རིག་གནས་ཀྱི་ངོ་གདོང་ལ་ལྟ་བ།

རྩོམ་པ་པོའི་ངོ་སྤྲོད།

རྒན་ཐུབ་བསྟན་གྲགས་པ། མིང་གཞན་འབར་རྡོ་དང་སྨྱུག་མིང་ལ་ལོ་སེར་ཀྱང་ཟེར། བརྒྱད་ཅུའི་སྐབས་དབལ་ཤུལ་གསེར་རྟའི་རགས་བཀྲམ་ཡུལ་གྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ཁོང་གིས་ལོ་ན་ཆུང་ངུའི་དུས་ནས་བཟུང་མདོ་སྨད་རིག་པའི་གདན་ས་ཆེན་མོ་བྱང་ཉི་མ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་དང་། ཕ་ཡུལ་གསེར་རྟའི་མཁན་ཆེན་ལེགས་བཤད་རྒྱ་མཚོ། མཁན་པོ་ཨ་བོའི་བྱང་ཆུབ་རྒྱལ་མཚན་སོགས་སྐྱེས་ཆེན་དང་མཁས་ཆེན་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་གང་མང་ལ་སྦྱངས་པ་གནད་སྨིན་མཛད་དེ། རང་ཡུལ་གསེར་རྟའི་ས་ཆ་ནས་ལོ་ངོ་མང་བོར་དགེ་རྒན་གྱི་ཕྱག་ལས་གཉེར་མྱོང་བ་མ་ཟད། སློབ་མ་བརྒྱ་ཕྲག་དུ་མ་གསོ་སྐྱོང་བྱས།  བརྩམས་ཆོས་ཀྱི་སྐོར། སྙན་དེབ་《ལོ་མ་སེར་པོ》དང་། སྤྱི་ཚོགས་དཔྱད་བརྗོད་《ལོ་མ་དམར་པོ》། འབོལ་རྩོམ་ཆེད་དེབ་《འཁོར་འབངས་ཀྱི་དད་པ》། འཇིག་རྟེན་མི་ཆོས་རིག་པ་དང་མི་ཚེའི་ཉམས་མྱོང་དང་འབྲེལ་བའི་མཚན་ཉིད་རིག་པའི་ཆེད་རྩོམ《སྲིད་པ་རྒྱན་གྱི་མདོ》། སློབ་གསོ་རིག་པའི་ཆེད་རྩོམ《ང་ཚོའི་རྗེས་རབས་པ》། བརྡ་སྤྲོད་རིག་པའི་ཆེད་རྩོམ《ཡི་གེའི་དག་སྡེབ་གསེར་གྱི་ལྡེ་མིག》། བསྒྱུར་རྩོམ་ལ་《ཨེན་སི་ཐན》དང་《མར་ཁེ་སི་རིགས་པའི་གཞུང་ལུགས་ཀྱི་བཤད་པ་བཅུ》།《ཐའོ་ཞིན་ཀྲི་སློབ་གསོའི་གདམས་ངག་ཆེད་བཏུས》སོགས་ཡོད། 


རང་འདུལ་བའི་རིག་གནས།    རང་སྲུང་བའི་རིག་གནས།

ནང་སེམས་འདུལ་བ།     ཕྱི་རོལ་ཡུལ་ལ་སྟངས་འཛིན།

གཅིག

  རིག་གནས་ཀྱིས་མི་ལ་བཟོ་བཅོས་བྱེད་ཅིང་། རིག་གནས་ཀྱིས་མི་ཉིད་སྐྱེད་བསྲིང་བྱེད། རིག་གནས་གང་ཞིག་གིས་མི་རྣམས་དཔའ་ངར་དང་ལྡན་ལ་སྙིང་སྟོབས་དང་ལྡན་པ་ཞིག་ཏུ་བསྒྱུར་ཐུབ་ལ༑ རིག་གནས་གང་ཞིག་གིས་མི་རྣམས་སྡར་མ་དང་དཔའ་ཞུམ་པའི་གནས་སུ་ཡང་འགྲོ་བར་བྱེད།

