན་པའི་དཀའ་ངལ་རེ་རེར་ལྟ་གྲུབ་ཀྱི་འབབ་ཕྱོགས་ཐ་དད་པ་རེ་མཆིས་པ་སྨྲས་མ་དགོས་ཤིང་། བོད་ཀྱི་སྤྱི་ཚོགས་རིག་པར་མཁོ་བའི་ལྟ་གྲུབ་དེ་ནི། སྤྱི་ཚོགས་ཀྱི་བདག་པོར་ལུས་དང་འབྲེལ་བའི་ཕྱིའི་འཇིག་རྟེན་དང་། སེམས་དང་འབྲེལ་བའི་ནང་གི་འཇིག་རྟེན་གཉིས་ཡོད་པས། དེ་གཉིས་ཡ་བྲལ་འགལ་སྤོངས་སུ་འཇོག་མི་འོས་པ་བཞིན། དངོས་གཙོ་དང་སེམས་གཙོ་གཉིས་ཕན་ཚུན་གྲོགས་སུ་ཁྱེར་བའི་རྩོད་སྒྲུབ་ཟུང་འབྲེལ་དུ་འཁྱེར་དགོས་པ་ལས། དོན་དམ་དུ་དངོས་གཙོ་མཐའ་གཅིག་དང་སེམས་གཙོ་མཐའ་གཅིག་ཏུ་འཇོག་ཐབས་མེད། དེ་འདྲའི་བསམ་བློ་དེ་སྤྱི་ཚོགས་ནང་བྱུང་ཡོད་མེད་དང་། སྤྱི་ཚོགས་དང་འབྲེལ་བའི་བསམ་བློ་གཞན་ཡོད་མེད། བསྡོམས་ན་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་འགྲོ་ཕྱོགས་ལ་བསམ་བློ་རིགས་ག་ཚོད་མཆིས་པ་སོགས་ཀྱི་རྒྱུས་མངའ་སྔོན་འགྲོར་ཆགས།འཇིག་རྟེན་ཐུན་མོང་གི་སྤྱི་ཚོགས་ཚན་རིག་ཅིག་ཏུ་ཆགས་ཡོད་པའི་ནང་པའི་ལྟ་གྲུབ་དང་། ཆོས་ལུགས་ཀྱི་ཆ་དང་ཆོས་ལུགས་ཀྱི་ཆ་མ་ཡིན་པ་གཉིས་ཀ་སྣང་བའི་ནང་ཆོས། ཅེས་གནད་ཕྲ་མོའི་ཁྱད་པར་ཕྱེས་ཤིང་། དེ་དག་རེ་རེ་ནས་སྤྱི་ཚོགས་ལ་ཕན་པའི་ཆ་ཐམས་ཅད་སྤྱི་ཚོགས་རིག་པ་བ་ཞིག་ཕྱིན་སྔོན་འགྲོ་ལྟ་བུའི་ཚུལ་དུ་ཤེས་རྒྱུ་གལ་ཆེ། ཙན་ཏན་སོལ་བསྲེགས་དང་། ཡང་ན། ཕག་ཚང་ལ་གསེར་ཏོག་ལྟ་བུའི་མཐའ་གཉིས་ཀྱི་བརྟུལ་ཞུགས་བསྐྱང་ག་ལ་རུང་།
སྐུ་ཞབས་Hegel༼༡༧༧༠-༡༨༣༡༽། ལོ་བཅུ་ལྷག་ལ་སྐུ་ཞབས་Kant་ལགས་ཀྱི་སེམས་གཙོ་སྨྲ་བའི་རྗེས་འབྲངས་ཤིང་། གཏན་ཚིགས་རིག་པ་གཞི་བྱས་ཏེ་རྒྱ་ཆེ་ཞིང་མ་ལག་ཚང་བའི་མཚན་ཉིད་རིག་པའི་སྲོལ་བཏོད།༽ ལགས་ཀྱིས། འདུ་ཤེས་ཞེས་པའི་དོན་སྤྱི་འདི་ལ་གོ་བ་རིམ་པ་གཉིས་མཆིས་ཤིང་དེ་གཉིས་ཀའི་དོན་སྤྱི་ཡི་ཕྱི་རིམ་དང་ནང་རིམ་ལ་མུ་ཚད་མེད་པའི་རྣམ་པ་ཞིག་ཏུ་སྣང་བ་སྟེ། གོ་བ་རིམ་པ་དང་པོ་ནི། གཞིའི་རྣམ་བཞག་ལ་ཟེར་ཞིང་། རིམ་པ་གཉིས་པ་ནི། ལོ་རྒྱུས་ནང་བྱུང་ཟིན་པའི་དུས་འགྱུར་དང་དོན་རྐྱེན་སྣ་ཚོགས་ཀྱི་ཚུར་སྣང་། ཞེས་ངོས་འཛིན་གནང་། ཡང་། སྐབས་གཞན་ཞིག་ཏུ། ཐུན་མོང་གི་སྣང་ངོ་ན་ཡོད་པའི་འདུ་ཤེས་ཞེས་པར་ཕྱོགས་སྣེ་གཉིས་མཆིས་ཏེ། དང་པོ་ནི། འདུས་བྱས་ཆོས་ཀྱི་སྤྱི་ལྡོག་ཅིག་ཏུ་ངོས་འཛིན་ཞིང་། གཉིས་པ་ནི། འདུས་བྱས་ཆོས་ཀྱི་བྱེ་བྲག་གི་སྤྱི་མཚན་ཞིག་ཏུ་དགོངས། འདི་རང་རེའི་གཞུང་རྣམས་སུ་འདུ་ཤེས་དྲུག་སྟེ། མཚན་བཅས་ཀྱི་འདུ་ཤེས། མཚན་མེད་ཀྱི་འདུ་ཤེས། རྒྱ་ཆུང་བའི་འདུ་ཤེས། རྒྱ་ཆེ་བའི་འདུ་ཤེས། ཚད་མེད་པའི་འདུ་ཤེས། ཅི་ཡང་མེད་པའི་འདུ་ཤེས་རྣམས་དང་བསྡུར་ན། ནུབ་ཕྱོགས་པའི་འདུ་ཤེས་ཞེས་པའི་རྣམ་བཞག་སྐོར་ལ་ཞིབ་ཆ་ཅུང་ཞན་པའི་ཟོལ་འདུག་པ་མ་ཟད། སྤྱི་མཚན་ཞེས་པ་ནི། ཡུལ་རང་ངོས་ནས་གྲུབ་པའི་གནས་ལུགས་ཀྱི་ངོ་བོ་མ་ཡིན་པར་རྟོག་པས་བཏགས་ཙམ་གྱི་ཆོས། ཞེས་པའི་མཚན་ཉིད་དང་། སྤྱི་ལྡོག་ཅེས་པ་ནི། རྟོག་པའི་ཡུལ་དུ་ཤར་བའི་ཆོས་རྣམས་ཀྱི་སྤྱིའི་ལྡོག་ཆའམ་སྤྱིར་བཏང་པའི་རང་བཞིན། ཞེས་པ་ལྟར་མཚན་ཉིད་ཁ་གསལ་དུ་བཞག་སྟེ་བཀྲལ་མེད་པ་དང་། འདུ་ཤེས་ཞེས་པར་དེ་རང་ངོས་ནས་མཚན་ཉིད་བཞག་མེད་པ་དང་། རིགས་ཀྱང་དེ་འདྲའི་ཞིབ་ཕྲ་བཀར་མེད། འདི་དང་འདི་ལྟ་བུ་ཤིན་ཏུ་མང་ཞིང་། རང་རེའི་མཚན་ཉིད་རིག་པ་དང་ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་དབར་ན་ཁྱད་པར་ག་ཚད་ཡོད་མེད་ཤེས་སླ། དེ་མིན་ད་དུང་ཁོང་གི་ཕྱག་རྩོམ་ཏུ། སེམས་ཀྱི་སྣང་ཚུལ། རྟགས་གཏན་ཚིགས་ཀྱི་རྣམ་བཞག་བཅས་འདུག་ཀྱང་འདིར་རྒྱས་པར་མི་སྤྲོས། ཕྱག་རྩོམ་འདི་དག་རང་རེའི་མེས་པོ་རྣམས་ཀྱི་དགོངས་པ་དང་གུང་བསྒྲིགས་ཏེ་བརྡུར་བ་ཡིན་ན་བོད་ཀྱི་མཚན་ཉིད་རིག་པ་རྗེས་ལུས་ཡིན་མིན་ལ་ལན་ཡང་དག་ཅིག་རེག་ཐུབ། བོད་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་དང་དེང་རབས་ཤེས་ཡོན་པ་འགས། གནད་ཕྲ་མོར་མ་བརྟག་མ་དཔྱད་པར་རང་རེའི་རིག་གནས་རྗེས་ལུས་སམ། ཡང་ན་སྤྱི་ཚོགས་ཡར་རྒྱས་འགྲོ་བྱེད་ཀྱི་བཀག་རྡོར་མཐོང་།

