རིམས་ནད་སྐབས་ཀྱི་རང་དབང་།

ཞོགས་ལྗང་།

ཁྲིམས་ཀྱི་མདུན་ནས་མི་ཚང་མ་འདྲ་མཉམ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་དོན་ཚན་སོ་གསུམ་པར་འདི་ལྟར་གཏན་ལ་ཁེལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མི་གཞི་དང་རྩིས་ཐང་ལ་རྡོག་བརྫིས་བཏང་མི་ཆོག སྤྱི་དམངས་ལ་བརྙས་བཅོས་དང་། དམའ་འབེབ། སྙོན་འཛུགས་བྱེད་པའི་སྦྱོར་བ་ཅི་ཡང་བརྩམས་མི་ཆོགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་དོན་ཚན་སོ་བརྒྱད་པར་འདི་ལྟར་གཏན་ལ་ཁེལ། རྒྱལ་ཁབ་ཀྱིས་འགྲོ་མིིའི་ཐོབ་ཐང་ལ་བརྩི་མཐོང་དང་འགན་སྲུང་བྱེད། འདི་ཡང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་དོན་ཚན་སོ་གསུམ་པར་གཏན་ལ་ཁེལ།

དེས་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ། སྤྱི་དམངས་སུས་ཀྱང་གཞན་ལ་དམའ་འབེབ་དང་བརྙས་བཅོས་སོགས་འགྲོ་མིའི་ཐོབ་ཐང་ལ་གནོད་པའི་སྦྱོར་བ་ཡོངས་སུ་བརྩམས་མི་ཆོག སུ་ཞིག་རྩ་ཁྲིམས་ཀྱི་གཏན་འབེབ་དང་འགལ་ན་ངེས་པར་ཁྲིམས་ཆད་འཁུར་དགོས། དེ་ལ་དཔོན་གནས་མཐོ་དམན་དང་འབྱོར་བ་བཟང་ངན་ཡེ་མེད། གཞུང་གི་ལས་བྱེད་དང་ཕལ་བའི་མི་དམངས་སོགས་ཁྱད་པར་འབྱེད་པ་རྩ་ནས་མེད། ང་ཁྲིམས་དཔོན་ཡིན་པས་གང་འདོད་འདོད་དུ་རུང་ངོ་སྙམ་ན། དེ་ཡང་ཡེ་མི་ཆོག ང་དཔོན་པོ་ཡིན་པས་རང་སྣང་གང་ཤར་དུ་རྩོམ་མོ་སྙམ་ན། དེ་ཡང་མི་ཆོག་གོ། རྒྱལ་ཁབ་འདིའི་མངའ་ཁོངས་སུ་གོང་དཔོན་པོ་ནས་དམའ་མང་ཚོགས་དབར་ཐོབ་ཐང་རིས་སྙོམས་སུ་ཡོད་དགོས་པ་ལ། རྩ་ཁྲིམས་སུ་དེ་ལྟར་གཏན་ལ་ཁེལ་ཡོད་པས། ཁྲིམས་ཀྱི་མདུན་ནས་མི་ཚང་མ་འདྲ་མཉམ་ཤ་སྟག་ཡིན་དགོས།

རྒྱལ་ཁབ་ཅིག་གི་ཁྲིམས་ནི་དེ་གའི་སྤྱི་དམངས་ཚང་མས་རིས་སྙོམས་སུ་འཁུར་དགོས་པ་ལས།རེས་འཁུར་ཞིང་རེས་མི་འཁུར་བ་མི་འོས། འགྲོ་མིའི་ཐོབ་ཐང་ལ་ཁག་ཐེག་དང་འགན་སྲུང་མེད་པའི་སྤྱི་ཚོགས་སུ། ཁྲིམས་ཀྱིས་རྒྱལ་པོ་དང་རྗེ་བོ་སོགས་ཀྱི་ཁེ་ཕན་སྲུང་བ་ཙམ་ལས། སྤྱི་དམངས་ཀྱི་ཐོབ་ཐང་ལ་འགན་སྲུང་བྱེད་པ་མེད། ཁྲིམས་ཀྱིས་དབང་སྒྱུར་པའི་སྤྱི་ཚོགས་སུ།ཁྲིམས་ཀྱིས་སྤྱི་དམངས་རིས་མེད་ཀྱི་ཐོབ་ཐང་དང་ཁེ་དབང་ལ་འགན་སྲུང་བྱེད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་བའི་རིན་ཐང་ལྟ་བ་རུ་ཁྲིམས་ཀྱིས་དབང་སྒྱུར་བ་གཏན་ལ་ཁེལ་བས། འདིར་ཁྲིམས་ཀྱིས་སྤྱི་དམངས་ཡོངས་ཀྱི་ཐོབ་ཐང་ལ་འགན་སྲུང་བྱེད་ཀྱི།མི་སྒེར་རེ་འགའ་བའི་ཐོབ་ཐང་དང་ཁེ་དབང་ལ་འགན་སྲུང་བྱེད་པ་མིན་ནོ།། གལ་ཏེ་ཡིན་ན་ནི་དབང་མཐའ་སྒེར་གཅོད་ཀྱི་སྲིད་ལུགས་ཤ་སྟག་ཡིན་པ་ཀུན་ལ་ཁ་གསལ་གཏིང་གསལ་ཡིན་པའོ།།