  ཡུལ་ལུང་མི་གཅིག་པའི་རིག་གནས་ཀྱི་མཁའ་དབུགས་སྣ་ཚོགས་ཁྲོད་དུ་མིའི་བསམ་སྤྱོད་མི་འདྲ་བའི་སྤྱི་ཚོགས་ཀྱི་འཁོར་ཡུག་དུ་མ་འབྱུང་གི་ཡོད་ལ། དེ་དང་དེ་ན་ཆ་ལུགས་དང་གོམས་སྲོལ་མི་འདྲ་བ་དུ་མ་ཁྱུ་དང་ཁྱུ་ཚོགས་རེ་བྱས་ཏེ་འགྲོ་བའི་སྣང་ཚུལ་འདི་དག་ཡོད་པ་རེད། འདི་དག་ཚང་མ་ཡང་སྙིང་བསམ་ཚུལ་མི་གཅིག་པའི་དབང་གིས་རེད་ལ། འདི་དག་ཚང་མ་ཡང་སྙིང་མཛེས་དཔྱོད་ལྟ་ཚུལ་མི་གཅིག་པའམ་རིན་ཐང་ལྟ་ཚུལ་མི་གཅིག་པའི་ལན་པ་རེད།  མདོར་ན་འདི་དག་ཚང་མ་རིག་གནས་མི་གཅིག་པའི་སྣང་ཚུལ་རེད། མི་རིགས་དང་ས་ཆ་གང་ཡིན་ཡང་རིག་གནས་གང་ཞིག་གི་བདག་རྐྱེན་ལས་ལ་ལ་ཐུར་ནས་ཐུར་དུ་རྒུད་པར་འགྱུར་ཞིང་། འགའ་ཞིག་གོང་ནས་གོང་དུ་འཕེལ་བར་འགྱུར།འདི་དག་ལས་སྔོན་ཐོན་དང་རྗེས་ལུས་ཀྱི་བརྡ་ཆད་འདི་ཚོ་བྱུང་ལ། འདི་དག་ལས་ཉམས་མྱོང་གི་བསླབ་བྱ་མང་བོ་ཞིག་ལེན་ཆོག་ཆོག་ཡིན་པ་ཡང་ཤེས་དགོས་པ་རེད།

གཉིས།

   རིག་གནས་དང་རིག་གནས་འཛིང་། རིག་གནས་དང་རིག་གནས་འཐབ། རིག་གནས་དང་རིག་གནས་གདོང་ཐུག་བྱེད་པའི་དུས་སྐབས་གང་ཞིག་ཡིན་ཡང་། མི་རིགས་དང་ས་ཆ་གང་དེའི་འཁོར་ཡུག་ན་ལ་ལ་རྒྱལ་ཁའི་གནས་ནས་ཕམ་ཞིང་ཕམ་ཁའི་གནས་སུ་བཙན་གྱིས་འདེད་བཞིན་ཡོད་པ་འདི་ཚོར་བལྟས་ན། ང་ཚོས་ཡིན་པ་ངེས་པའི་ཆོས་ཉིད་དེ་ཤེས་པར་བྱས་ནས། རིག་གནས་ཀྱི་རྩ་ལག་མི་གཅིག་པ་དུ་མ་སྐྱ་འཐབ་པའི་གནས་ནས་རང་ཉིད་སྐྱོབ་ཐུབ་པའི་རིག་གནས་གང་ཞིག་ལག་ཏུ་ལེན་རྒྱུར་བློ་རིག་མ་ནོར་བ་དགོས་ཞེས་འདིར་ཆེད་དུ་བརྗོད་པར་འདོད།    