ཡིན་ནའང་། རང་རེའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་སྒྲིག་འཛུགས་ལ་ཞན་ཆ་དང་སྐྱོན་ཅི་ཡང་མེད་པ་མ་ཡིན་པར། རང་རེའི་གཞུང་ངོས་ནས་བཙུགས་པའི་གཙུག་ལག་རིག་གནས་གཙོ་གཉེར་གྱི་སྒྲིག་འཛུགས་ཐོག་མ་སྟེ། བསམ་ཡས་གཙུག་ལག་ཁང་བཙུགས་པ་ནས་ལོ་རྒྱུས་དལ་འབབ་རིང་མོའི་ཁྲོད་དུ། འདུལ་ཁྲིམས་ཀྱི་དབང་གིས་སྤྱི་ཚོགས་སྐྱ་སེར་གྲོང་དགོན་གཉིས་སུ་ཆགས་ཤིང་། འཇིག་རྟེན་ལྟ་ཚུལ་ནས་མི་ཚེའི་རིན་ཐང་དང་སྙིང་བོ་བཅས་གོ་བ་ལེན་སྟངས་ཐ་དད་དུ་གྱུར་ཏེ། གཅིག་ཤས་བྱ་རྡོ་ཐོག་ནས་འཕུར་བ་ལྟ་བུའི་མི་ཚེ་འགྲོ་སྟངས་དང་། གཅིག་ཤས་བུ་རབས་ཚ་རྒྱུད་བཅས་ལ་རྒྱུ་དང་འབྱོར་བ་སྒྲུབ་པའི་མངོན་འདོད་ཅན་གྱི་མི་ཚེ་འགྲོ་སྟངས་ཏེ། མི་ཚེའི་འགྲོ་སྟངས་འདི་གཉིས་ལས། སྔ་མ་སྟེ་ཤུལ་ན་ཅི་ཡང་མི་ལྷག་པའི་མི་ཚེ་གཙང་མའི་མི་ཚོགས་ཀྱིས་རང་རེའི་རིག་གནས་ཀྱི་རྐང་བཟུང་། ཕྱི་མས་རང་རེའི་སྤྱི་ཚོགས་ཀྱི་གཞི་རྩ་བཟུང་། རིག་གནས་ཀྱི་རྐང་དང་སྤྱི་ཚོགས་ཀྱི་གཞི་རྩ་དབར་གྱི་འབྲེལ་བ་ཅི་འདྲ་ཡིན་པར་བརྟག་དཔྱད་ཞིབ་འཇུག་གནང་དགོས།

ལྷག་དོན་ཏུ་ལྟ་བ་རྟེན་འབྱུང་གི་རིགས་ལམ་འདི་སྤྱི་ཚོགས་ཡར་རྒྱས་ཀྱི་ཐབས་སུ་མ་དྲངས་པ་འདིའང་རང་རེའི་སྐྱོན་ཚབ་ཆེན་ཞིག་ཏུ་མཐོང་ཞིང་། སྤྱི་ཚོགས་གང་ཞིག་དེ་གྲུབ་བྱེད་ཀྱི་རྒྱུ་དང་རྐྱེན་སྣ་ཚོགས་འདུས་ཏེ་ཕན་ཚུན་རྟེན་ཅིང་འབྲེལ་བས་གྲུབ་པ་ཡིན་པར་མཐོང་ཐུབ་ཚེ། སྤྱི་ཚོགས་གང་དེའི་ཡར་རྒྱས་ཀྱང་རྒྱུ་དང་རྐྱེན་སྣ་ཚོགས་རྟེན་ཅིང་འབྲེལ་བའི་ངང་བྱུང་བར་མཐོང་སླ། སྤྱི་ཚོགས་གང་ཞིག་དེ་གྲུབ་བྱེད་ཀྱི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་དང་། སྤྱི་ཚོགས་ཀྱི་གྲུབ་ཆ་རྣམ་བཞི་ལས། སྤྱི་ཚོགས་ཀྱི་ངོ་བོ་བསྐྱེད་བྱེད་ཀྱི་རྒྱུ་གཉིས་ཏེ། ཁོར་ཡུག་དང་། མི་འབོར། ཁྱད་པར་བསྐྱེད་བྱེད་ཀྱི་རྐྱེན་གཉིས་ཏེ། སྐད་རིགས་དང་། རིག་གནས་བཅས་རེ་རེ་ནས་དོན་དམ་དུ་དཔྱད་ཚེ་སྤྱི་ཚོགས་གང་དེའང་སྣང་མི་སྲིད་པར་འགྱུར་ཞེས་པའི་རིགས་ལམ་སྒང་ནས་བདེན་གཉིས་ཀྱི་རྣམ་བཞག་ལ་སྤྱི་ཚོགས་དབྱེ་ཞིབ་འགྲེལ་བརྗོད་ཀྱི་ནུས་པ་ལྡན། ད་དུང་། ཉི་ཟླ་སྟག་སེང་ལྟ་བུའི་མཁས་ཆེན་མང་པོས་ཕྱག་རྗེས་བླ་མེད་བཞག་པ་མང་མོད་ཀྱང་། འདིར་དཔེ་མཚོན་ཙམ་དྲངས།