ན་ཛི་སོགས་དབང་མཐའ་སྒེར་གཅོད་ཀྱི་སྐབས་དག་ལ། སྤྱི་དམངས་ཀྱི་ཐོབ་ཐང་ལ་ཁག་ཐེག་དང་འགན་སྲུང་མེད། སུ་ཞིག་དབང་སྒྱུར་བའི་བློ་ངོར་མ་སོང་བ་ཙམ་གྱིས་བཙོན་ལ་འཇུག་པ་དང་མགོ་བོ་གཅོད་པ་སོགས་ཡ་ང་བའི་སྐྱོ་གར་དག་འགྲོ་མིའི་ལོ་རྒྱུས་སུ་གསལ་བས། རྒྱས་བཤད་ཀྱི་ངལ་བ་བསྟེན་དོན་མེད། དེ་དུས་ཁྲིམས་ཀྱི་ལམ་ལུགས་མེད་པ་མིན་མོད། ཁྲིམས་ཀྱིས་དབང་སྒྱུར་བའི་ལམ་ལུགས་མེད། ཁྲིམས་ཀྱི་ལམ་ལུགས་ཡོད་པ་ཙམ་གྱིས་སྤྱི་དམངས་ཀྱི་ཐོབ་ཐང་ལ་འགན་སྲུང་ཐུབ་པ་མིན་ཏེ། རྒྱལ་པོ་དང་རྗེ་བོ་དག་དབང་ཆ་ལོག་པར་སྤྱོད་པའི་སྐབས་ནའང་ཁྲིམས་ཀྱི་ལམ་ལུགས་ཡོད། ཁྲིམས་ཀྱི་ལམ་ལུགས་དེ་ནི་ཁོ་རང་ཚོའི་ཁེ་ཕན་སྒྲུབ་པའི་ལག་ཆ་ཙམ་ལས། སྤྱི་དམངས་ཀྱི་ཐོབ་ཐང་སྲུང་བའི་ཁག་ཐེག་ཏུ་གྱུར་མེད།

དེའི་དུས་སུ། ཁྲིམས་ནི་རྒྱལ་པོ་དང་རྗེ་བོ་དག་གང་འདོད་པའི་བསམ་པ་དབང་བཙན་པར་བྱས་ཏེ་གཏན་ལ་ཕབ་པས། མཚན་ཉིད་དང་ལྡན་པའི་སྤྱི་དམངས་ཀྱང་མེད། བྲན་གཡོག་དང་མི་སེར་དག་ལ་ཁྲིམས་འཛུགས་པའི་ཐོབ་ཐང་མེད། ཁོ་རང་ཚོ་འགྲོ་བ་མི་ཡིན་པའི་དབང་ཆ་དང་ཐོབ་ཐང་ཚང་མ་རྒྱལ་པོ་དང་རྗེ་བོ་དག་གིས་ཕྲོགས་ཡོད།