  དེ་ཡང་། བོད་ཀྱི་ཡུལ་འདིར་རིག་གནས་སློབ་གསོའི་བྱ་བཞག་གི་སྐོར་དུ་མ་ཞིག་ཡོད་དེ།གཞུང་ཁྲིད་མཁན་དང་གཞུང་རྩོམ་མཁན། དཔྱད་རྩོམ་འབྲི་མཁན་དང་དཔྱད་བརྗོད་སྤེལ་མཁན། ཆོས་ལུགས་སྤེལ་མཁན་དང་ཆོས་ཚོགས་བསྡུ་མཁན། རིག་རྩལ་འཁྲབ་སྟོན་བྱེད་མཁན་སོགས་ཀྱིས་མཚོན།  སོ་སོའི་ས་ན་མ་བསྐུལ་དང་ལེན་གྱིས་འགན་རེ་རེ་ཁུར་ནས་ཡོད་པ་རེད། འདི་ནི་དགའ་འོས་པའི་དོན་བཟང་ཞིག་ཡིན་པའི་མི་ཚད་བླ་ན་མེད་པའི་བཀའ་དྲིན་ཞུ་ཡུལ་ཞིག་ཀྱང་ཡིན། འོན་ཀྱང་། རིག་གནས་ཀྱི་བྱ་བ་སྒྲུབ་པའི་ལས་ཀའི་ཁྲོད་རིག་གནས་འདི་དག་གི་བེད་སྤྱོད་དང་ནུས་མཐུ་སོགས་ལ་བསམ་གཞིག་ནན་མོ་མི་གཏོང་བར་རིག་གནས་གང་ཞིག་ལ་དགའ་ཞེན་དང་ཕྱོགས་རེས་འཐེན་ཁྱེར་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་བྱ་བ་ལེགས་པོ་ཞིག་གཏན་ནས་མིན། དེའི་རྒྱུ་མཚན་ནི་རིག་གནས་གང་ཞིག་ལ་རང་ས་ཡུལ་མི་དང་བཅས་པ་སྲུང་སྐྱོབ་ཐུབ་པའི་ནུས་པ་མེད་པའམ་ཡང་ན་དེ་ལ་གནོད་པའི་ཆ་ཡོད་ཚེ་ང་ཚོས་དེ་ལ་བརྩེ་སེམས་བཅངས་ཀྱང་དགོས་པ་མེད་ལ། གལ་ཏེ་རང་ལ་ཕན་པ་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་མཐོང་ཚེ་རིག་གནས་གང་ཞིག་ཡིན་ཡང་ང་ཚོས་དང་ལེན་མ་བྱས་ན་མི་འགྲིག་པ་རེད།    

  ཁྱད་པར་རིག་གནས་ཀྱི་རང་གི་མ་ནོར་བའི་ངོ་གདོང་དེར་ལྟ་ཞིབ་ཡང་ཡང་བྱས་ཏེ་དེས་ང་ཚོར་འཛིན་པའི་རྣམ་འགྱུར་ཇི་འདྲ་ཡིན་པ་ཤེས་པར་མ་བྱས་ན་ང་ཚོས་རིག་གནས་སྦྱང་བའི་དགོས་པ་ཤེས་པར་མི་འགྱུར་ལ་དགོས་པ་མི་ཤེས་པའི་བྱ་བ་དེས་ང་ཚོར་ལྷག་ཏུ་ཕན་པ་སྒྲུབ་མི་ཐུབ། དེ་ལྟར་ན། རིག་གནས་སྤྱིའི་ངོ་བོར་དབྱེ་ཞིབ་མདོར་བསྡུས་ཤིག་བྱས་ཏེ་ད་ལྟ་ང་ཚོར་ལྷག་ཏུ་དགོས་གལ་ཡོད་པའི་རིག་གནས་ནི་གང་ཞིག་རེད་ཅེས་དེའི་སྐོར་གྱི་རང་གི་བསམ་ཚུལ་རགས་ཙམ་འདོན་རྒྱུ་ཡིན།

གསུམ།

  འདིར་རིག་གནས་ཞེས་པ་རང་བྱུང་ཁམས་ལ་དབང་བསྒྱུར་བའི་མིའི་བྱེད་བཀོད་མ་ལུས་པའི་ངོས་ནས་གོ་བ་ལེན་རྒྱུའི་དབང་དུ་བཏང་ན་ཡང་། མི་རང་སྟེང་ལ་ཚུར་ཁ་ལོ་སྒྱུར་བའི་རྣམ་པ་ཞིག་དང་། མིས་ཕར་རང་བྱུང་ཁམས་ལ་ཁ་ལོ་སྒྱུར་བའི་རྣམ་པ་གཉིས་བློ་ངོ་ལ་འཆར་རྒྱུ་ཡོད་པ་རེད། དེ་ལྟར་གོ་བ་བླངས་ཚེ་འདི་ལ་བཟང་ཆའི་ཕྱོགས་གཅིག་དང་ཞན་ཆའི་ཕྱོགས་གཅིག་སྟེ་ཕྱོགས་མི་འདྲ་བ་གཉིས་སུ་བཀར་ནས་བཤད་རྒྱུ་ཡོད།

དང་པོ། རིག་གནས་གྱིས་མིའི་རང་སྟེང་ལ་ཚུར་ཁ་ལོ་སྒྱུར་བའི་རྣམ་པ་འདི་ལ་ཡང་བཟང་ངན་གྱི་ཕྱོགས་གཉིས་སུ་བཀར་ནས་བཤད་ན།

