༄༅། །གོརྵས་བོད་ལ་བཙན་འཛུལ་བྱེད་ཚུལ

མཛད་པ་པོ། སྒོ་ཤེས་རབ་རྒྱ་མཚོ།

ཉེ་དུས་བོད་ཀྱི་ཤེས་ཡོན་ཅན་འགའ་རེས་ཀྱང་། ལྷ་བཙན་པོ་ཡབ་སྲས་བཞུགས་པའི་སྐབས་སུ་རྒྱ་ནག་ཐང་རྒྱལ་རབས་དང་། སྟག་གཟིག་གི་རྒྱལ་པོ་སོགས་ལའང་འཇིགས་ཟིལ་ངོམ་མྱོང་མཁན་གྱི་མི་རིགས་ཤིག་ལ། ཕྱིས་སུ་ཐ་ན་གོརྵས་ཀྱང་བཙན་འཛུལ་བྱེད་ཐུབ་པ་ཞིག་གི་ཚད་དུ་ལྷུང་ཡོད་ལ། དེ་ལྟར་འགྱུར་བའི་རྩ་བ་ནི་ང་ཚོ་རང་གི་སྲོལ་རྒྱུན་གྱི་འགྲོ་ལུགས་འདུག་སྟངས་དང་བསམ་བློ་གཏོང་ཕྱོགས་བཅས་ལ་ཐུག་ཡོད་ཅེས་རྩོམ་ཡང་བྲིས་ཡོད་འདུག གོརྵ་པས་བོད་ལ་བཙན་འཛུལ་བྱེད་པའི་དུས་ནི༸གོང་ས་སྐུ་ཕྲེང་བརྒྱད་པའི་དུས་ཡིན་ལ། གོར་བོད་དམག་འཁྲུག་སྐོར་གླེང་ཚེ། གོརྵའིི་དངུལ་ཊམ་ཅིས་ཀྱང་གླེང་དགོས་པ་ལྟ་བུར་ཆགས་ཡོད་དེ། དེ་དང་དམག་འཁྲུག་དེའི་བར་ལ་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཞིག་ཡོད་ས་རེད། དུས་ཡུན་རིང་པོའི་བར་བོད་དང་བལ་ཡུལ་གཉིས་འབྲེལ་བ་ཤིན་ཏུ་ཟབ་ཅིང་། ལྷག་པར་དམིགས་བསལ་གྱི་གནས་ཚུལ་ཞིག་ལ། བར་སྐབས་ཤིག་ནས་བཟུང་བོད་དུ་འཆར་ཅན་གྱི་ལས་སྒོ་སོ་སོའི་ཁྲོད་དུ་བེད་སྤྱོད་གཏོང་བའི་སྒོར་མོ་ནི་བལ་སྒོར་ཡིན་ཚུལ་ཞྭ་སྒབ་པས་གསུངས་འདུག རྗེས་སུ་ཕྱི་ལོ1793ལོར། བོད་རང་གི་གཞུང་ནས་དངུལ་སྒོར་བཏོན་པ་དེ་ཡང་། ཐོག་མར་བལ་བོའི་དངུལ་སྒོར་གྱི་ལྗིད་ཚད་གཞིར་བཞག་ནས་བཏོན་པས། དེའི་ཡར་སྔོན་ལ་ནི་བོད་དུ་གཙོ་བོ་བལ་ཊམ་རྒྱུགས་ཆེ་བའི་སྟེང་སྐབས་རེར་རྒྱ་ནག་གི་དངུལ་སྒོར་ཡང་བཀོལ་གྱི་འདུག སྔོན་དུས་རྗེ་རིན་པོ་ཆེས་ལྷ་ལྡན་སྨོན་ལམ་ཚུགས་སྐབས་ཀྱི་ལོ་རྒྱུས་དང་། དེ་མིན་བོད་ཀྱི་མཛད་ཆེན་ཁག་གཞན། ད་དུང་ལྷ་ཁང་གསེར་ཁང་བཞེངས་པའི་ལོ་རྒྱུས་སོགས་གང་ལ་མཇལ་ཡང་། གསེར་དངུལ་རྣམས་སྲང་དང་ཞོ་ལ་འཇལ་བའི་ཚུལ་ཤ་སྟག་ཡིན་པས་དེ་དུས་བོད་ལ་དངུལ་སྒོར་བྱུང་མེད་པར་སྣང་། ས་ཆེན་ཀུན་དགའ་སྙིང་པོའི་དུས་སུ་བོད་ཀྱིས་བལ་ཊམ་བེད་སྤྱོད་བཏང་བའི་ལོ་རྒྱུས་ཕྲན་བུ་ཞིག་ཡོད་ས་རེད། གང་ལྟར་ཕྱིས་སུ་དུས་ཚོད་ངེས་ཅན་ཞིག་གི་རིང་བལ་བོའི་དངུལ་ཊམ་བོད་དུ་