གོང་ནས་བཟོས་པའི་ཁྲིམས་ལ་མི་དགེ་བའི་ཆ་ཞིག་ངེས་པར་ཡོད་ཅེས་ཤར་ནུབ་མཁས་པ་མང་པོ་གསུངས་མོད། ཨ་རི་སོགས་རང་དབང་དམངས་གཙོའི་རྒྱལ་ཁབ་རེ་འགའི་ཁྲིམས་ཀྱང་དེ་ལྟར་ཡོད་ལུགས་ཞིབ་འཇུག་པ་དག་གསུངས། ཕུན་སུམ་ཚོགས་པའི་ཁྲིམས་ནི་འགྲོ་མིའི་ཉམས་མྱོང་ལས་འབྱུང་གི་དཔྱོད་ཤེས་ལས་མིན་ཞེས་རང་དབང་སྨྲ་བའི་མཁས་པ་དག་གསུངས། ཁྲིམས་ནི་དཔྱོད་ཤེས་ལས་འབྱུང་དགོས་པའི་ལྟ་གྲུབ་འདོན་མཁན་ཕལ་མོ་ཆེ་ནི་དམར་པོའི་ལྟ་བ་ཅན་དག་ཡིན་ཚོད་འདུག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ནི་དཔྱོད་ཤེས་ལས་བྱུང་བ་ཡིན་གྱི་ཉམས་མྱོང་ལས་བྱུང་བའི་རིགས་སུ་མི་གཏོགས། ནམ་ཞིག་ང་ཚོས་རང་གི་ཚབ་ཏུ་ཡིན་བཟོ་བྱས་པའི་འཐུས་མི་དག་བཏང་ནས་གཏན་ལ་ཁེལ་བའི་ཁྲིམས་ནི་སོ་སོའི་ཐོབ་ཐང་ལ་འགན་སྲུང་གི་ཆེད་དུ་བཟོས་པ་ཡིན་གྱི། གཞན་དུ་ན་དགོས་པའི་འོས་མེད། སུ་ཞིག་རྨོངས་པའི་དབང་གིས་གཞན་གྱི་ཐོབ་ཐང་ལ་རྡོག་རོལ་གཏོང་སྐབས།ང་ཚོས་བཟོས་པའི་ཁྲིམས་ཀྱིས་ཉམ་ཆུང་དེ་དག་གི་ཐོབ་ཐང་ལ་འགན་སྲུང་ཐུབ་དགོས།

ཁྲིམས་བཟོ་བ་ལ་དཔལ་འབྱོར་གྱི་འགྲོ་གྲོན་ཆེན་པོ་གཏོང་དགོས། དཔལ་འབྱོར་གྱི་འགྲོ་གྲོན་དེ་དག་ཁྲལ་སྤྲོད་མཁན་གྱི་དངུལ་ཁྲག་ཡིན། ཁྲིམས་བཟོ་བའི་གོ་རིམ་ཡོངས་སུ་ང་ཚོ་རང་ཉིད་དངོས་སུ་ཞུགས་ཐུབ་མེད་ནའང་། ང་ཚོས་རང་གི་འཐུས་མི་དང་དེ་དག་གི་འགྲོ་གྲོན་ཡོངས་སུ་བཏང་ཡོད་པས། ཁྲིམས་ཀྱི་འོས་འགན་ནི་ང་ཚོའི་ཐོབ་ཐང་དང་ཁེ་ཕན་ལ་འགན་སྲུང་བྱེད་རྒྱུ་དེའོ།། ཁྲིམས་ནི་དབང་སྒྱུར་པའི་ཁེ་ཕན་སྲུང་བྱེད་ཙམ་ཡིན་ན། ང་ཚོས་དཔལ་འབྱོར་གྱི་འགྲོ་གྲོན་དེ་དག་གཏོང་དགོས་མེད།

ཁྲིམས་བཟོས་རྗེས། ཁྲིམས་ལག་བསྟར་བྱེད་མཁན་ཞིག་ཀྱང་དགོས། དེ་ཡང་ང་ཚོ་རང་གིས་ཁྲལ་དངུལ་སྤྲད་དེ་བཞག་པ་ཡིན་གྱི། གཞན་དུ་ན་དེ་དག་ལ་གླ་ཆ་ལེན་པའི་ཐབས་མེད།ནམ་ཞིག་ཁྲིམས་ལག་བསྟར་བྱེད་མཁན་གྱིས་ཡ་ཡོ་སྣ་ཚོགས་བྱེད་པའམ། གཞན་གྱི་ངོ་སྲུང་ཆེད་ཁྲིམས་ལོག་པར་སྤྱད་པ་ཡིན་ན། ང་ཚོས་དེ་དག་གི་དབང་ཆ་ཕྱིར་བསྡུས་ཏེ་ཁོ་ཚོ་ལས་གནས་ལས་བསྐྲད་ཆོག འདི་ནི་ཁྲིམས་ཀྱིས་དབང་སྒྱུར་བའི་སྤྱི་ཚོགས་ཏེ། རང་དབང་དམངས་གཙོའི་སྤྱི་ཚོགས་ལ་བལྟས་ཏེ་བཤད་པ་ཡིན་གྱི། དབང་མཐའ་སྒེར་གཅོད་པའི་སྲིད་ལུགས་སུ་འདི་དག་ནི་མི་སེར་གྱི་རྨི་ལམ་ཙམ་མོ།།

