གངས་བུ་གཡུ་བྷྲུཾ་ལགས་ལ་ལོ་༨ཀྱི་ཁྲིམས་ཆད།

རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་དྲུག་“རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་” དང་ “རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་”པའི་བསྙོན་འཛུགས་འོག་ཏུ། ཁོང་ཚོར་ལོ་༤ ནས་༡༤ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། བོད་མི་འདི་དག་འཛིན་བཟུང་བཙན་ཁྲིད་བྱས་ནས་དུས་ཡུན་མི་ལོ་གཅིག་ནས་གཉིས་རིང་འབྲེལ་ཡོད་ཁྱིམ་མིར་བརྡ་ལན་ཙམ་ཡང་མ་སྤྲད་པར་གསང་བའི་བཀག་ཉར་བྱས་འདུག

འདི་གར་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༢༢ ཟླ་༩ ཡས་མས་ཞིག་ལ། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། “རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་” དང་ “རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་”པའི་བསྙོན་འཛུགས་འོག་ཏུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལ་ལོ་༡༤ དང་། སྲས་རྣམ་ལ་ལོ་༦། གངས་བུ་གཡུ་བྷྲུཾ་ལ་ལོ་༧ ཡས་མས། གངས་ཚེ་རིང་སྒྲོལ་མར་ལོ་༨། པདྨ་རིན་ཆེན་ལ་ལོ་༤། བསམ་འགྲུབ་ལ་ལོ་༨ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ཡིན་ནའང་རྒྱ་གཞུང་གིས་བོད་ནང་དུ་ཉིན་རེ་བཞིན་དོགས་ཟོན་མྱུལ་ཞིབ་དང་ཞིབ་བཤེར་དམ་དྲག་ཤུགས་ཆེར་བཏང་བའི་རྐྱེན་གྱིས། ད་ལྟ་ཁྲིམས་ཐག་བཅད་ཟིན་པའི་བོད་མི་འདི་དག་བཙོན་ཁང་གང་དུ་བཅུག་མིན་དང་གནས་སྟངས་ཅི་འདྲ་ཡིན་མིན་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།

གངས་བུ་གཡུ་བྷྲུཾ་ལ་ལོ་༧ གྱི་ཁྲིམས་ཆད་བཅད་འདུག

ཕྱི་ལོ་༢༠༢༡ ཕྱི་ཟླ་༣ ཚེས་༢༢ ཉིན་གངས་བུ་གཡུ་བྷྲུཾ་ལགས་གསེར་རྟ་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པར་མ་ཟད། ད་ཆར་གངས་བུ་གཡུ་བྷྲུཾ་ལགས་ལ་ལོ་༧ ཡས་མས་གྱི་ཁྲིམས་ཐག་བཅད་འདུག་ཀྱང་། ད་དུང་ཁོང་བཙོན་ཁང་གང་དུ་ཡོད་མེད་ཀྱི་གནས་ཚུལ་གསལ་བོ་ཤེས་རྟོགས་བྱུང་མ་སོང་།
ཁོང་ནི་སྲི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་གོས་རྩ་སྡེ་བ་ནས་ཡིན་ཞིང་། ཕྱི་ལོ་༢༠༠༨ ལོར་གསེར་རྟ་རུ་བོད་རིགས་མང་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐབས། གངས་བུ་གཡུ་བྷྲུཾ་ལགས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་བ་དང་། ༧གོང་ས་མཆོག་ཕྱིར་བོད་ནང་གདན་འདྲེན་ཞུ་དགོས་པ་སོགས་སྐད་འབོད་བྱས་ཏེ། རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་བརྟེན། སྐབས་དེར་རྒྱ་དམར་ཉེན་རྟོག་པས་ཁོང་ཐེངས་དང་པོར་བཙན་བཟུང་གིས་མི་ལོ་གསུམ་ལ་བཙོན་འཇུག་བྱས་ཏེ། ཕྱི་ལོ་༢༠༡༡ ལོའི་ཟླ་ ༢ ཚེས་༡༩ ཉིན་བཙོན་གྲོལ་བྱུང་ཡོད་ཀྱང་། རྗེས་སུ་གངས་བུ་གཡུ་བྷྲུཾ་ལགས་དང་ཁོང་གི་གྲོགས་པོ་སྐོར་ཞིག་གིས་༼དམར་རྒོལ་ཚོགས་པ༽ཞེས་པའི་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ། བོད་ཀྱི་ས་གནས་གང་མང་དུ་ལས་འགུལ་གང་མང་སྤེལ་སྟབས། སླར་ཡང་ཕྱི་ལོ་༢༠༡༢ ལོའི་ཟླ་ ༥ ཚེས་ ༡༤ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉེན་རྟོག་པས་ཁོང་འཛིན་བཟུང་ཐེངས་གཉིས་པ་བྱས་ཏེ་ལོ་གཉིས་རིང་བཙོན་འཇུག་བྱས་ཡོད་པ་རེད། དེར་བརྟེན་ད་ཐེངས་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཙོན་འཇུག་བྱས་པ་འདི་ནི་ཁོང་བཙོན་འཇུག་ཐེངས་གསུམ་པར་གྱུར་ཡོད་འདུག

                ཕྱི་ལོ་༢༠༢༢ཟླ་བ་༡༠ཚེས་༢༡ཉིན། ཅེས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ཀྱིས་སྤེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།