(1)བཟང་ཆའི་ཕྱོགས་ནི།  

  མིའི་དད་པ་ཚོད་འཛིན་བྱེད་དེ། ཁྲོ་བ་སྡོམ་པ་དང་། མིའི་ལྷན་སྐྱེས་ཀྱི་གཏུམ་སྤྱོད་རྒྱ་ཡན་དུ་མི་གཏོང་བ། བག་མེད་ངན་སྤྱོད་གཞན་བཅོས་པ་སོགས་ཀྱིས་མཚོན། མདོར་ན་སྤྱི་ཚོགས་ཀྱི་བྱ་བ་ལེགས་སྒྲིག་བྱེད་པའི་བྱ་སྤྱོད་དེ་ཀུན་སྤྱོད་ཀྱི་རིགས་འདི་དག་ལ་བཤད་པ་ཡིན།  འདི་དག་གིས་སྤྱི་ཚོགས་འདི་ལ་ལྷིང་འཇགས་དང་འཚེ་མེད་བདེ་སྲུང་གི་ཆ་རྐྱེན་ཞིག་སྐྲུན་བཞིན་ཡོད།

  འདིའི་སྟེང་ནས་དགེ་བ་སྒྲུབ་དགོས་པར་བསམ་པ་དང་། སྡོམ་པ་སྲུང་དགོས་པར་བཤད་པ། གཞན་དང་གཞན་ལ་གནོད་པ་མི་བྱེད་པ་དང་འཚེ་བ་མི་བྱེད་པ། འཁོར་ཡུག་ལ་གཏོར་བཤིག་མི་ཕོད་པ་དང་། མི་སེམས་ལ་ཕོག་ཐུག་མི་གཏོང་བའི་བསམ་བློ་འདི་དག་བྱུང་བ་རེད། བསམ་བློ་འདི་དག་དང་སྤྱོད་པ་འདི་དག་ནི་མི་སེམས་འདུལ་བ་ལས་བྱུང་བ་ཡིན་པས།མི་སེམས་འདུལ་བའི་རིག་གནས་འདི་དག་ནི་མིའི་རང་སྟེང་ལ་ཚུར་ཁ་ལོ་སྒྱུར་བའི་ཁ་ནང་ལྟ་ཅན་གྱི་རིག་གནས་རྐྱང་རྐྱང་ལ་ངོས་བཟུང་བ་ཡིན། མ་ཟད་མི་སེམས་འདུལ་བའི་རིག་གནས་འདི་དག་གི་ལེགས་པའི་ཆ་ཡང་བཤད་དགོས་པ་ཞིག་རེད། དེ་བཤད་པས་མི་ལ་ཀུན་སྤྱོད་སྐོར་གྱི་བསམ་བློ་དུ་མ་འབྱུང་གི་ཡོད་ལ། ཀུན་སྤྱོད་སྐོར་ནས་ཀྱང་རང་གཅུན་རང་སྡོམ་གྱི་ཀུན་སྤྱོད་བསམ་བློ་འདི་དག་རང་ཆས་སུ་གནས་པར་བྱས་ཡོད། འོན་ཀྱང་འདི་ལ་ཞན་ཆ་མེད་པ་མ་རེད་དེ།

(2)ཞན་ཆའི་ཕྱོགས་ནི།  

  རིག་གནས་ཞེས་པ་དེ་རང་སེམས་འདུལ་བྱེད་ཁོ་ན་ཞིག་དུ་གྱུར་ན་ག་ལ་རུང་སྟེ། རིག་གནས་ཞེས་པ་ནི་གཙོ་བོ་གནད་དོན་སྔོན་འགོག་དང་། གནད་དོན་ལ་ཁ་གཏད། གནད་དོན་ཐག་གཅོད་བཅས་ཀྱི་ཕན་ནུས་ལྡན་པ་ཞིག་དུ་སེམས་དགོས། 

