སྒོ་ཤེས་རབ་རྒྱ་མཚོ།
མིའི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ལ་ཕྱིར་འཁོར་ཏེ་བལྟས་ན། དད་པ་ཅན་གྱི་མི་རིགས་དང་། དད་པ་མེད་པའི་མི་རིགས་གཉིས་ཀའི་སྤྱི་ཚོགས་སྒྲིག་གཞི་དང་། ཡུལ་སྲོལ་ཆོ་ག ཀུན་སྤྱོད་བླང་དོར་བཅས་ལ་མི་འདྲ་བའི་ཁྱད་ཆོས་སོ་སོར་གནས་ཡོད་པ་དེ་ཙམ་ནི་རྩོད་མེད་ཀྱི་རྒྱུན་ཤེས་ཤིག་ལས་མ་འདས། དེ་ལས་དད་པ་ཅན་གྱི་མི་རིགས་དག་གི་ལོ་རྒྱུས་ལ་དམིགས་བསལ་རྟགས་མཚན་ཞིག་ཡོད་པ་ནི། ལོ་རྒྱུས་ཀྱི་གནས་སྐབས་ལ་ལར། ཁོང་ཚོས་དད་པའི་སྟོབས་ནུས་མཐུན་ཕྱོགས་སུ་བཀོལ་བ་ལ་བརྟེན་ནས་འཇིག་རྟེན་ངོ་མཚར་སྐྱེ་བའི་བཟང་སྤྱོད་རླབས་པོ་ཆེ་བསྐྲུན་ཡོད་པ་དང་། ཡང་ཡུལ་དུས་གནས་སྐབས་ཁ་ཅིག་ཏུ་ནི། དད་པའི་ནུས་པ་ལྡོག་ཕྱོགས་སུ་སྤྱད་པའི་དབང་གིས་མི་གསོད་ཁྲག་སྦྱོར་གྱི་ལས་ངན་བློ་ཡུལ་དུ་མི་ཤོང་བ་སྣ་ཚོགས་བསྒྲུབས་ཡོད་པ་དེའོ། །
དེར་བརྟེན། དད་པ་ཆེ་བའི་མི་རིགས་གང་ལ་མཚོན་རུང་། གང་དེའི་དད་ཡུལ་དུ་གྱུར་པའི་ཆོས་ལུགས་ཀྱི་གནད་དོན་ཕྲ་རགས་ཀུན་སྣང་མེད་དུ་ལུས་མི་རུང་བར། དེ་ཉིད་སྤྱི་ཚོགས་ཀྱི་བྱ་བ་ལེགས་ཉེས་སྣ་ཚོགས་པའི་འབྱུང་རྐྱེན་གཙོ་བོ་ཞིག་ཏུ་བལྟས་ཏེ། ངོས་ཟུར་སོ་སོ་ནས་དད་པའི་ནུས་པ་མཐུན་ཕྱོགས་སུ་སྤྱད་ཐབས་ལ་འབད་རྒྱུ་ཤིན་ཏུ་གལ་ཆེའོ་ཞེས་གཞན་རིགས་མཁས་པས་གླེང་གི་འདུག རང་རེ་གངས་ཅན་པའང་མི་རིགས་སྤྱིའི་བརྒྱ་ཆའི་དགུ་བཅུ་ལྷག་ཆོས་ལ་དད་མོས་རབ་ཏུ་ཆེ་བར་མ་ཟད། ང་ཚོའི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་གཞུང་རྟ་གཙོ་བོ་ཡང་ཆོས་ལུགས་གྲུབ་མཐའི་འགལ་འབྲེལ་གྱི་གནས་ཚུལ་རྙོག་འཛིངས་ཅན་དག་གིས་བྱས་ཡོད་ཅིང་། ད་རུང་མི་རྣམས་ཀྱི་སེམས་རྒྱུད་ན་ཆོས་རྒྱུད་གྲུབ་མཐའ་ཕན་ཚུན་བར་དུ་བྱུང་མྱོང་བའི་ལོ་རྒྱུས་ཀྱི་རྩོད་གཞི་རྙིང་པ་རྣམས་ཀྱི་བག་ཆགས་ཤིན་ཏུ་ཟབ་པར་སྣང་བས། ཆོས་རྒྱུད་གྲུབ་མཐའི་སོ་སོའི་ཆེ་མཐོངས་དང་འབྲེལ་བའི་གནད་དོན་རྣམས་ནི། རང་རིགས་སྤྱིའི་བདེ་རྩ་དང་འབྲེལ་བའི་གནད་དོན་གལ་བོ་ཆེ་ཞིག་ཏུ་ངོས་ཟིན་པའི་སྟེང་ནས། འུ་ཅག་གི་ལམ་དང་ལུགས་སྲོལ་ཐམས་ཅད་དུས་མཐུན་སྤྱི་སྨན་གྱི་ལམ་བཟང་པོ་ཞིག་ཏུ་བསྐྱོད་ཐབས་ལ་གཞོལ་རྒྱུ་ལས་གལ་ཆེ་བ་ཅི་ཞིག་ཡོད།