རང་རེའི་ཡུལ་དུ་དར་བའི་གྲུབ་མཐའ་སོ་སོའི་ལྟ་གྲུབ་དེ་དག་གིས་མཚན་ཉིད་རིག་པའི་དགོངས་པ་རེ་མཚོན་བཞིན་མཆིས་པས། དེ་དག་རེ་རེར་སྤྱི་ཚོགས་འགྲེལ་བརྗོད་ཀྱི་ཕྱོད་ཆེ་ཆུང་ག་ཚོད་ཡོད་པའི་གནད་ལ་བསམ་བློ་གཏོང་མཁན་ཤིན་ཏུ་དཀོན། དཔེར་ན། ཇོ་ནང་བའི་གཞན་སྟོང་ཞེས་པའི་དགོངས་པར་དུང་དཀར་རིན་པོ་ཆེས། རང་གི་རྒྱུ་རྐྱེན་གཞན་གྱི་དབང་ལས་སྐྱེས་པ། དེའི་མཚན་ཉིད། དེ་དང་འདུས་བྱས་དོན་གཅིག དེ་ལ་མ་ཡིན་དགག་དང་སྒྲུབ་པ་གཉིས་ཡོད། དེའང་གཞན་ཞེས་པ་ནི་ཀུན་གཞིའི་སྟེང་དུ་བཞག་པའི་སྣ་ཚོགས་པའི་བག་ཆགས་རྣམས་ཡིན་ལ། བག་ཆགས་དེའི་དབང་ལས་སྐྱེས་པ་ཡིན་པས་གཞན་དབང་ཞེས་དང་། ཡང་ན་སྐྱེས་ནས་སྐད་ཅིག་ལས་ལྷག་པར་བདག་ཉིད་གནས་པའི་རང་དབང་མེད་པས་ན་གཞན་དབང་ཞེས་བྱའོ། ། གཞན་དབང་དང་དངོས་པོ་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་གསུམ་དོན་གཅིག རྒྱུ་རྐྱེན་གྱིས་སྐྱེ་ཡང་རང་ལས་སྐྱེ་བ་མེད་པས་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེ་ལ་དབྱེ་ན་དག་པའི་གཞན་དབང་དང་། མ་དག་པའི་གཞན་དབང་གཉིས་ཡོད། ཅེས་བཀྲལ།ཡང་། སེམས་ཙམ་པའི་ལྟ་གྲུབ་དང་བོད་ཀྱི་སྤྱི་ཚོགས་རིག་པའི་རྨང་གཞི། སེམས་ཙམ་པའི་དགོངས་པ་དང་སྤྱི་ཚོགས་རིག་པའི་དབར་དུ་གཞི་མཐུན་ལྟ་གྲུབ་ཡོད་མེད་རྟོགས་རྒྱུ་དེ་གལ་གནད་དུ་ཆགས་པས། གཞན་དབང་ཡོངས་གྲུབ་ཀུན་བཏགས་གསུམ་གྱི་སྒང་ནས་སྤྱི་ཚོགས་འགྲེལ་དཔྱད་ག་ཚད་འགྲོ་ཐུབ་པ་དང་། འགྲེལ་སྟངས། བཀག་རྒྱ་བཅས་གསལ་དགོས་ཤིང་།
ཡང་། གཞན་དབང་ཡོངས་གྲུབ་ཀུན་བཏགས་གསུམ་སྤྱི་ཚོགས་རིག་པའི་བརྡ་ཆད་དུ་བེད་སྤྱད་དེ་རང་རེའི་སྤྱི་ཚོགས་བརྟག་དཔྱད་ཞིབ་འཇུག་བྱས་ན་དགེ་སྐྱོན་ག་ཚད་མཆིས་ཚུལ་ཡང་རྟོགས་དགོས།རིགས་གཉིས་སུ་དབྱེ་བའི་སེམས་ཙམ་པ་སྟེ། ལུང་གི་རྗེས་འབྲངས་དང་རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པ་གཉིས་དང་། རྣམ་པའི་འདོད་ཚུལ་གྱི་སྒོ་ནས་དབྱེ་བའི་སེམས་ཙམ་པ་སྟེ། སེམས་ཙམ་རྣམ་བདེན་པ་དང་སེམས་ཙམ་རྣམ་རྫུན་པ་གཉིས་བཅས་ལས། རིགས་པའི་རྗེས་འབྲངས་དང་སེམས་ཙམ་རྣམ་བདེན་པ་གཉིས་སྤྱི་ཚོགས་རིག་པ་དང་གཞི་མཐུན་སྣང་ཞིང་། ད་དུང་བརྟག་བྱ་ཞིག་ཏུ་སྣང་བའི་སྐོར་ལ། ཕྱི་དོན་བདེན་དངོས་སུ་མ་གྲུབ་ཀྱང་དབང་ཤེས་ལ་སྣང་བ་ལྟར་སེམས་སུ་བདེན་པར་འདོད་པའི་སེམས་ཙམ་རྣམ་བདེན་དང་། ཆོས་ཐམས་ཅད་སེམས་སམ་རྣམ་པར་རིག་པ་ཙམ་ལས་གཞན་པའི་ཕྱི་རོལ་གྱི་དོན་ཅུང་ཟད་གྲུབ་པ་མེད་ཀྱང་གཟུགས་སོགས་སེམས་ལ་སྣང་བ་ནི་རྨི་ལམ་གྱི་སྣང་བ་དང་། སྐྲ་ཤད་འཛག་སྣང་། ཟླ་བ་གཉིས་སྣང་ལྟར་སེམས་སྣང་འབའ་ཞིག་ཡིན་པ་དང་། གཞན་ཡང་ལས་ཀྱི་དབང་གིས་ཆུ་ཕོར་གང་ལ་ལྷ་ལ་བདུད་རྩི། མི་ལ་ཆུ། ཡི་དྭགས་ལ་རྣག་ཁྲག་ཚ་དམྱལ་བས་ཁྲོ་ཆུར་མཐོང་བ་སོགས་རིགས་དྲུག་གི་སྣང་བ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པ་ལའང་སོ་སོ་ཐ་དད་པ་སྣང་བ་བཞིན་སྐྱེས་བུ་གཅིག་གི་ལུས་ལ་དགྲ་གཉེན་བར་མ་གསུམ་སྣང་བ་སོགས་ཡོད་པའི་ཕྱིར་ན་ཐམས་ཅན་སེམས་ཀྱི་སྣང་བ་ཙམ་ལས་ཤེས་པ་ལས་གཞན་པའི་ཕྱི་རོལ་གྱི་དོན་མ་གྲུབ་པར་འདོད་ཅེས་པ་ལྟ་བུ་སོགས་སྤྱི་ཚོགས་རིག་རིག་པའི་ནང་ག་ཚད་འགྲོ་ཐུབ་ཚུལ་དཔྱད་བྱར་ལྷགས།སེམས་ཙམ་པ་བའི་གཞན་དབང་། ཡོངས་གྲུབ། ཀུན་བཏགས་གསུམ་ལ་ཆ་བཞག་ན། དུང་དཀར་ཚང་གིས། ཀུན་བཏགས་ཞེས་པ་ནི་གཞིའམ་ཆོས་གང་ཞིག་ལ་སྒྲ་དང་རྟོག་པ་གང་རུང་གིས་སྒྲོ་བཏགས་པའི་ཆ་ཞིག་ལ་ཟེར་ཞིང་། དེ་ལ་ནང་གསེས་ཀྱིས་ཕྱེ་ན་འདི་ནི་གཟུགས་སོ་ཞེས་པ་ལྟ་བུ་ངོ་བོ་ལ་སྒྲོ་བཏགས་པ་དང་། འདི་ནི་གཟུགས་ཀྱི་སྐྱེ་བའོ་ཞེས་ཁྱད་པར་ལ་སྒྲོ་བཏགས་པ་ལྟ་བུ་སྟེ། དེ་གཉིས་ནི་སྒྲོ་འདོགས་ཚུལ་གྱི་སྒོ་ནས་ཕྱེ་བ་ཡིན་ཅིང་། ཀུན་བཏགས་རང་གི་ངོ་བོའི་སྒོ་ནས་དབྱེ་བ་ཕྱེ་ན་རྣམ་གྲངས་པའི་ཀུན་བཏགས་དང་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་གཉིས་ཡོད། འདུས་མ་བྱས་ཀྱི་ཆོས་རྣམས་ནི་རང་འཛིན་ཤེས་པ་ལ་ངོ་བོ་དང་ཁྱད་པར་གྱི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཡང་དོན་དངོས་པོའི་གནས་ཚོད་ལ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཡིན་པས་རྣམ་གྲངས་པའི་ཀུན་བཏགས་ཞེས་བརྗོད་པ་ཡིན་ཅིང་། གང་ཟག་གི་བདག་དང་ཆོས་ཀྱི་བདག་གཉིས་ལྟ་བུ་དངོས་པོའི་གནས་ཚོད་ལ་གཏན་ནས་མེད་ཀྱང་། རང་འཛིན་རྟོག་པའི་ཡུལ་དུ་འཇོག་པ་ལྟ་བུ་ནི་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་སུ་ཁས་ལེན་པ་ཡིན། ཞེས་བཀྲལ་བ་ལྟ་བུ་རིག་གཞུང་གསར་བ་དང་སྤྱི་ཚོགས་གནས་སྟངས་གསར་བར་ག་ཚོད་འཇུག་བདེ་མིན་གྱི་སྐོར་ཞིབ་ཏུ་བརྟག་དགོས་པ་ཤིན་ཏུ་མང་།དབུ་མ་ཐལ་འགྱུར་བའི་ལྟ་གྲུབ་དང་བོད་ཀྱི་སྤྱི་ཚོགས་རིག་པའི་རྨང་གཞི། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད་འདྲེན་སྐབས་སུ། རང་མཚན་མི་འདོད་པ། རང་རྒྱུད་དང་རང་རིག་མི་འདོད་པ། ཀུན་གཞི་མི་འདོད་ཀྱང་ཕྱི་དོན་འདོད་པ། བདེན་འཛིན་ཉོན་མོངས་དང་བདག་མེད་གཉིས་ལ་ཕྲ་རགས་མེད་པ། འགོག་བདེན་དོན་དམ་བདེན་པ་ཡིན་པ། འཕགས་པ་ཡིན་ན་སྟོང་ཉིད་རྟོགས་པས་ཁྱབ་པ། སོ་སོ་སྐྱེ་བོའིཤེས་པ་ཐམས་ཅད་འཁྲུལ་ཤེས་དང་དཔྱད་ཤེས་ཚད་མར་འདོད་པ། ཡིད་མངོན་དང་རྟོག་པའི་གཞི་མཐུན་ཡོད་པ། ཕྲ་བའི་མི་རྟག་མངོན་སུམ་དུ་རྟོགས་པ། སོ་སོ་སྐྱེ་བོ་ལ་ཡོད་པ་དུས་གསུམ་དངོས་པོར་འདོད་ཅིང་མི་རྟག་སོགས་བཅུ་དྲུག་རྟོགས་ཙམ་གྱིས་སྦྱོར་ལམ་གསུམ་པོ་གང་དུའང་མ་སླེབ་པར་འདོད་པ། ཞེས་པ་ལྟ་བུ།

འདི་དག་གྲུབ་མཐའི་ཆེད་དུ་གྲུབ་མཐའ་སྦྱངས་བ་ཙམ་མ་ཡིན་པར། སྤྱི་ཚོགས་ཡར་རྒྱས་སམ་སྤྱི་ཚོགས་ཀྱི་གནད་དོན་སེལ་བྱེད་ཀྱི་རིགས་ལམ་དུ་ག་ཚོད་འགྲོ་ཐུབ་མིན་གྱི་ཚད་ལ་བརྟག་ཏེ། ནོར་བུའི་ནོར་གོ་ཆོད་དུ་འཇུག་དགོས། བོད་ལུགས་གྲུབ་མཐའ་རེས་མེད་ཀྱི་མཁས་ཆེན་དམ་པ་མང་པོར་རང་ལུགས་རེ་མཆིས་པ་དེ་དག་ལས། གངས་ཅན་པའི་སྤྱི་ཚོགས་ཡར་རྒྱས་གཏོང་བྱེད་ཀྱི་དེང་རབས་རིག་གཞུང་དང་སྣེ་མཐུད་དུ་རུང་བའི་ཁ་མཚམས་གང་གང་ན་ཡོད་པ་དང་། ཡང་ན། དེང་རབས་རིག་གཞུང་དང་ཁ་མཚམས་སྦྱོར་མི་དགོས་པར་ལྟ་གྲུབ་རང་ངོས་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་ཕྱོགས་ལ་ཕན་རླབས་ཆེ་བའི་རིགས་པ་མཁོ་སྤྲོད་ཀྱི་ནུས་པ་འདུག་ན། དགག་པ་ལས་སྒྲུབ་ཕྱོགས་ནས་བེད་སྤྱོད་རྒྱུ་གལ། འདིའང་རང་རེའི་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་ཡར་རྒྱས་གཉིས་བར་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་སུ་ཕྱིན་ན། སྤྱི་ཚོགས་ཡར་རྒྱས་ཀྱི་ལག་ལེན་ནང་ལྟ་གྲུབ་དེ་དག་གི་རིགས་པའི་ངར་ཁར་བརྡར་ཤ་བཅད་དེ་སྙིག་དོར་བཅུད་ལེན་གནང་འཐུས་ཤིང་། ལེབ་བརྡུངས་དགག་བཞག་ནི་རྣམ་དཔྱོད་དང་ལྡན་པའི་བྱ་སྤྱོད་ཅིག་མིན་པ་ཤིན་ཏུ་གསལ།