  རིག་གནས་གང་ཞིག་ཡིན་ཡང་གལ་ཏེ་རང་བླ་རྡུང་བྱེད་ཅིག་དང་རང་མགོ་གཅོག་བྱེད་ཅིག་ཏུ་གྱུར་ན་ཕན་ལས་གནོད་དུ་ཆེ། འོན་ཀྱང་།  ད་ལྟ་མི་སེམས་འདུལ་བའི་རིག་གནས་འདི་ཚོ་དང་ལེན་བྱེད་མཁན་ཧ་ཅང་མང་ལ་དེ་མང་བའི་རྒྱུ་མཚན་ཡང་གཙོ་བོ་དབང་བསྒྱུར་བ་ཚོའི་འདོད་བློ་དང་འཚམ་པའི་རྐྱེན་ཡིན་རྒྱུ་རེད་དེ།  གཞན་གྱི་རྗེས་འབྲང་མཁན་གྱི་གྲས་འདིས་བརྟགས་དཔྱད་དང་ཟབ་ཞུགས་གང་ཡང་མི་བྱེད་པར་གཞན་གྱི་དབང་འོག་ཏུ་འཛུད་པ་དོན་དུ་གཉེར་བ་དང་།  དེ་དོན་དུ་གཉེར་བའི་བསམ་སྤྱོད་ཡོད་ཚད་ཀྱི་གནས་ཚུལ་ཇི་བཞིན་ཤེས་མཁན་ཚོས་མི་སེམས་འདུལ་བའི་རིག་གནས་གང་མང་ཞིག་སྐབས་སྐབས་དང་བསྟུན་ནས་དར་སྤེལ་བྱེད་བཞིན་ཡོད། དེའི་རྐྱེན་གྱིས་གནའ་ནས་ད་བར་མིའི་བློ་རིག་དང་ནུས་རྩལ་གྱི་ཕྱོགས་ནས་ཚོད་འཛིན་ཚབས་ཆེན་ཐེབས་ཏེ་གསར་གཏོད་དང་སྤོབས་པའི་ཕྱོགས་ནས་བཀག་འགོག་མང་བོ་བཟོས་ཡོད་པ་རེད།

གཉིས་པ།  རིག་གནས་ལ་བརྟེན་ནས་མིས་ཕྱི་རོལ་ཡུལ་ལ་རྟིང་འཛིན་དང་བཅོས་བསྒྱུར་གྱི་ཆ་འདི་ལ་ཡང་དགེ་སྐྱོན་གཉིས་ཡོད་པ་རེད་དེ།   

(1)སྐྱོན་གྱི་ཆ་ནི།  

  སྤྱིར་རིག་གནས་ཞེས་པ་ནི་གཞན་ལ་བསྒྱུར་བཀོད་གྱི་ཕན་ནུས་སྒོ་ནས་དེའི་རིན་ཐང་འཚོལ་དགོས་པ་ཞིག་དང་། གཞན་ཁ་ལོ་སྒྱུར་བའི་རྣམ་པའི་ངོས་ནས་དེའི་བྱེད་ནུས་མངོན་དགོས་པ་ཞིག་ཏུ་འདུག་ན་ཡང་།གལ་ཏེ་དེ་ཁོ་ནས་རིག་གནས་ཀྱི་རིན་ཐང་ཚད་འཇལ་བྱས་ན་ཧ་ཅང་རགས་པའི་སྐྱོན་ཡོད་དེ། དཔེར་ན། རང་གཞན་གྱི་དབྱེ་མཚམས་གཅོད་པ་ཐལ་དྲགས་པ་དང་། འདོད་སྲེད་དང་ཧམ་སེམས་ཆེ་དྲགས་པ།གདུག་རྩུབ་དང་བརྩེ་སེམས་མེད་པ་བྱུང་བ། གཞན་འདུལ་བ་དང་གཞན་དབང་དུ་བསྡུ་བ། གཞན་ཟ་འདོད་དང་གཞན་ལོངས་སུ་སྤྱོད་འདོད་ཁོ་ནའི་རྒྱུ་རུ་འགྱུར་ན་རིག་གནས་དེ་གཏོར་བརླག་དང་ཕུང་འདྲེ་ཡི་རྒྱུ་རུ་འགྱུར་སྲིད་པས། དེ་ཡི་དུས་ན་གཞན་ལ་ཁ་གཏད་གཅོག་པའི་རིག་གནས་འདི་ཡང་ཧ་ཅང་ཐལ་དྲགས་པའི་ཉམ་ངའི་གནས་སུ་ལྷུང་བ་ཡིན་ནོ།

(2)བཟང་ཆ་ནི།    

  མི་ནི་རིག་གནས་ལ་བརྟེན་ནས་འཚོ་དགོས་ལ། གནས་ཀྱང་དགོས།  

  རིག་གནས་ཀྱིས་རང་གི་འཚོ་བ་བསྒྲུབ་པ་དང་། གནས་པ་སྒྲུབ་པ། རྒྱ་ཇེ་ཆེར་གཏོང་བ་དང་ཟབ་རྒྱས་སུ་ཕྱིན་པའི་བར་གྱི་འཇིག་རྟེན་མཁོ་དགུ་མ་ལུས་པ་སྐྲུན་པའི་རྒྱུ་ཡང་བྱེད།  དེ་དག་ཚང་མ་མདོར་ན་ནུས་པའི་སྒོ་ནས་བཤད་པ་རེད།