དཔེ་དེ་བཞིན། སྲིད་གཞུང་ནི་ང་ཚོ་རང་གི་ཁེ་ཕན་བསྒྲུབ་ཆེད། ང་ཚོ་རང་གིས་ཁྲལ་དངུལ་བསྡུས་ཏེ་བཙུགས་པ་ཡིན། གཞུང་ཞབས་པ་དག་ནི་ང་ཚོས་སྤྲད་པའི་ཁྲལ་དངུལ་ལ་བརྟེན་ནས་འཚོ་བཞིན་ཡོད། ཁོ་རང་ཚོའི་དབང་ཆ་ནི་ཁྲིམས་ལྟར་ང་ཚོའི་ཁེ་ཕན་སྒྲུབ་རྒྱུ་དེ་ཡིན་གྱི།ང་ཚོས་སྤྲད་པའི་དབང་ཆ་ལོག་པར་སྤྱད་དེ་ང་ཚོའི་རང་དབང་དང་ཐོབ་ཐང་འཕྲོག་རྒྱུ་དེ་མིན་ནོ།། སུ་ཞིག་དབང་ཆ་ལོག་པར་སྤྱད་དེ་ང་ཚོའི་རང་དབང་དང་ཐོབ་ཐང་ལ་རྡོག་རོལ་བཏང་ན། ང་ཚོས་ཁྲིམས་མཐུན་སྒོས་ཁོའི་དབང་ཆ་ཕྱིར་བསྡུས་ཆོག ཁོ་རང་གིས་སྤྱོད་པའི་དབང་ཆ་དེ་ནི་ང་ཚོ་ཐུན་མོང་གིས་ཕར་སྤྲད་པ་ཡིན་གྱི། གཞན་དུ་ན་ཁོ་ལ་ང་ཚོ་ལས་ལྷག་པའི་དབང་ཆ་ཞིག་ཡོང་སའི་གནས་མེད། འདི་ཙམ་གྱི་རྒྱུན་ཤེས་མེད་པའི་གཞུང་ཞབས་པ་དག་ནི་ཤིན་ཏུ་སྙིང་རྗེ་བའི་ཡུལ་དུ་འདུག་མོད། ཁོ་ཚོའི་ལོག་སྤྱོད་དེ་དག་ནི་འདི་ཙམ་གྱི་རྒྱུན་ཤེས་མེད་པའི་ང་ཚོས་བསྐྱེད་པ་མ་བརྗེད་ཅིག