བོད་བཙན་པོའི་རྒྱལ་རབས་ལས་ལྷག་དོན་དུས་རབས་༨་པ་ནས་བཟུང་རང་རེའི་གངས་ཅན་པའི་མེས་པོ་བཀའ་དྲིན་ཅན་རབས་དང་རིམ་པས་སྲོག་བསྔོས་དང་བཅས་པའི་སྐུ་ངལ་བསྐྱོན་ཏེ་རྒྱ་གར་འཕགས་པའི་ཡུལ་ནས་དཔལ་ན་ལེན་ཏྲའི་ལྟ་གྲུབ་དང་རིགས་པའི་ཕྱག་རྒྱུན་དྲི་མ་མེད་པ་བོད་ཡིག་ཏུ་སྒྱུར་བ་ལས། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཕྱོགས་གླང་གི་༼ཚད་མ་ཀུན་བཏུས༽དང་། སློབ་དཔོན་ཆོས་གྲགས་ཀྱིས་མཛད་ཅིང་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའི་༼ཚད་མ་སྡེ་བདུན༽་དང་། ས་སྐྱ་པཎ་ཆེན་གྱིས་ཐོག་མར་མཛད་པའི་༼ཚད་མ་རིག་གཏེར༽དང་དེའི་འགྲེལ་བ་རིམ་པར་མཛད་ཅིང་། བཤད་གྲྭ་བཙུགས་ཏེ་ཚད་མ་སྤེལ། ཕྱྭ་བ་ཆོས་སེང་ཡབ་སྲས་ཀྱིས་བསྡུས་གྲྭའི་སྲོལ་བཏོད་ཅིང་སྤེལ་བས་བསླུ་མེད་རིགས་ལམ་དར་ཁྱབ་ཆེན་པོ་བྱུང་བ་བཅས་ཕྱི་མ་ཕྱི་མས་མི་ལོ་༧༠༠་འམ་༨༠༠་ཡི་ལོ་རྒྱུས་དལ་འབབ་རིང་མོ་བརྒྱུད་དེ་རྒྱལ་བའི་བཀའ་དང་དགོངས་པ་བསླབ་པ་སློབ་གཉེར། འགྲེལ་བ་དང་ཡང་འགྲེལ་སོ་སོའི་རྣམ་དཔྱོད་དང་ཉམས་མྱོང་བཅས་དང་སྦྱར་ཏེ་གནད་ཕྲ་མོའི་གཏིང་ཇེ་ཟབས་རྒྱ་ཇེ་ཆེར་བཏང་ཞིང་ལུང་དང་རྟོགས་པའི་ཡོན་ཏན་གཉིས་ལས་རྟོགས་པའི་ཡོན་ཏན་གཙོ་པོར་བཟུང་སྟེ། རིམ་གྱིས་བོད་རང་མཚན་པའི་རིག་གཞུང་ཞིག་ཏུ་ཡར་རྒྱས་བཏང་བའི་ལས་སོགས་ཟམས་མ་ཆད་པར་མཛད་པས་བོད་གངས་ཅན་པའི་ཤེས་རིག་གི་བོངས་ཚད་རི་བོའི་གཏོས་དང་མཉམ་པ་བསྐྲུན་ཐུབ་པར་གྱུར་བ་མ་ཟད། རིག་གཞུང་དཔྱོད་འཇུག་གི་རིགས་ལམ་དང་ལྟ་གྲུབ་ཚགས་ཚུད་ཚད་ཐུབ་ཏུ་བསྒྲུབས་པས་དེང་རབས་ཚན་རིག་གིས་དཔྱད་བཟོད་པའི་རིག་གཞུང་ཞིག་ཏུ་གོང་འཕེལ་བྱུང་ཡོད་ལ། དེ་དང་ལྷན་ཚད་མ་རིག་པ་ཉིད་ཀྱི་ཁྱབ་ཁོངས་དང་གཞུང་ལུགས་གཉིས་ཀ་གངས་རིའི་ལྗོངས་སུ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་ཕྱིན་པས། བོད་ཀྱི་ནང་པའི་མཚན་ཉིད་རིག་པའི་ལྟ་གྲུབ་དེ་རྒྱ་གར་རང་ལས་ཚད་ཐུབ་ཏུ་འཛིན་པའི་སྲོལ་ཆགས་པར་མ་ཟད། འཛམ་གླིང་ནང་པའི་ཡུལ་གྲུ་གཞན་མང་པོའི་དགོན་སྡེ་སྒྲིག་འཛུགས་ཁག་ཏུ་ནང་པའི་ལྟ་གྲུབ་དང་དགོངས་པ་ཚད་མའི་རིགས་ལམ་ལ་སྦྱར་ཏེ་བརྡར་ཤ་བཅད་ཅིང་རང་སྐྱ་ཕེར་བའི་ཡར་རྒྱས་ཤིག་བྱུང་མེད་ཚུལ་གནད་འདི་ལ་ཐུག

ལྷག་དོན་དབུ་མ་ཐལ་འགྱུར་བའི་དགོངས་པ་གཞིར་བཞག་གིས་རྟག་ཆད་སྣང་སྟོང་སོགས་ཀྱི་མཐའ་རྟགས་གཏན་ཚིགས་ཀྱི་རྣམ་བཞག་དང་བསྡུས་གྲྭའི་རིགས་ལམ་ལ་དྲངས་ཏེ་རྒྱལ་བའི་བཀའ་དང་བཅས་བརྡར་ཤ་རིམ་གྱིས་བཅད་དེ་རིམ་གྱིས་བསལ་བས། ས་པཎ་ནས་རིམ་པར་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་སྐུ་རིང་དུ་རིགས་པའི་རྣོ་ངར་དབལ་རྩེར་བསླེབས་ཤིང་། འཕགས་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་གནད་མ་ཟིན་ས་དང་ལག་འཇོག་མ་ཐུབ་པའི་རིགས་ཡོ་བསྲངས་དག་བཅོས་དང་ཡར་རྒྱས་མཛད་པ་མ་ཟད། དཀའ་གནས་མང་པོར་འགྲེལ་བ་ཐོག་མར་མཛད་དེ་སྟོང་ཉིད་ཀྱི་གོ་བ་ཕྲ་མོའི་གནད་སྣང་སྟོང་ཟུང་འཇུག་ཏུ་འཁྱེར་ཏེ་བདེན་གཉིས་དང་དྲང་ངེས་ཀྱི་འབབ་གཞི་གསལ་ཐང་ཐང་དུ་མཛད་དེ་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་སྔུན་ཆོད་པར་བྱས་པས། བོད་མི་རིགས་ཀྱི་ཤེས་རིག་གི་རིན་ཐང་འཛམ་གླིང་མཚན་ཉིད་རིག་པའི་གདེང་ཆའི་སྟེང་ཁྲི་མཐོན་པོ་ཞིག་ཟིན་པས་སྐུ་དྲིན་ལྷག་ཏུ་ཆེ་ཞིང་། གྲུབ་མཐའ་ཙམ་གྱི་མཐོང་མིག་བཏད་དེ་དགེ་ལུགས་པའི་སྲོལ་བཏོད་མཁན་ཞེས་པའི་གླེང་ཕྱོགས་ཙམ་མ་ཡིན་པར་གངས་ཅན་པའི་རིག་གནས་སྤྱི་ལ་ཕུགས་བརྩན་པའི་སྒོ་ལམ་གསར་བ་ཞིག་ཕྱེས། གངས་ཅན་པའི་རིག་གནས་ཀྱི་ངོ་བོ་དང་མཚན་ཉིད་རིག་པའི་ཁྱད་ཆོས་གསལ་ཐང་ཐང་དུ་མཛད་ཅིང་། འགྲོ་བ་མིའི་རིགས་ཀྱི་མཚན་ཉིད་རིག་པར་རིགས་པའི་རྣོ་དབལ་གཞན་དྲིང་མེད་པ་བསྣན་པས་ད་ལྟའི་འཛམ་གླིང་སྤྱི་ཡི་མཚན་ཉིད་རིག་པའི་ནང་འདི་ལས་ལྷག་པའི་ངར་ཁ་མེད་པ་ཤིན་ཏུ་གསལ།

དེ་ལ། འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོའི་སྣང་སྟོང་དབྱེར་མེད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པ་དེས་གནད་ཀུན་གྱི་རྩ་བ་ཟིན་ཏེ་འཛམ་གླིང་ཐུན་མོང་གི་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལྟ་གྲུབ་གྱི་ནང་རྩེ་ཕུད་དུ་ཕྱིན་ཞིང་། འདས་བྱས་རྟེན་འབྲེལ་གྱི་རང་བཞིན་ཡིན་པ་དང་མི་རྟག་པའི་འགྱུར་རྒྱུན་ལ་ཆོས་ཉིད་ཅིག་ཡོད་པར་འདོད་ལ་ཆོས་ཉིད་དེ་རྟོགས་ཐུབ་པ་ཞིག་ཡིན་པར་འཛམ་གླིང་མཁས་པས་ཐུན་མོང་དུ་འདོད་ཀྱང་། དྲང་ངེས་ཕྱེས་ཏེ་སྣང་སྟོང་དབྱེར་མེད་གཞི་གཅིག་ཏུ་མཐོང་བའི་དངོས་གཙོ་རྩོད་སྒྲུབ་རིག་པའི་ལྟ་གྲུབ་བཞེས་མཁན་འཛམ་གླིང་འདིར་རྗེ་ཙོང་ཁ་པ་ལས་ལྷག་པ་ཞིག་ཤིན་ཏུ་དཀོན།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་ཞལ་ནས། འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོར། སྣང་སྟོང་ཟུང་འཇུག་གམ་མདོར་ན་སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། སྟོང་བ་ཁས་ལེན་བྲལ་བའི་གོ་བ་གཉིས་མི་བདེ་བ་ཅུང་ཟད་ཀྱང་མེད་པར་གཞི་གཅིག་གི་སྟེང་ནས་སྣང་བས་ཡོད་མཐའ་སེལ་བ་དང་། སྟོང་བས་མེད་མཐའ་སེལ་བའི་ཐུན་མོང་མ་ཡིན་པའི་གོ་བ་འཁྲུངས། ཞེས་གདེང་འཇོག་ཚད་ཐུབ་ཏུ་གནང་ཞིང་། རྗེ་ཙོང་ཁ་བ་ཆེན་པོའི་མཚན་ཉིད་རིག་པའི་ལྟ་གྲུབ་དང་མཛད་པ་བོད་ཡིག་གི་སྤྱི་ཚོགས་ཁོ་ནའི་ནང་འཁོར་བསྡད་པས་འཛམ་གླིང་ཁྱོན་ལ་སྤེལ་མ་ཐུབ་དང་། དེ་འདྲའི་མཚན་ཉིད་རིག་པའི་དགོངས་པ་དང་མཛད་རྗེས་དེ་སྐུ་ཞབས་Georg Wilhelm Friedrich Hegel(༡༧༧༠.༨-༡༨༣༡.༡༡) དང་Karl Marx (༡༨༡༨.༥-༡༨༨༣.༣) སོགས་ནུབ་ཕྱོགས་མཚན་ཉིད་སྨྲ་བའི་ཁྱུ་མཆོག་རྣམས་ཀྱིས་ཧ་གོ་ཡོད་པ་མ་རེད། གལ་ཏེ་ཧ་གོ་ཡོད་ན། ཁོང་རྣམ་གཉིས་ལས་སྔ་མས་རྩོད་སྒྲུབ་སེམས་གཙོའི་ལྟ་གྲུབ་འཆང་ཞིང་ཕྱི་མས་བདེན་གཉིས་ལས་ཀུན་རྫོབ་ཁོ་ན་མཐོང་བ་སོགས་ཀྱི་སྐྱོན་བཟོ་མི་སྲིད་པ་དང་། སྐྱོན་དེ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་ད་ལྟའི་འཛམ་གླིང་འདིའི་སྤྱི་ཚོགས་ཡར་རྒྱས་ཀྱི་ལམ་ག་མཐའ་གཉིས་སུ་ལྷུང་ཡོད་པ་ཤིན་ཏུ་གསལ་ཞིང་། འཇིག་རྟེན་གྱི་དེ་ཉིད་དང་ངོ་བོ་བཀྲལ་བ་ལ་རྟེན་འབྲེལ་དང་རྟེན་འབྱུང་གང་ཡིན་ཀྱང་བོད་ཀྱི་མཚད་ཉིད་རིག་པ་དང་ལྟ་གྲུབ་ཀྱི་སྐོར་ཚན་རིག་དང་མཐུན་པར་འགྲེལ་བཤད་རྒྱག་ཐུབ་པར་གྱུར་བས། འཛམ་གླིང་ནང་བོད་ལུགས་ནང་པའི་རིག་གཞུང་དེ་ཚན་རིག་ཅན་གྱི་རིག་གཞུང་ཞིག་ཏུ་ངོས་ལེན་ཐོབ་པར་བྱས་པ་དེའང་བཙན་བྱོལ་དུ་ཕེབས་པའི་གྲུབ་འབྲས་གལ་ཆེན་ཞིག་ཏུ་མཐོང་།