  ནུས་པའི་ངོས་ནས་བཤད་ན་ཕན་པའི་ཆ་ཡང་རང་ཤུགས་ཀྱིས་འབྱུང་ཐུབ་པ་རེད།  དེའི་ཟློག་ཟླ་ནི་ནུས་མེད་རེད་ལ་ནུས་མེད་ཀྱིས་ཕན་པ་གང་ཡང་སྒྲུབ་མི་ཐུབ།

  རང་བྱུང་ཁམས་ཆེན་པོའི་ངོས་ནས་བཤད་ན། ཕྱི་རོལ་ཡུལ་ལ་བརྩེ་སེམས་མེད་པས་ང་ཚོས་དེ་ལ་ཁ་གཏད་ག་འདྲ་གཅོག་རྒྱུར་བསམ་བློ་གཏོང་དགོས། གལ་ཏེ་ཁ་གཏད་གཅོག་པའི་བསམ་བློ་མི་ལྡན་ན་རླུང་བསེར་བུ་ཡིན་ཡང་ང་ཚོའི་དགྲ་རུ་ལངས་སྲིད། སྤྱི་ཚོགས་ཀྱི་ངོས་ནས་བཤད་ན།  མི་ནི་སྤྱི་ཚོགས་ལ་བརྟེན་ནས་ཐོག་མར་རང་ཉིད་ཡར་ལངས་དགོས་ལ།  མི་སོ་སོ་ཡར་འགྲེང་རྗེས་སྤྱི་ཚོགས་ཧྲིལ་བོ་འཕེལ་རྒྱས་ཀྱི་ལམ་ལ་འཇོག་ཐུབ། མི་སུ་ཡིན་ཡང་རང་ཉིད་སྲོག་དང་ལྡན་པར་མ་བྱས་ཚེ་སྤུན་ཟླ་ཡིན་ཡང་རང་ཤུགས་ཀྱིས་གཤེད་དུ་འགྱུར་སྲིད།དེའི་ངོས་ནས་བཤད་ན། མིས་གཞན་ལ་ཁ་ལོ་སྒྱུར་བའི་རིག་གནས་འདི་མི་བཤད་ཐུ་མེད་ཡིན་པའི་མི་ཚད།   འདི་གཙོ་བོའི་གྲས་སུ་བརྩི་དགོས་པ་ཞིག་རེད།

བཞི།

  སྐབས་འདིར་བཤད་དགོས་པ་ཞིག་ལ། རང་རེ་བོད་ལ་མཚོན་ན་གནའ་སྔ་མོ་ཞིག་ནས་གོང་དུ་བཤད་པའི་རིག་གནས་ཀྱི་ཆ་མི་འདྲ་གཉིས་ནས་མི་སེམས་འདུལ་བའི་རིག་གནས་དང་ནང་སེམས་འདུལ་བའི་རིག་གནས་འདི་དག་གཙོ་བོར་བྱས་ཏེ་སྦྱངས་ཤིང་། གཙོ་བོར་བྱས་ཏེ་བསྒྲུབས། དེའི་རྐྱེན་གྱིས་ཕྱི་ལ་ཁ་ཕྱོགས་པའི་རིག་གནས་ཀྱི་ཞིང་ས་སྟོང་བར་ལུས་ཤིང་སྟོང་ཆ་དེ་རུ་འཇག་སྐྱ་འཕྱུར། དུས་དེ་ནས་བཟུང་ཕྱི་རོལ་གྱི་གནོད་སྐྱོན་གང་ལ་ཡང་མགོ་སྒུར་བའི་བསམ་པ་དེ་བཅོས་མིན་རྒྱུད་ལ་སྐྱེས་པ་རེད།དེའི་རྐྱེན་གྱིས་ཕྱི་རོལ་གྱི་ཡུལ་དང་ཡུལ་གཞན་གྱིས་ང་ཚོར་ནམ་ཡང་གནོད་སྐྱོན་གང་མང་བཟོས་པ་རེད་ལ།