ཉེ་བའི་དུས་སུ། རིམས་ནད་ལ་ཁ་གཡར་ཏེ་མང་ཚོགས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་སྦྱོར་བ་གང་སར་མཐོང་། ཁ་སང་རྩེ་ཁོག་གི་མང་ཚོགས་སྐོར་ཞིག་རྒྱ་ལམ་འགྲམ་དུ་བཀག་ཏེ། ལག་པ་གཉིས་ཀ་ཡར་བཀྱགས་ནས་བསླངས་འདུག ད་དུང་ངར་སྐད་འཛེར་འཛེར་གྱིས་གཤེ་བའི་རྣམ་པ་ནི། བརྙན་འཕྲིན་ལས་མཐོང་བའི་འཇར་པན་གྱི་སྦྱོར་བ་དང་ཤིན་ཏུ་མཚུངས། གཅིག་ཏུ་ན་གཞུང་ཞབས་པ་དེ་དག་གིས་འཇར་འགོག་དམག་འཁྲུག་སྐོར་གྱི་མུ་འབྲེལ་བརྙན་འཕྲིན་ལ་བལྟས་དྲགས་པ་ཡིན་སྲིད། མི་ནི་མ་གཞི་ནས་སྡིག་པའི་ལས་ལ་དགའ་ཞིང་དགེ་བའི་ལས་ལ་མི་སྤྲོ། མི་རྣམས་དགེ་བའི་ལས་ལ་འཇུག་པའི་སྒོ་ནི་དགེ་སྡིག་གི་ངོ་བོ་ངོས་ཟིན་རྒྱུ་དེ་ཡིན་མོད། དཔེ་ཀློག་དང་བྲལ་བའི་ཁོར་ཡུག་འདིར། དམ་པའི་ལས་རྩོམ་པ་ནི་མཁའ་ཡི་པདྨོ་བཞིན་དཀོན། འཛམ་པོའི་གླིང་འདིར་དམར་གསོད་དང་གཉའ་གནོན་གྱི་ལོ་རྒྱུས་ནི་རང་དབང་དང་ཞི་བདེ་ཡི་ལོ་རྒྱུས་ལས་རྒྱུན་རིང་བའི་རྒྱུ་མཚན་ཡང་མི་རྣམས་དགེ་སྡིག་གཉིས་ལས་སྡིག་པར་དགའ་བས་ངེས་པར་ཡིན་སྲིད། ཡིན་ནའང་། དིང་ནི་འཛམ་གླིང་ཧྲིལ་བོ་དཔལ་ཡོན་གྱི་ལམ་ལ་ཧབ་ཀྱིས་རྒྱུགས་པས་ན། རང་རེ་རྣམས་ད་དུང་གཉའ་གནོན་དང་བརྙས་བཅོས་ཀྱིས་དུས་འདའ་བ་མི་སྲིད། སོ་སོས་ཁྲིམས་དང་མཐུན་པའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས། ཁྲིམས་དང་མཐུན་པའི་རང་དབང་ལོངས་སུ་སྤྱོད་དགོས།

ཁ་སང་གི་བརྙན་དེ་ལས་མཐོང་བ་ནི། རིམས་ནད་ཀྱིི་སྐབས་སུ་མང་ཚོགས་རྣམས་སྲང་ལ་སོང་བས་སྒྲིག་དང་འགལ་བ་ཡིན་བཟོ་འདུག་མོད། དེ་ཡང་འོས་འཚམ་ལུགས་མཐུན་གྱིས་འགོག་དགོས་ཀྱི། ནོར་ནག་རྡང་ལ་བཏགས་པ་བཞིན་གྲལ་དུ་བཤར་ཅིང་། སྦལ་ནག་ན་ལ་མཆོངས་པ་བཞིན་སུག་བཞི་བརྒྱངས་པ་མི་ལེགས། ཨ་ཧྥེ་རི་ཁའི་ནག་ཚོགས་ཡིན་ན་སྦྱོར་བ་འདི་དང་འདི་ལྟ་བུ་དག་རྩོམ་སྲིད་མོད། རྒྱལ་ཁབ་ཆེན་པོའི་སྲིད་གཞུང་ཞིག་གི་གཞུང་ཞབས་པ་རྣམས་ཀྱང་སྦྱོར་བ་འདི་འདྲ་རྩོམ་པ་འཛམ་གླིང་ཡོངས་འཕྱ་དགོད་ཀྱི་གནས་སུ་འགྱུར་བས་ངེས་པར་གཟབ་དགོས། མིས་འཕྱ་ཁྱིས་འགོམ་གྱི་སྦྱོར་འདི་རིགས་ལ་རང་གཞན་གཉིས་ཀྱིས་དགག་པ་བྱེད་དགོས། རྟིང་སོར་ཡང་འདི་རིགས་མི་འབྱུང་ཆེད། བློ་འབྱེད་ཀྱི་ལས་ཀ་ད་ནས་རྩོམ་དགོས།