འཇམ་མགོན་བླ་མ་ཤར་ཙོང་ཁ་བ་ཆེན་པོས་རྟེན་འབྲེལ་དང་རྟེན་འབྱུང་དབར་གྱི་གནད་ཁྱད་ཕྲ་མོའི་མཚམས་ཕྱེས་ཏེ་མཚན་ཉིད་རིག་པའི་ཆ་ནས་ཡར་རྒྱས་བླ་མེད་མཛད་འདུག་པ་བོད་ཕྱི་རབས་པས་ལྷག་དོན་ཏུ་ཤེས་དགོས་ཤིང་། འདུས་བྱས་ཆོས་ཀྱི་དེ་ཉིད་རྟོགས་ཐབས་འཛམ་གླིང་ཤར་ནུབ་ཀྱི་མཚན་ཉིད་སྨྲ་བ་ཀུན་གྱི་ཐུན་མོང་དཔྱད་བྱ་ཡིན་པས། འཇམ་མགོན་བླ་མ་ཤར་ཙོང་ཁ་ཆེན་པོའི་རྟེན་འབྱུང་རིགས་པའི་རྣམ་བཞག་དང་། Georg Wilhelm Friedrich Hegel་དང་Kar Marx་རྣམ་གཉིས་ཀྱིས་མཚོན་པའི་ནུབ་ཕྱོགས་རྩོད་སྒྲུབ་སྨྲ་བའི་ནང་དུ། རྩོད་སྒྲུབ་ཀྱི་རིགས་པའི་ངར་ཁ་བདེན་གཉིས་ཀྱི་ལྟ་གྲུབ་དང་སྦྱར་ཏེ་བསྡུར་ན། ཀུན་རྫོབ་བདེན་པའི་སྐབས་སུ་ལྟ་ཕྱོགས་མ་འདྲ་བ་ལས་འབབ་ས་གཅིག་ཏུ་སྣང་ཞིང་། དོན་དམ་བདེན་པའི་སྐབས་སུ་སྐུ་ཞབས་Hegel་དང་Kar Marx་རྣམ་གཉིས་ལ་སྣང་སྟོང་དབྱེར་མེད་དུ་འཛིན་པའི་རྩོད་སྒྲུབ་གཉུག་མའི་ལྟ་གྲུབ་དང་དེའི་རིགས་པའི་ངར་ཁ་རྒྱུད་ལ་སྐྱེས་མ་ཐུབ་པ་འདྲ། གལ་ཏེ། སྣང་བའི་ངང་ནས་སྟོང་བ་དང་། སྟོང་བ་སྣང་བས་གྲུབ་པར་དགོངས་པ་འདི་དབྱིན་ཡིག་གི་སྒང་སྔར་ནས་ཡོད་པ་ཡིན་ན། འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོར་འཛམ་གླིང་དངོས་གཙོ་རྩོད་སྒྲུབ་སྨྲ་བའི་མཚན་ཉིད་རིག་པ་བའི་གྲས་སུ་བཞུགས་ཁྲི་མཐོ་ས་ཞིག་རེག་ཡོད་པ་ཐེ་ཚོམ་བྱེད་ག་ལ་དགོས།

འདི་ནི་བོད་སྔ་རབས་པའི་གྲུབ་མཐའ་རིས་མེད་ཀྱི་རིགས་པའི་ཉིང་ཁུ་གཅིག་ཏུ་བསྡེབས་པའི་རྨང་གཞིའི་སྟེང་འཇམ་མགོན་བླ་མ་རྗེ་ཙོང་བ་ཆེན་པོ་རང་གི་རྣམ་དཔྱོད་གཉིས་ཟུང་འབྲེལ་བྱས་པའི་གྲུབ་འབྲས་སུ་མངོན་ལ། མཚན་ཉིད་རིག་པའི་སྒང་ནས་རང་རེའི་གངས་ཅན་པ་ཡི་སྤྱི་ལམ་ཕུགས་བརྟན་པོ་ཞིག་མི་ལོ་དྲུག་བརྒྱ་ཡར་སྔོན་ནས་མཛད་ཟིན་པའི་བཀའ་དྲིན་འདིི་གང་ལ་འཇོག ཁྲོམ་པའི་ནང་གི་སྦལ་བ་ལྟ་བུའི་གང་ཟག་འགའི་མཐོང་སྣང་དུ་རྗེ་ཙོང་ཁ་བ་ཆེན་པོ་གྲུབ་མཐའ་ཞིག་གི་སྲོལ་བཏོད་པ་པོ་ཙམ་དུ་བཞག་ཏེ་ནོར་བུའི་ནོར་ངོ་མ་ཟིན་པ་ཙམ་ལས་གཞན་གང་ཡང་མ་ཡིན་ཤིན་ཏུ་གསལ་ལ། འགའ་རེ་ན་རེ། གལ་ཏེ་རྗེ་ཙོང་ཁ་པས་མཚན་ཉིད་རིག་པའི་སྒང་ནས་བོད་གངས་ཅན་པར་དེ་འདྲའི་ལམ་ག་ཞིག་བཏོད་ཡོད་ན་བོད་མི་རིགས་ད་ལྟའི་གནས་སྟངས་འདི་འདྲ་སྐྱོ་བོ་ཞིག་ཏུ་ཆགས་པ་རྒྱུ་མཚན་ག་རེ་ཡིན་ན། ཞེས་པའི་དྲི་བ་བསླང་སྲིད་ཀྱང་། ཕྱི་ནང་ལུས་སེམས་ཡ་བྲལ་གྱི་བདེ་སྐྱིད་འཚོལ་སྟངས་ལས་བྱུང་བའི་དེང་རབས་འཛམ་གླིང་སྤྱི་ཚོགས་ཀྱི་གནས་སྟངས་འདི་ནི་དབྱིན་ཡིག་གི་སྒང་ཏུ་རྗེ་ཙོང་ཁ་བ་ཆེན་པོའི་མཚན་ཉིད་རིག་པའི་ལྟ་གྲུབ་ཁྱབ་མ་ཐུབ་པའི་ཉེས་དམིགས་སུ་འདོད།

མཁའ་ཁྱབ་འགྲོ་བའི་ཞི་བདེའི་དེད་དཔོན་གངས་ཅན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་རྒྱལ་བའི་དབང་པོ་སྐུ་ཕྲིང་བཅུ་བཞི་བ་ཆེན་པོའི་ཐུགས་རྒྱང་དང་མཛད་པར་བརྟེན། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་གཙོས་པའི་བོད་གངས་ཅན་པའི་ནང་བའི་ལྟ་གྲུབ་ཆ་ཚང་ཁེབས་ཆེ་བའི་སྒང་ནས་ནུབ་ཕྱོགས་རྩེ་ཕུད་དེང་རབས་ཚན་རིག་པ་དང་ལྷན་བགྲོ་གླེང་གྲོས་བསྡུར་མི་ལོ་༣༠་རིང་གནང་བ་བརྒྱུད་དེ་ནུབ་ཕྱོགས་སེམས་ཁམས་རིག་པ་དང་རྡུལ་ཕྲན་ཆ་མེད་ཀྱི་རིགས་པའི་རྣམ་བཞག་སོགས་ཀྱི་ཞིབ་འཇུག་ཁ་ཕྱོགས་ལ་འཕེལ་ལམ་གསར་བ་རེག་ཚུལ་དོ་སྣང་ཅན་ཀུན་ལ་རྒྱུས་མངའ་མཆིས་པ་དེ་བཞིན་ཏུ་ལགས་ཤིང་། དེ་དང་ལྷན་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོར་ནུབ་ཕྱོགས་མཚན་ཉིད་སྨྲ་བ་མང་པོ་དོ་ཁུར་ཆེན་པོ་སླེབ་བཞིན་པ་འདི་དང་ལྷན། རང་རེ་རྣམས་ཀྱིས་མེས་པོའི་རིགས་པའི་རྣོ་དབལ་ལ་ངར་གསར་བ་དུས་དང་མཐུན་པར་ལྡུད་རྒྱུ་གལ་ཆེ་སྙམས་ཏེ། རིག་གཞུང་གསར་བ་དང་བོད་རང་གི་རིག་གནས་ཀྱི་རྩ་བ་བར་གྱི་མཐུད་མཚམས་ཚགས་ཚུད་དུ་སྦྱོར་ཇི་ཐུབ་ཏུ་འབད་པར་དཔེ་མཚོན་ཏུ། རྟེན་འབྲེལ་དང་རྟེན་འབྱུང་སོགས་རྩ་བའི་བརྡ་ཆད་དག་གི་དོན་སྤྱིའི་ཚད་མཚམས་གསལ་རྟོགས་དང་། འབྱུང་རྒྱུན་ཞེས་པའི་དོན་སྤྱི་གསར་བ་དང་བརྡ་ཆད་གསར་བ་ཁ་སྣོན་གྱི་སྐོར་ཅུང་ཟད་ཞུ་བ་ལ།