  གནའ་ནས་ད་བར་རིག་གནས་གཞན་གྱིས་ང་ཚོར་བཙན་འཛུལ་དང་རྡུང་རྡེག་གང་མང་ཐེབས་པས་ང་ཚོའི་བདག་དབང་དང་གོ་ས་རིམ་གྱིས་ཉམས་དམའ་བའི་གནས་སུ་ལྷུང་། ང་ཚོས་ད་དུང་ཤེས་མེད་ཚོར་མེད་ཀྱིས་མུ་མཐུད་རང་སེམས་འདུལ་བ་ཁོ་ནའི་ལས་ལ་བརྩོན་ཏེ་དུས་རབས་མང་བོ་རིམ་གྱིས་ཕར་བསྐྱལ། དུས་རབས་རེ་རེའི་བརྒལ་མཚམས་སུ་ང་ཚོ་རྒུད་པ་ནས་རྒུད་པའི་གནས་སུ་ལྷུང་ཞིང་ཉམས་པ་ནས་ཉམས་པའི་གནས་སུ་གྱར་ན་ཡང་། དེའི་གནས་ཚུལ་ཇི་བཞིན་ཤེས་མཁན་ཉིན་མོའི་སྐར་མ་ཙམ་དུ་གྱུར། འོན་ཀྱང་ད་དུང་མུ་མཐུད་ནང་སེམས་འདུལ་བ་ཁོ་ནའི་ལས་ལ་འབད།

ལྔ།

  ནང་སེམས་འདུལ་བའི་རིག་གནས་ནི། ཐོག་མར་སྔངས་སྐྲག་སློང་བ་ནས་མགོ་བཟུང་ཞིང་། གཅིག་པུར་སྡོད་པ་དང་། ཕྱི་བྱོལ་བྱེད་པ་དང་མགོ་སྒུར་བ་བཅས་ནས་མུ་མཐུད་མཇུག་སྐྱོང་བ་ཞིག་རེད།

  རྒྱལ་བོའི་བཀའ་ནི་འདི་ལྟར་ནམ་ཡང་བཙན་པ་དང་། གཤིན་རྗེའི་ཁྲིམས་ར་ནི་འདི་ལྟར་ནམ་ཡང་འཇིགས་པ་རེད་ཅེས་རང་སེམས་ལ་འཇིགས་སྐུལ་བ་དེ་ནས་མགོ་འཛིན་ཞིང་། དབེན་འཇགས་དང་ཁ་ཁུ་སིམ་པོ་འཆམ་མཐུན་དང་ཞི་བའི་གནས་ལ་སྨོན་པ་བྱས་ཏེ་རིམ་བཞིན་སྡོད། དེ་ནས་བཟུང་ད་གཟོད་གཞན་གྱི་དབང་འོག་ཏུ་ཤོར་བའི་སྡུག་བསྔལ་མྱོང་བའི་རྒྱ་རུ་ཚུད་པ་རེད། འདི་ནི་ངོ་མ་ཆེས་འཇིགས་སུ་རུང་བ་ཞིག་མ་ཡིན་ནམ།

  གཞན་ལ་ཁ་གཏད་གཅོག་པའི་རིག་གནས་ནི། སྙིང་སྟོབས་ཤིག་སྟེ་དེས་ཐོག་མ་ནས་རང་སྲུང་གི་སྟ་གོན་བྱེད་ཅིང་།  ཐ་ན་སད་སེར་དང་ཐན་སྐྱོན་གྱི་གནོད་པ་སོགས་ལ་ཡང་མགོ་རྩ་བ་ནས་མི་སྒུར། དོན་ངོ་མ་བཤད་ན། རང་སྲུང་གི་རིག་གནས་འདི་ནི་མི་སུ་ལ་ཡང་དགོས་གལ་ཡོད་པའི་རིན་པོ་ཆེ་ཞིག་རེད་ལ། འགྲོ་བ་སྤྱི་ལ་ཡང་ཕན་པ་ཡོད་པའི་རིན་པོ་ཆེ་ཞིག་ཀྱང་རེད། དེའི་ངོས་ནས་བཤད་ན།    འགྲོ་བ་མི་འདིས་རིག་གནས་སྦྱང་བའི་དགོས་པ་ཡང་རང་སྲུང་གི་ཆེད་ཡིན་རྒྱུ་རེད།