རྒྱུགས་ཆེ་སྟེ། གོརྵས་བལ་ཡུལ་དབང་བསྒྱུར་མ་བྱས་གོང་ལ་བལ་ཡུལ་རྒྱལ་ཕྲན་གསུམ་གའི་དངུལ་ཊམ་བོད་དུ་འགྲོ་རྒྱུགས་བྱེད་ཀྱི་ཡོད་པ་རེད། བར་སྐབས་ཤིག་ཏུ་བལ་བོའི་དངུལ་སྒོར་ཟངས་ཀྱི་ལྷད་འདྲེས་པ་ཞིག་བྱུང་བས། ༸གོང་ས་སྐུ་ཕྲེང་བདུན་པའི་སྐུ་རིང་ལ་བལ་བོར་འཕྲིན་ཡིག་བསྐུར་ཏེ། ད་ལྟ་དངུལ་སྒོར་ཟངས་ཀྱི་ལྷད་འདྲེས་པ་ཞིག་བལ་ཡུལ་ནས་འོང་གི་འདུག་ཅིང་། དེས་ཚོང་རའི་འཁོར་རྒྱུགས་དང་དཔལ་འབྱོར་ལ་ཤིན་ཏུ་གནོད་པས་དག་ཐེར་བྱེད་རོགས་ཞེས་རེ་སྐུལ་མཛད་མྱོང་བ་རེད། དེའི་རྗེས་ཡུན་རིང་མ་འགོར་བར་གོརྵ་པས་བལ་ཡུལ་དབང་བསྒྱུར་བྱས། གསར་དུ་བཙུགས་པའི་རྒྱལ་ཁབ་བམ་རྒྱལ་རབས་ཤིག་ལ་མཚོན་ན། སྒོར་མོ་གསར་པ་ཞིག་བཟོ་རྒྱུ་ནི་རང་གི་བདག་དབང་མཚོན་བྱེད་གཙོ་བོ་ལྟ་བུར་ཆགས་པས། གོརྵས་ཀྱང་བལ་བོ་གཅིག་གྱུར་བྱས་རྗེས་དངུལ་སྒོར་གསར་པ་ཞིག་བཟོས་ཏེ་བོད་ལ་འཕྲིན་བཏང་ནས། ད་ནི་ཁོང་ཚོའི་གཞུང་གསར་པས་དངུལ་སྒོར་ཡང་གསར་པ་ལྷད་མེད་ཅིག་བཏོན་ཡོད། དེ་སྔར་བོད་དུ་བཀོལ་གྱིན་པའི་བལ་བོའི་རྒྱལ་ཐོག་སྔོན་མའི་རིང་གི་དངུལ་སྒོར་ཐམས་ཅད་རྩིས་མེད་བྱ་དགོས། དེའི་ནང་དུ་ལྷད་ཡོད་པས་བེད་སྤྱོད་གཏོང་མི་རུང་ཞེས་བཤད་པ་རེད། དེ་ལྟར་སྨྲས་ནས་ལོ་གཉིས་གསུམ་ཞིག་འགོར་ཀྱང་བོད་ཕྱོགས་ནས་བརྡ་ལན་ཡག་པོ་མ་སྤྲད་པར་སྔ་མུར་སོང་བས། གོརྵའིི་རྒྱལ་པོས། ད་ལྟ་བོད་དུ་བལ་བོའི་རྒྱལ་ཐོག་རྙིང་པའི་དངུལ་སྒོར་དང་། རྒྱལ་ཐོག་གསར་པའི་དངུལ་སྒོར་གཉིས་ཀའི་འཛའ་ཐང་ཁྱད་མེད་དུ་བཀོལ་བཞིན་པ་དེས་ནི། ཕན་ཚུན་གཉིས་ཀའི་དཔལ་འབྱོར་ལ་གནོད་སྐྱོན་ཐེབས་ཡོད་པར་མ་ཟད། གོརྵའིི་གཞུང་གསར་པར་བརྩི་མཐོང་མ་བྱས་པ་ཡིན་ཟེར་ཏེ་བསྙད་བཏགས་པས། དེ་ནི་གོར་བོད་བར་གྱི་རྙོག་དྲའི་འབྱུང་རྐྱེན་དུ་གྱུར་པར་གྲགས། ད་དུང་། འབྲས་ལྗོངས་ལ་གོརྵས་བཙན་འཛུལ་བྱས་དུས་བོད་ཀྱིས་འབྲས་ལྗོངས་ལ་རྒྱབ་སྐྱོར་བྱས་པ་སོགས་ལའང་འབྲེལ་བ་ཅུང་ཡོད་པར་མ་ཟད། བློ་ཕམ་ཤོས་ཤིག་ལ། དམག་འཁྲུག་དེ་ནི་སྐབས་དེའི་བླ་མ་ཞྭ་དམར་པ་སོགས་ལའང་འབྲེལ་བ་ཕྲན་བུ་ཡོད་ས་རེད། དེ་འདྲའི