འོན་ཀྱང་། བོད་ཀྱི་ཡུལ་གྲུ་རེ་འགའ་ན། ཇོ་ནང་པ་ལ་ཆོས་རྒྱུད་རང་རྐྱ་བ་ཞིག་གི་ཐོབ་ཐང་སྤྲད་མེད་པའི་གཏམ་ཐོས་རྒྱུ་ཡོད་པ་ནི་ཤིན་ཏུ་བློ་ཕམ་པའི་གནས་སུ་མཐོང་སྟེ། རང་རེའི་ཆོས་ལུགས་དང་འབྲེལ་བའི་བྱ་གཞག་ཐམས་ཅད་ལེགས་ལམ་དུ་བསྐྱོད་པའི་རྩ་བའི་རྨང་གཞི་ནི། ཆོས་རྒྱུད་གྲུབ་མཐའ་སོ་སོའི་བར་དོན་དམ་པའི་འདྲ་མཉམ་དང་། དྲང་བདེན་ལ་གཞི་བྱས་པའི་མཐུན་སྒྲིལ་གཙང་མ་ཞིག་འབྱུང་རྒྱུ་དེ་ཁོ་ན་ལས་གཞན་ཅི་ཞིག་ཡོད།དེ་ཡང་དཔལ་རྒྱལ་བ་ཇོ་ནང་པ་ཞེས་ཡོངས་སུ་གྲགས་པ་གང་དེ་ནི། མདོ་ཕྱོགས་ནས་རྗེ་བཙུན་བྱམས་པའི་ཆོས་དང་། འཕགས་པ་ཐོགས་མེད་ཀྱི་གཞུང་ལུགས་རྣམས་གཞིར་བཟུང་བའི་ཐོག་ཏུ་རིགས་པ་དང་ལྡན་པའི་ལྟ་བའི་རྣམ་གཞག་ངོ་མཚར་ཅན་བཞག་པའི་ཚུགས་ཐུབ་ཀྱི་གྲུབ་མཐའ་ཞིག་ཡིན་པར་བསྙོན་དུ་མེད་པར་མ་ཟད། སྔགས་ཀྱི་ཕྱོགས་ནས་ལྷག་ཏུ་དཔལ་ལྡན་དུས་ཀྱི་འཁོར་ལོའི་བསྟན་པ་འཛིན་སྐྱོང་ལ་དམིགས་བསལ་གྱི་ནུས་པ་བཏོན་མྱོང་བ་ཞིག་ཀྱང་ལགས་ན། མདོ་སྔགས་གཉིས་ཆ་ནས་བོད་ཀྱི་ནང་བསྟན་ཤེས་རིག་དར་འཕེལ་གྱི་ལོ་རྒྱུས་སྟེང་། གཞན་གྱིས་ཚབ་བྱེད་མི་ནུས་པའི་གོ་གནས་ཅན་ཞིག་ཡིན་པས། དེ་འདྲའི་གྲུབ་མཐའ་ཞིག་ལ་གྲུབ་མཐའ་རང་རྐྱ་བ་ཞིག་གི་ཐོབ་ཐང་སྤྲོད་མིན་ནི། ཆོས་རྒྱུད་གང་དེའི་མཁས་གྲུབ་སྔ་མ་རྣམས་དང་དེའི་རྒྱུན་འཛིན་གྱི་སེར་རྐྱ་ཁྲི་ཕྲག་མང་པོའི་རྩིས་ཐང་དང་འབྲེལ་བའི་གནད་དོན་ཞིག་ཡིན་ལ། མངོན་སུམ་གྱི་དཔང་རྟགས་འཕེེར་བའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་མིག་གིས་བལྟས་བལྟས་ལ་ཁས་ལེན་མིན་གྱི་དོན་དག་ཅིག་ཏུའང་མཐོང་།
ལོ་རྒྱུས་ཀྱི་བདེན་པར་བརྩི་འཇོག་དང་། སྐབས་བབས་ཀྱི་དོན་དངོས་ལ་བསམ་གཞིགས་བྱས་ཚེ། རང་རེའི་གནའ་རབས་རིག་གནས་ཀྱི་མ་ཡུམ་ལྟ་བུའི་གཡུང་དྲུང་བོན་གྱི་གྲུབ་མཐའ་དང་། ཕྱིས་རྒྱ་གར་ནས་དར་བའི་ནང་བསྟན་གྲུབ་མཐའ་གཞན་དག་འདྲ་བར། ཇོ་ནང་པའི་གྲུབ་མཐའ་ལའང་། ཆོས་རྒྱུད་རང་རྐྱ་བ་ཞིག་གི་ཐོབ་ཐང་ཡོད་འོས་པ་ལྟ་ག་ལ་ཞིག