རྟེན་འབྲེལ་དང་རྟེན་འབྱུང་ཞེས་པའི་བརྡ་ཆད་འདི་གཉིས་རང་རེའི་གངས་ཅན་པའི་མཚན་ཉིད་རིག་པ་དང་ཐུན་མོང་ཡུལ་ཆོས་ཀྱི་རིག་གནས་ཁྲོད་དུ་སྤྱོད་སྒོ་ཤིན་ཏུ་ཆེ་ཞིང་དོན་སྤྱི་གལ་ཆེན་མཚོན་བྱེད་དུ་གྱུར་འདུག་ཚུལ་ཉི་མ་ཤར་ཤར་ཏུ་སྣང་ཞིང་། བརྡ་ཆད་འདི་གཉིས་བར་གྱི་འབྲེལ་བ་དང་ཁྱད་པར་རྟོགས་རྒྱུ་དེ་བོད་ཀྱི་སྤྱི་ཚོགས་རིག་པའི་རྨང་གཞི་འདིང་བར་སྔོན་འགྲོ་ལྟ་བུ་ཆགས་གཤིས། དེ་གཉིས་བརྟག་དཔྱད་བྱས་པ་བརྒྱུད་དེ་དོན་སྤྱི་གསར་བ་ཞིག་ཏེ་འབྱུང་རྒྱུན་ཞེས་པ་བཅས་རིམ་པར་གླེང་བར་བྱ་བ་ལ།

རྟེན་འབྲེལ་ཞེས་པའི་དོན་སྤྱི་བརྟག་པ།

རྟེན་འབྲེལ་ཞེས་པའི་བརྡ་ཆད་གལ་ཆེན་འདི་ནི་རྟེན་ཅིང་འབྲེལ་བ་ཞེས་པའི་ཚིག་སྡུད་ལས་གྲུབ་ཅིང་རིམ་གྱིས་མཚན་ཉིད་རིག་པའི་དོན་སྤྱི་གལ་གནད་ཅན་གྱི་ངོ་བོ་སྟོན་བྱེད་དུ་གྱུར་བ་ཞིག་ལགས་ན། ཆོས་ཐམས་ཅད་དཔྱད་ན་ངོ་བོ་ཅི་ཡང་མ་གྲུབ་པ་སྟོང་བ་ཉིད་དུ་གནས་ཀྱང་སྣང་ཙམ་དུ་ལྟོས་ནས་གྲུབ་ཅིང་བརྟེན་ནས་སྐྱེ་བ་ནི་རྟེན་འབྲེལ་གྱི་མཚན་ཉིད་ཅེས་ཚིག་མཛོད་དུ་འཁོད་ཅིང་། གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ། རྟེན་འབྲེལ་ལ་རང་བཞིན་གསུམ་དང་། རྐྱེན་གསུམ། རྣམ་གྲངས་བཞི་བཅས་མཆིས།

རྟེན་འབྲེལ་གྱི་རང་བཞིན་གསུམ་སྟེ། འཕྲད་པའི་དོན། ལྟོས་པའི་དོན། བརྟེན་པའི་དོན་ཞེས་རྟེན་འབྲེལ་གོ་བབ་ཀྱི་དབང་གིས་རང་བཞིན་མ་འདྲ་བ་ཆགས་ཤིང་། འཇིག་རྟེན་ཀུན་རྫོབ་ཀྱི་ལུགས་དཔྱད་བྱར་བཟུང་བའི་བོད་ཀྱི་སྤྱི་ཚོགས་ཚན་རིག་གསར་བའི་འཛུགས་སྐྲུན་ལ་མཁོ་གལ་ཤིན་ཏུ་ཆེ་ལ། ལྷག་དོན་བབ་འདིའི་སྤྱི་ཚོགས་རིག་པའི་ཤེས་བྱའི་མ་ལག་འཐུས་ཚང་དུ་གཏོང་བྱེད་གལ་ཆེན་ཏུ་སྣང་། རྟེན་འབྲེལ་གྱི་རྐྱེན་གསུམ་སྟེ། གཡོ་བ་མེད་པའི་རྐྱེན། མི་རྟག་པའི་རྐྱེན། ནུས་པའི་རྐྱེན་ཞེས་རྟེན་ཅིང་འབྲེལ་བར་སྣང་བྱེད་ཀྱི་རྐྱེན་གྱི་རྣམ་གྲངས་རེ་རེ་བཀར་བ་འདིའང་དགེ་བ་དང་རྒྱུ་མཚན་སྤྱི་ཚོགས་རིག་པའི་ནང་ལྷག་ཏུ་ཆེ། རྟེན་འབྲེལ་བཞི་སྟེ། སྐད་ཅིག་མ། རྒྱུན་ཆགས་པ། འབྲེལ་བ་ཅན། གནས་སྐབས་ཀྱི་རྟེན་འབྲེལ་བཅས་བོད་ཀྱི་དེང་རབས་རིག་གཞུང་གསར་བར་མཚོན་ན་མེད་དུ་མི་རུང་བའི་དོན་སྤྱི་དང་བརྡ་ཆད་དུ་ཆགས།

འདུས་བྱས་ཀྱི་གྲུབ་ལུགས་དང་སྣང་ལུགས་ཀྱི་ངོ་བོ་སྟོན་བྱེད་ཡིན་ཞིང་། ཕྱིས་སུ་རིགས་ལམ་དང་གོ་བ་ཡར་རྒྱས་ཕྱིན་ཏེ་འདུས་བྱས་ཀྱི་དེ་ཉིད་གནད་ཕྲ་མོ་རྟོགས་ཚད་ལས་གཞི་གྲུབ་གང་ཞིག་དེ་མེད་པ་ནས་ཡོད་པར་གྱུར་བའི་འབྱུང་ལུགས་སྟོན་བྱེད་དང་། སྤྱིར་རྟེན་འབྱུང་ཞེས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ཚིགས་སྡུད་ཡིན་པ་ཡོངས་གྲགས་ཡིན་ཀྱང་། ཆོས་ཐམས་ཅད་དཔྱད་ན་ངོ་བོ་ཅི་ཡང་མ་གྲུབ་པ་སྟོང་པ་ཉིད་དུ་གནས་ཀྱང་སྣང་ཙམ་དུ་ལྟོས་ནས་གྲུབ་ཅིང་བརྟེན་ནས་སྐྱེ་བ་ནི་རྟེན་འབྲེལ་གྱི་མཚན་ཉིད་དམ་ངོ་བོར་གོ

དབུ་མའི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་གཏན་ཚིགས་ཆེན་པོ་ལྔའི ་ནང་གསེས། ཆོས་ཐམས་ཅད་བདེན་མེད་དུ་སྒྲུབ་པའི་རིགས་པའི་རྒྱལ་བོ་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་ཏེ། དེ་དག་གི་ནང་ནས་མཐའ་གཉིས་བསལ་ནས་དབུ་མའི་ལྟ་བ་རྒྱུད་ལ་བསྐྱེད་པར་བྱེད་པར་རྟེན་འབྲེལ་གྱི་གཏན་ཚིགས་འདི་ལས་ལྷག་པ་མེད་པའི་ཕྱིར་རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ཞེས་བསྔགས་པ་མཛད།

རྟེན་འབྱུང་ཞེས་པའི་དོན་སྤྱི་བརྟག་པ།

འདིར་སྐབས་སུ་བབ་པའི་བརྗོད་གཞི་སྟེ། རྟེན་འབྱུང་ཞེས་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་མཆོས་པ་ལས། སྔ་མ་སྟེ་ཐུན་མོང་བའི་རྟེན་འབྱུང་ལ་གོ་དགོས་ཤིང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ཚིག་སྡུད་ལས་གྲུབ་པའི་བརྡ་ཆད་གནད་འགག་ཅན་ཞིག་ཡིན་ཞིང་། གང་ཞིག་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་དང་ཆ་ཤས་ཚོགས་དགོས་པ་ལས་གང་ཡང་རུང་བ་མ་ཚང་ན་མི་སྐྱེ་ལ་ཚང་ན་ངེས་པར་སྐྱེ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ངང་ཚུལ་ཡིན་པས་ན།

རྩ་བ་ཤེས་རབ་ལས།
གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །
ཆོས་འགའ་ཡོད་པ་མ་ཡིན་ལ། །
གང་ཕྱིར་སྟོང་པ་མ་ཡིན་པའི། །
ཆོས་འགའ་ཡོད་པ་མ་ཡིན་ནོ། །
ཞེས་གསུངས།