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས། གོརྵས་བོད་ལ་དམག་བརྒྱབས་པར་མ་ཟད་དམག་རྒྱག་ཐེངས་གཅིག་ལ། གཉའ་ནང་དང་། རོང་ཤར། སྐྱིད་རོང་། རྫོང་དགའ་སོགས་མཐའ་མཚམས་ཀྱི་རྫོང་བཞི་ཁོ་ཚོའི་མངའ་འོག་ཏུ་བསྡུས། ཕྱིས་སུ་བོད་གཞུང་གིས་རྫོང་དེ་དག་ཕྱིར་རྩིས་སྤྲོད་དགོས་པར་སྨྲས་པ་ལ། རྫོང་དེ་དག་རྩིས་སྤྲོད་དགོས་ན། རྫོང་རེ་རེའི་བླུ་ཡོན་དུ་ལོ་རེར་དངུལ་རྡོ་ཚད་སུམ་བརྒྱའི་ཁྲལ་རྟག་པར་འཇལ་དགོས་ཞེས་བཤད་དེ་བརྙས་བཅོས་ཀྱི་རྣམ་པ་ཤུགས་ཆེན་བཏོན། དམག་ཐེངས་གཉིས་པ་རྒྱབ་དུས་བལ་དམག་བཀྲ་ཤིས་ལྷུན་པོ་རུ་འབྱོར་ཏེ། དེ་གའི་སྐུ་གསུང་ཐུགས་རྟེན་མང་པོ་ཁྱེར། སྐུ་དམར་གདུང་རྣམས་ཀྱི་དངུལ་ཤུབས་སོགས་ཀྱང་བཀོག་ནས་ཁྱེར་ཡོད་པར་བཤད་འདུག སྐབས་དེར་རྒྱ་ནག་མན་ཆིང་གོང་མ་ཆན་ལུང་གི་དུས་ཡིན་ལ། མན་ཆིང་གོང་མ་དང་བོད་ཀྱི་བར་མཆོད་ཡོན་གྱི་འབྲེལ་བ་ཤིན་ཏུ་ཟབ་པས། བོད་ཀྱིས་མན་ཆིང་གོང་མར་རོགས་དམག་གཏོང་རྒྱུའི་རེ་སྐུལ་བྱས་པ་ན། གོང་མ་ཆན་ལུང་གིས་ཀྱང་། ཟི་ཁྲོན་ནས་རྒྱ་དམག་རུ་དཔུང་ཞིག་བཏང་བ་རྣམས་དར་རྩེ་མདོ་བརྒྱུད་དེ་ཡར་ཡོང་ཞིང་། དེ་དང་མཉམ་དུ་བོད་ཤར་ཕྱོགས་རྒྱལ་མོ་ཚ་བ་རོང་གི་ཆུ་ཆེན་དང་བཙན་ལྷ་སོགས་ནས་དང་བླངས་ཡུལ་དམག་སྟོང་ལྔ་ཙམ་རོགས་སུ་ཡོང་བ་རེད། དེ་བཞིན་པེ་ཅིང་ནས་ཀྱང་དམག་རུ་ཞིག་ཟི་ལིང་བརྒྱུད་ཏེ་བཏང་བས། གོརྵའིི་དམག་ཁྲི་ལྷག་ཙམ་ཡོད་པ་རྣམས་ལས་སླ་བོས་བཅོམ་པ་རེད།
དུས་དེའི་ལོ་རྒྱུས་སོགས་ལ་བལྟས་ན་ཡིད་ཆད་སྐྱེ་འོས་པ་ཞིག་སྟེ། བོད་ཀྱི་མཐའ་མཚམས་ཀྱི་རྫོང་དེ་དག་ལ་བལ་དམག་སླེབས་དུས། མཐའ་སྲུང་དམག་མི་བཅུ་གྲངས་རེ་ལས་མེད་ས་རེད། སྤྱིར་དེ་དུས་བོད་ལ་གཞུང་གི་དམག་ངོ་མའི་ཐོབ་ཐང་འཛིན་མཁན་མི་གཅིག་ཀྱང་མེད་པར། ང་ཚོ་འབྲོག་སྡེ་ཕན་ཚུན་བར་འཁྲུག་པ་རེ་བྱུང་ཚེ། ཁྱིམ་ཚང་རེའི་མི་རེ་དམག་ཏུ་འབུད་པ་ལྟ་བུ་ཞིག་ལས་མེད་པར་སྙམ། གང་ལྟར་བལ་བོད་གཉིས་ཀྱི་བར་ལ་དེ་འདྲའི་གནས་ཚུལ་རེ་ཡང་བྱུང་མྱོང་བ་རེད།

ཧི་མ་ལ་ཡའི་ཕར་ཚུར། ལས་བཤུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།