མང་ཚོགས་སྒྲིག་དང་འགལ་ནས་སྲང་ལ་སོང་བ་སྐབས་ཀྱི་སྲིད་དོན་རེད། དེ་དག་སྲང་ལ་བཤར་ནས་བརྙས་དམོད་གཏོང་བ་ཡུན་གྱི་ཁྲིམས་དོན་རེད། མང་ཚོགས་ལ་དེ་མཚུངས་ཀྱི་སྐྱོན་བརྗོད་བྱེད་པ་དང་བློ་སྒོ་འབྱེད་པ། སྲིད་ཇུས་སྒྲོག་པ་སོགས་ལེགས་པའི་སྦྱོར་བ་སྤེལ་འོས་མོད། མང་ཚོགས་ལ་ངར་སྐད་བསྒྲགས་ཏེ་དབང་ཆ་ལོག་པར་སྤྱོད་པ་དང་། བརྙན་དུ་ཕབ་ནས་ནོར་དུ་བསྙད་པ་སོགས་སྐྱི་གཡའ་བའི་ལས་ལ་ཅི་བྱའམ། བསྟུད་མར་ཟླ་ངོ་མང་པོར་རིམས་ནད་ཀྱིས་བཙིར་བས་རྒྱལ་ཡོངས་མི་དམངས་ཟིང་ཟིང་དུ་གྱུར་པའི་སྐབས་ལ།མང་ཚོགས་ཀྱི་ལས་དོན་སྒྲུབ་པ་དག་ནི་མང་ཚོགས་ཀྱི་སེམས་གསོ་བ་དང་དོན་ལེགས་པར་སྒྲུབ་པ་གཅེས་མོད། འཇིགས་སྐུར་བ་དང་དབང་ཆ་ལོག་པར་སྤྱོད་པ་ཞེད་ཚ། རྒྱལ་ཁབ་གང་ཞིག་ཞི་བདེ་རང་དབང་གི་ངང་དུ་གནས་པ་ལ། མང་ཚོགས་རྣམས་བློ་བདེ་བག་ཕེབས་སུ་གནས་པ་གལ་ཆེ། དམངས་སེམས་འཁྲུགས་པས་རྒྱལ་སྲིད་བརྟན་པའི་ལོ་རྒྱུས་ནི་སྐལ་བ་གྲངས་མེད་ལ་བཙལ་ཡང་ག་ལ་རྙེད།

དེ་ལས་ཀྱང་ཞེད་ཚ་བ་ནི། བརྙན་ཐུང་དེ་ཚོགས་པ་སོགས་གཞན་ལ་བརྒྱུད་བསྐུར་བྱེད་མི་རུང་བའི་བཀའ་བསྒྲགས་པ་དེའོ།། བརྙན་དུ་ཕབ་ནས་དམའ་འབེབ་གཏོང་བ་ཁོ་རང་ཚོ་ཡིན་པ་དང་། ཚོགས་པ་སོགས་གཞན་ལ་བརྒྱུད་བསྐུར་བྱེད་པའང་ཁོ་ཚོ་རང་ཉིད་རེད། རང་གིས་གང་འདོད་པ་བསྒྲུབས་ཤིང་། གཞན་གྱིས་གང་སྒྲུབ་པ་འགོག་པ་ནི་སྒེར་གཅོད་ཀྱི་མཐར་ཐུག་རེད། ས་གནས་ཆུང་ཆུང་ཞིག་གི་གཞུང་ཞབས་པ་ཆུང་ཆུང་ཞིག་ལ་འདི་དང་འདི་ལྟ་བུའི་དབང་ཆ་ཆེན་པོ་ཞིག་ཇི་ལྟར་ཡོད་དམ། དབང་ཆ་ནི་མི་དམངས་རྣམས་རང་གི་ཁེ་ཕན་བསྒྲུབ་ཕྱིར་རང་དབང་རང་འཐད་ཀྱིས་སྤྲད་པ་ཡིན་མོད། ད་ལྟ་མི་དམངས་རྣམས་ལ་རང་གི་ཐོབ་ཐང་རྩོད་པའི་རང་དབང་ཙམ་ཡང་མ་ལུས་པ་ཨེ་ཡིན། ད་ལྟ་མང་ཚོགས་ཀྱི་སྟོབས་ཤུགས་ནི་བརྙན་ཐུང་གང་སར་བསྐུར་ནས་རང་གི་ཐོབ་ཐང་རྩོད་རྒྱུ་དེ་ཡིན། དེ་ཙམ་གྱི་རང་དབང་ཡང་མེད་པ་གང་ཞིག རང་དབང་གཞན་ནི་བཙལ་ཡང་རྙེད་པའི་ཡུལ་མེད་པས་སྐྱི་གཡའ་བ་ལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།