རྟེན་འབྱུང་ཞེས་པ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་མེད་པ་སྐྱེ་ཞིང་སྣང་བར་གྱུར་བའི་གནས་ལུགས་བསྟན་པའམ་ཡང་ན་རྒྱུ་རྐྱེན་དུ་མ་འདུས་པ་ལ་བརྟེན་ནས་འབྲས་བུ་འབྱུང་བའམ། ཕན་ཚུན་ལྟོས་འཇོག་གི་ཚུལ་གྱིས་མེད་ན་མི་འབྱུང་བའི་འབྲེལ་བ་སྟོན་བྱེད་ཀྱི་དོན་སྤྱི་ཞིག་ཏུ་འདོད། དཔེར་ན། ས་བོན་ལས་མྱུ་གུ་དང་སྐྱེ་བ་ལས་རྒ་ཤི།
རིང་ཐུང་མཐོ་དམའ་སོགས་ལྟོས་ས་ལྟོས་འཇོག་གི་འབྱུང་ལུགས་རྟོགས་བྱེད་ཀྱི་དོན་སྤྱི་གལ་ཆེན་ཞིག།

རྟེན་འབྲེལ་དང་རྟེན་འབྱུང་གཉིས་ཀྱི་ཁྱད་པར་བརྟག་པ།

དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས།
རྟེན་ཞེས་ཆོས་ཉིད་མི་འདོར་ལ།།
འབྱུང་ཞེས་འཇིག་རྟེན་ཚུལ་ཡང་མཐུན།།
རིགས་ཚུལ་ཀུན་ལས་རྒྱལ་པོ་བཞིན།།
རྟེན་ཅིང་འབྲེལ་འབྱུང་ཚད་མའི་བཀའ།།

ཞེས་སྡེ་ཁྲི་ཡོངས་འཛིན་རིན་པོ་ཆེའི་གསུང་ནང་ཡོད་པ་ལྟར་ཡིན་པས། བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས་རྟག་ཆད་ཀྱི་མཐའ་གཉིས་ཀར་མི་ལྷུང་བ་ཞིག་སྟེ། རྟེན་འབྲེལ་དང་། རྟེན་འབྱུང་ཞེས་པའི་གོ་བའི་ཐོག་ནས་མཐའ་གཉིས་ཀ་སེལ་བའི་ནུས་པ་ཡོད་ཅེས་གསུངས་པ་ཡིན། ཞེས་རྟེན་འབྲེལ་དང་རྟེན་འབྱུང་གཉིས་ཀྱི་བསྟན་བྱ་དོན་ཀྱི་ཁྱད་པར་ཕྲ་མོ་ཕྱེས་འདུག་པ་ནང་བཞིན། འདས་བྱས་གང་ཞིག་གི་གཞི་གྲུབ་དེ་རྒྱུ་དང་རྐྱེན་གྱི་འབྲེལ་བས་སྣང་ཞིང་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་དགོས་པ་ཆོས་ཐམས་ཅད་ཀྱི་དེ་ཉིད་དུ་ཆགས།

རང་རེའི་གངས་ཅན་པའི་དམ་པ་གོང་མ་སྐུ་དྲིན་ཅན་རབས་དང་རིམ་པས་རྒྱལ་བའི་བཀའ་དང་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ནས་བརྒྱུད་ཅིང་། ཆོས་ཀྱི་དེ་ཉིད་རྟོགས་བྱེད་ལ་རིགས་ལམ་གྱི་ཐད་ནས་ད་ལྟ་ཡིན་ནའང་འགྲན་པའི་ཟླ་བྲལ་ཞིང་དཔྱད་བྱ་གསར་བའི་ཁོངས་སུ་འཇུག་ཕྱོད་ཆེ་བའི་དབུ་མའི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་གཏན་ཚིགས་ཆེན་པོ་ལྔའི་ནང་གསེས། རྟེན་འབྲེལ་དང་རྟེན་འབྱུང་གཉིས་ཀྱི་དོན་སྤྱི་རེ་རེ་ནས་མདོར་བསྡུས་སུ་བཀྲལ་ཟིན་པ་ལྟར་། བརྡ་ཆད་འདི་གཉིས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་མཆིས་ལ་ཁྱད་པར་ཀྱང་ཡིག་འབྲུའི་ཁྱད་པར་ཙམ་མ་ཡིན་པར་བསྟན་བྱའི་དོན་ལའང་ཁྱད་པར་འདུག།འདི་ལ་ཡིག་འབྲུའི་ཁྱད་པར་དང་བསྟན་བྱ་དོན་གྱི་ཁྱད་པར་གལ་ཆེན་པོ་མཆིས་ཚུལ་རྟོགས་རྒྱུ་ཤིན་ཏུ་གལ།

༡༽
ཡིག་འབྲུའི་ཁྱད་པར།

རྟེན་འབྲེལ་དང་རྟེན་འབྱུང་ཞེས་པའི་བརྡ་ཆད་གཉིས་ལས་འདས་བྱས་ཀྱི་ངོ་བོ་དང་ཆོས་ཉིད་སྟོན་བྱེད་ལ་གཅིག་གྱུར་གྱི་འབྲུ་སྟེ་རྟེན་ཞེས་པ་སྦྱར་བས་འདས་བྱས་ཡིན་པ་གང་ཞིག་དོན་དམ་དུ་དེའི་གཞི་མཐུན་གྱི་ཆོས་ཉིད་མཚོན་ཞིང་། འབྲེལ་དང་འབྱུང་ཞེས་པའི་འབྲུ་གཉིས་སྦྱར་བས་ཀུན་རྫོབ་འཇིག་རྟེན་གྱི་ཚུལ་ལུགས་ཐ་དད་པ་གཉིས་ཏེ་སྣང་ལུགས་དང་སྐྱེ་ལུགས་མཚོན། ཚིག་མཛོད་ཁག་ཏུ། འབྲེལ་ཞེས་པ་ནི་ཕན་ཚུན་མཐུད་པའམ་བརྟེན་པ་ལ་སོགས་པའི་དོན་ཞེས་བཀྲལ་བ་དང་། འབྱུང་ཞེས་པ་ནི་བྱུང་གི་མ་འོངས་པ་དང་ད་ལྟ་བ་ཞེས་བཀྲལ་ལ། བྱུང་ཞེས་པ་ཡོད་པར་གྱུར་བའི་དོན་ཞེས་འཁོད་འདུག གང་ལྟར་འབྲེལ་དང་འབྱུང་གཉིས་ཀྱི་ཡིག་འབྲུ་དང་འབྲུ་དོན་ཐ་དད་ཡིན་པས་དོན་གཅིག་མིང་གི་རྣམ་གྲངས་མ་ཡིན་པ་ཤིན་ཏུ་གསལ། ཡང་། ནུབ་ཕྱོགས་པའི་ནང་བོད་ཀྱི་ནང་ཆོས་ལྟ་གྲུབ་སྒང་ལ་ཞིབ་འཇུག་གནང་མཁནའགའ་རེས་རྟེན་འབྲེལ་དང་རྟེན་འབྱུང་ཞེས་པའི་བརྡ་ཆད་གཉིས་ལས་རྟེན་གྱི་ཚིག་གྲོགས་འབྲེལ་དང་འབྱུང་ཞེས་པའི་ཡིག་འབྲུ་གཉིས་ལ་ཁྱད་པར་ཡོད་པས་བསྟན་བྱ་ལའང་ཁྱད་པར་འདུག་ཚུལ་རིགས་ལམ་ཕྲ་མོས་དཔྱད་དགོས་སྣང་ཞེས་འཁོད།

༢༽
བསྟན་བྱ་དོན་གྱི་ཁྱད་པར།

རྟེན་འབྲེལ་དང་རྟེན་འབྱུང་ཞེས་པའི་བརྡ་ཆད་གཉིས་ནི་འདུས་བྱས་གང་ཞིག་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་གཞི་གྲུབ་ཚུལ་དང་། རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་ཚུལ་གྱི་གནས་ལུགས་མཚོན་བྱེད་ཀྱི་དོན་སྤྱི་གཉིས་ཡིན་ཞིང་། རྟེན་འབྲེལ་ཞེས་པའི་སྐབས་སུ་འདས་བྱས་གང་ཞིག་དེའི་སྣང་ལུགས་ཆོས་ཉིད་བསྟན་པ་དང་། རྟེན་འབྱུང་ཞེས་པའི་སྐབས་སུ་འདས་བྱས་གང་ཞིག་དེའི་སྐྱེ་འགག་གཉིས་ལས་སྐྱེ་ལུགས་ཆོས་ཉིད་བསྟན་ཞིང་། བརྡ་ཆད་དེ་གཉིས་འདས་བྱས་གང་ཞིག་དེའི་སྣང་ལུགས་དང་སྐྱེ་འགག་གི་ཆོས་ཉིད་བསྟན་པ་ངོ་བོའི་ཆ་ནས་གཅིག་ཏུ་འབབ་ཀྱང་འཇིག་རྟེན་ཀུན་རྫོབ་ཀྱི་འབབ་ས་ཐ་དད་ཡིན་པས་ཉ་ཉོག་མཉམ་བསྲོས་བྱེད་མི་རུང་བའི་གནད་འདུག