  རྒྱུ་མཚན་དེ་དག་གི་དབང་གིས། ང་ཚོ་བོད་མི་རིགས་ལ་མཚོན་ན་སྲོལ་རྒྱུན་རིག་གནས་ཀྱི་ངོས་ནས་རང་སྲུང་གི་ནུས་པ་གཏན་མེད་པའམ་ཡང་ན་ཧ་ཅང་ཞན་པས། ད་ནས་བཟུང་ངེས་པར་དུ་མིས་ཕར་གཞན་ལ་ཁ་གཏད་གཅོག་པའི་རིག་གནས་འདི་ལ་མཐོང་ཆུང་མི་བྱེད་པར།   དེའི་ཕྱོགས་ལ་དོ་སྣང་ཡག་པོ་བྱེད་རྒྱུ་གལ་ཆེ་སྙམ།

  དེ་མིན། རིག་གནས་ཡིན་ན་རང་སེམས་འདུལ་བའི་རིག་གནས་ཡིན་པས་ཁྱབ་པ་དང་། དེ་ལས་འདས་ན་བདུད་ཀྱི་ལས་སུ་འདོད་ན་ནི།    ང་ཚོ་ནམ་ཡང་སྔར་ལྟར་རྒུད་པར་འགྱུར་བ་ལས་ཐབས་གཞན་མེད་དོ།

  ད་སྐབས་ན་གཞོན་སྐོར་ཞིག་ལ་རྟོགས་སད་བྱུང་ནས། མི་རིགས་ཀྱི་ལས་དོན་སྐོར་དང་མིའི་རིགས་ཀྱི་རང་དབང་དང་འདྲ་མཉམ་སྐོར་གྱི་ཚད་མཐོའི་སྐད་ཆ་བཤད་པ་ན། དེ་ནི་ཧ་ལས་པའི་ནག་ཉེས་ཤིག་ཏུ་བརྩི་བ་ཡང་ཡོད། རྒྱུ་རྐྱེན་དེ་དག་གི་དབང་གིས་ང་ཚོའི་མི་རབས་འདི་ལ་ཡང་ད་དུང་བསམ་བློ་གསར་བ་དང་རིག་གནས་གསར་བ་དང་ལེན་བྱེད་པའི་སྙིང་སྟོབས་ཡེ་ནས་དབེན་པར་གྱུར་ཡོད་པས།    ངེས་པར་དུ་དེའི་ཕྱོགས་ལ་བསམ་བློ་ནན་མོ་གཏོང་དགོས།

  ཁྱད་པར་དུ་ནམ་ཡང་འདྲ་མཉམ་མི་བཤད་མཁན་དང་། ནམ་ཡང་རང་དབང་མི་བཤད་མཁན།  གཞན་དོན་དང་སེམས་ཅན་ཁོ་ན་ལས་གཞན་གང་ཡང་མི་བཤད་མཁན་ཚོས། ངེས་པར་དུ་བསམ་གཞིག་ནན་མོ་གཏོང་དགོས། ཁོ་ཚོའི་རྒྱུད་ན་བསམ་བློ་གསར་བ་དང་ཤེས་བྱ་གསར་བའི་རྒྱུག་ཆུ་དྭངས་མ་མེད་པར་ལོ་མང་གི་ཤེས་བྱ་རྙིང་བའི་ཆུ་སྙིགས་རུལ་བས་ཁེངས་འདུག་པ་བདེན་ན་ཡང་།    མིའི་བསམ་བློ་ཡར་རྒྱས་ཀྱི་འགྲོས་དང་བསྟུན་བློ་རིག་གསར་བ་ཡོད་ཚད་ཀྱི་སྒོ་མོ་རྒྱག་རྒྱུའི་ལས་འདི་ད་ནས་བཟུང་མཚམས་འཇོག་དགོས་ངེས་རེད་སྙམ།

  རང་སེམས་འདུལ་བའི་རིག་གནས་འདི་དོན་ངོ་མ་དབང་བསྒྱུར་བ་ཚོའི་ལག་ཆ་ཡིན་པས་འདི་བཀོལ་ཤེས་ན་གཞན་ལ་ཁ་གཏད་གཅོག་པའི་རིག་པ་དང་ཆ་འདྲ་ན་ཡང་། འུ་ཚོར་སྐབས་སུ་མ་བབ་པའི་མི་ཚད། ད་དུང་ལག་ཆ་འདིའི་སོ་ཁ་ཡང་ནང་དུ་བསྟན་འདུག་པས།    ཅིས་ཀྱང་གཟབ་དགོས་ངེས་རེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།