༣༽
འབྱུང་རྒྱུན་ཞེས་པའི་དོན་སྤྱི་གསར་བར་བརྟག་པ།

མཚན་ཉིད་རིག་པའི་ནང་དུ་དོན་སྤྱི་གསར་བ་གལ་གནད་ཅན་ཁ་སྣོན་བྱེད་པ་ནི་ཡར་རྒྱས་ཤིག་ཏུ་མཐོང་ཞིང་། དེའང་འཛམ་གླིང་ཐུན་མོང་གི་མཚན་ཉིད་རིག་པའི་འཕེལ་རིམ་ལོ་རྒྱུས་ལ་བལྟས་ན། སྔ་མ་སྔ་མའི་རྨང་གཞིའི་སྟེང་དོན་སྤྱི་གསར་བ་མང་པོ་དཔྱད་འབྲས་སུ་བསླེབས་ཏེ་རིག་པའི་མ་ལག་ཆེན་པོ་གོང་ནས་གོང་དུ་འཕེལ་པ་དེ་ནི་ཐུན་མོང་གི་ཡར་རྒྱས་འགྲོ་སྟངས་ཤིག་ཏུ་ཆགས་ཤིང་རིག་ཚན་གསར་བ་མང་པོའི་ཡན་ལག་རྒྱས་ཐུབ་པ་བྱུང་། དོན་སྤྱི་གསར་བ་གལ་གནད་ཅན་དཔྱད་འབྲས་སུ་ཁ་སྣོན་བྱས་ཏེ་རིག་ཚན་གསར་བའི་སྲོལ་གཏོད་པ་སྔོན་འགྲོར་ཆགས་ཡོད་གཤིས། བོད་ཀྱི་སྤྱི་ཚོགས་རིག་པའི་རྨང་རྡོ་བོད་རང་གི་མཚན་ཉིད་རིག་པ་ཡིན་དགོས་པས། རང་རེའི་མཚན་ཉིད་རིག་པའི་རྒྱ་མཚོ་ལས་སྤྱི་ཚོགས་རིག་པའི་རྨང་རྐང་ཏུ་འཐུས་པའི་ཆ་མཐོང་ཞིང་རྟོགས་ཚོད་ཅི་མཆིས་དེ་གཞིར་བཟུང་ཐོག་གཞུང་ལུགས་ཀྱི་འཇུག་ལམ་གཙང་མ་བཙལ་རྒྱུ་ཤིན་ཏུ་གལ།

འབྱུང་རྒྱུན་ཞེས་པའི་ཐ་སྙད་འདི་གསར་ཏུ་བཏགས་པ་ཞིག་སྟེ། འདུས་བྱས་གང་ཞིག་དེའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུན་ཞེས་པའི་ཚིག་སྡུད་ཡིན་ཞིང་། འདུས་བྱས་གང་ཞིག་དེའི་རྫས་རྒྱུན་སྔ་མ་འགག་པ་དང་ཕྱི་མ་བསྐྱེད་པའི་བརྒྱུད་རིམ་གྱི་རྒྱུན་ནམ་སྔ་འགག་ཕྱི་སྐྱེ་ཡི་རྒྱུན་ཞིག་ལ་གོ་དགོས། འཇིག་རྟེན་ཀུན་རྫོབ་ཀྱི་སྤྱི་ཚོགས་དེ་ལ་གྲུབ་བྱེད་ཀྱི་རྒྱུ་དང་རྐྱེན་སྣ་ཚོགས་མཆིས་ཤིང་རྟག་འཛིན་གྱི་ངོ་བོ་སྟེ་བོད་མི་རིགས་དང་བོད་ཀྱི་སྤྱི་ཚོགས་ཞེས་པར་གྲུབ་རྒྱུན་དང་སྣང་རྒྱུན་གཉིས་ཀ་ལྡན་པ་ལས། འདུས་བྱས་ཀྱི་རྒྱུ་རྐྱེན་སྣ་ཚོགས་དུས་ཀྱི་དབང་གིས་ཡར་རྒྱས་ཀྱི་འཕོ་འགྱུར་བྱུང་སྟེ་ད་ལྟའི་ཚད་འདིར་བསླེབས། དེ་ལ་རྒྱུན་ཞིག་ཡོད་པ་ལས་སྤྱི་ཚོགས་ཀྱི་སྒྲིག་གཞིའི་རྒྱུན་དེའང་ད་ལྟ་བར་དུ་གནས་བསྡད་པ་མངོན་སུམ་ཡིན་པས། བབ་འདིར་སྤྱི་ཚོགས་ཀྱི་སྒྲིག་གཞིའི་འཕེལ་རྒྱུན་རྟོགས་བྱེད་ལ་གནད་ཟིན་བྱེད་ཀྱི་བརྡ་ཆད་ཅིག་མེད་དུ་མི་རུང་བར་ཆགས་པས། འབྱུང་རྒྱུན་ཞེས་པ་འདི་ཐོག་མར་བཏོན་པ་དང་སྤྱི་ཚོགས་ཀྱི་སྒྲིག་གཞའི་རྒྱུན་རྟོགས་བྱེད་དུ་བྱས།

དམ་པ་གོང་མའི་སྲོལ་རྒྱུན་བཟང་བོ་མི་ཉམས་གོང་འཕེལ་ཡོང་བ་ལ། ཡར་རྒྱས་དང་ཁ་སྣོན་ལ་དམིགས་ཏེ། འབྱུང་རྒྱུན་ཞེས་པའི་དོན་སྤྱི་དང་བརྡ་ཆད་གསར་ཏུ་བཏོད་ཅིང་། མཚན་ཉིད་ནི། འདུས་བྱས་དང་གཞི་གྲུབ་གང་རུང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་འགག་གི་རྒྱུན་དང་། འདུས་བྱས་གང་ཞིག་དེའི་སྣང་ཡུན་གྱི་འབྲེལ་རྒྱུན་ལ་གོ་ཞིང་། ཆོས་ཀྱི་སྣང་ཡུན་མཚོན་བྱེད་ཀྱི་དོན་སྤྱི་ཞིག་སྟེ། བརྗོད་ཟིན་པའི་རྟེན་འབྲེལ་དང་རྟེན་འབྱུང་གཉིས་ལས་འབབ་ཕྱོགས་ཀྱི་ཆ་ལ་ཁྱད་པར་ཅུང་ཟད་ཕྱེས་ཏེ་ཁ་སྣོན་བྱས། འདུས་བྱས་གང་ཞིག་དེའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུན་དང་སྣང་ཡུན་གྱི་ངོ་བོ་སྟོན་བྱེད་ལ་འབྱུང་རྒྱུན་ཞེས་བཏགས་ཤིང་། འདུས་བྱས་ཀྱི་འབྱུང་ལུགས་དང་སྣང་ཡུན་སྟོན་བྱེད་ཀྱི་བརྡ་ཆད་འབྱུང་རྒྱུན་ཞེས་པ་འདི་ཞིབ་འཇུག་གི་ཁྱབ་ཁོངས་སྣ་ཚོགས་སུ་འཇུག་པའི་དོན་གྱི་ངོ་བོ་ཞིག་ཏུ་འདོད།འདིར་སྤྱི་ཚོགས་རིག་པའི་ནང་། སྒྲིག་གཞིའི་འབྱུང་རྒྱུན་སྨྲ་བའི་གཞུང་ལུགས་དང་སྦྱར་ཏེ་སྤྱི་ཚོགས་གང་ཞིག་དེའི་སྒྲིག་གཞིའི་འབྱུང་རྒྱུན་སྟོན་བྱེད་དུ་དྲངས། སྤྱིར་དབྱིན་ཡིག་གི་ནང་structuration་ཞེས་པ་ཐོག་མར་སྤྱི་ཚོགས་སེམས་ཁམས་རིག་པའི་བརྡ་ཆད་ཅིག་ཡིན་ཞིང་། སྒྲིག་གཞིའི་འབྱུང་རྒྱུན་སྨྲ་བའི་ཤིང་རྟ་ཆེན་མོ་སྐུ་ཞབས་Anthony Giddensམཆོག་ནས་ཁོང་གི་སྤྱི་ཚོགས་རིག་པའི་ནང་དྲངས་པ་དང་ལྷན་གོ་དོན་གྱི་རྒྱ་བསྐྱེད་དེ་སྤྱི་ཚོགས་སྒྲིག་གཞིའི་འབྱུང་རྒྱུན་མཚོན་བྱེད་ཀྱི་དོན་སྤྱི་གསར་བའི་མཚན་ཉིད་བཞག

བརྡ་ཆད་འདི་ཐོག་མར་རང་རེའི་བོད་ཀྱི་སྤྱི་ཚོགས་རིག་པའི་ནང་དྲངས་ཤིང་སྤྱི་ཚོགས་ཀྱི་སྒྲིག་གཞིའི་འབྱུང་རྒྱུན་བརྟག་དབྱེ་ལ་མཁོ་བའི་རིགས་པའི་ལག་ཆ་ཞིག་ཏུ་འཐུས་སྙམ་པས་structurationཞེས་པའི་སྐད་དོད་དུ་སྦྱར། སྤྱི་ཚོགས་ཀྱི་སྒྲིག་གཞི་ཞེས་པ་ཁང་པའི་ཀ་གདུང་གིས་གྲུབ་པའི་མིག་མཐོང་ལག་ཟིན་གྱི་གཟུགས་ཅན་ལྟ་བུ་མ་ཡིན་པར། གཏན་ཆགས་ཀྱི་རིག་གནས་མུ་རྒྱུད་ཅིག་ལག་ལེན་ཡུན་རིང་བྱས་པར་བརྟེན་ཏེ་ཆགས་པའི་སྤྱི་ཚོགས་འབྲེལ་ལམ་གྱིས་གྲུབ་ཅིང་སྤྱི་ཚོགས་གང་དེའི་གཞི་དབྱིབས་འཛིན་བྱེད་ཅིག་ཡིན་ཞིང་། གཞི་དབྱིབས་དེའི་བྱུང་འཕེལ་གྱི་རྒྱུན་དེ་ནི་མི་རིགས་ཀྱི་ལོ་རྒྱུས་དང་འགྲོགས་ཏེ་གནས་ཤིང་། རིག་གནས་ཡར་རྒྱས་དང་འཕེལ་གྲིབ་ཀྱི་དབང་གིས་གཞི་དབྱིབས་དེར་རྒྱ་ཆེ་ཆུང་གི་འཕོ་འགྱུར་སྣ་ཚོགས་བྱུང་།

༼མུ་འགོད༽

2 Responses

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།