བྱིས་སྒྲུང་། ཐབས་ཤེས་རབ་ཀྱི་ཁུག་པ་བཅོ་བརྒྱད།

 ཁ་བ།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ   

─རྩོམ་འདི་གསེར་ཐར་དམངས་ཁྲོད་གཏམ་རྒྱུད་ལ་གཞི་བཅོལ་ནས་བརྩམས་པ་ཡིན།

     གནའ་སྔ་མོ་ཞིག་ལ། འཚོ་བ་ཧ་ཅང་དབུལ་བའི་སྤྲང་བོ་མ་བུ་གཉིས་ཡོད།   དེ་གཉིས་ལ་སྒོ་ཕྱི་ནང་གི་རྒྱུ་ནོར་རམ་འཚོ་རྟེན་ཉག་གཅིག་ཡོད་པ་ནི་ར་ཙེ་ཙེའི་རྒྱལ་མོ་ཞེས་པའི་འོ་མ་འཛད་མཐའ་མེད་པའི་ར་མ་ཞིག་ཡོད། ར་མ་དེའི་ཨོག་ཚོམ་ཤིན་ཏུ་རིང་བས་རྭ་ལ་དཀྲིས་ཡོད་པས་ས་དེར “ར་ཙེ་ཙེའི་རྒྱལ་མོ་ཨོག་ཚོམ་ཅན” ཞེས་སྐད་གྲགས་ཡོད།

  ཉིན་ཞིག་ར་ཙེ་ཙེ་རྒྱལ་མོ་ཞོགས་པར་མལ་ལས་ལངས་ཏེ། ཐོག་མར་ཉི་རྩེའི་མར་ཁུ་འཁྱིལ་བའི་ཆུ་མིག་ལ་ཧུབ་གསུམ་འཐུང་། དེ་ནས་ཟིལ་བའི་བདུད་རྩི་ཁྲོམ་ཁྲོམ་བཞུར་བཞིན་པའི་རི་རྩྭ་མཉེན་མོ་ཟ་རུ་སོང་། ལམ་དུ་འགྲོ་སྐབས་ཉེ་འགྲམ་ན་སྲོག་སྐྱོབས་ཞེས་པའི་འོ་དོད་འབོད་ཀྱིན་པ་ཐོས་པས་དེར་སོང་ནས་ལྟ་སྐབས། སྤྱང་རྒན་ཟོས་པ་འགྲེང་མེད་ཟེར་བ་དེ་རྔོན་པའི་རྙི་དོང་དུ་ཚུད་ནས་ཡ་ང་ཉམས་ཐག་གི་གནས་སུ་གྱུར་འདུག སྤྱང་རྒན་གྱིས་པུས་བཙུགས་ཐལ་སྦྱར་གྱིས། 

  “ར་ཙེ་ཙེ་རྒྱལ་མོ་གསེར་གྱི་རྭ་ཅོ་ཅན། ར་ཙེ་ཙེ་རྒྱལ་མོ་དངུལ་གྱི་ཨོག་ཚོམ་ཅན། ར་ཙེ་ཙེ་རྒྱལ་མོ་གཡུ་ཡི་ཨ་འབྲས་ཅན།  ར་ཙེ་ཙེ་རྒྱལ་མོ་བྱུ་རུའི་ཁ་སྣ་ཅན། སྐུ་གཟི་མདངས་ཅན་པོ།   ཐུགས་བྱམས་བརྩེ་ཅན་པོ། ང་སྤྱང་རྒན་ལོ་རྔ་ཚེ་རྔར་རྙི་རུ་ཚུད། སྔོན་ཆད་ལས་ངན་བསགས་པ་མཐོལ་ལོ་བཤགས། ད་ཐེངས་སྲོག་ཐེངས་གཅིག་སྐྱོབས་རོགས་ཐུགས་རྗེ་ཅན། དྲིན་ལན་བསྐལ་བརྒྱར་མཇལ་ཡང་ཆོག ” ཅེས་སྙན་པའི་གཏམ་དང་འདར་བའི་ངག་གིས་ཞུ་བ་བྱས་ཙ་ན། ར་ཙེ་ཙེ་རྒྱལ་མོ་ན་རེ།

  “ཁྱོད་སྤྱང་རྒན་ཟོས་པ་འགྲེང་མེད་ཟེར་བ་སུས་མི་ཤེས།  ལུས་སྤུ་རྩེ་རེ་རེའང་ཁྲག་དྲི་བྲོ་བ་སུས་མི་ཚོར།   ཡང་གཅིག་བཤད་ན་ཁྱོད་ནི་ཤ་ཟན་གྱི་རིགས་དང་ང་ནི་རྩྭ་ཟན་གྱི་རིགས་ཡིན། ངས་ཁྱོད་སྐྱོབ་མི་ཕོད་ལ་བསྐྱབས་ཀྱང་ཁྱོད་ཀྱིས་དྲིན་ལན་ཕར་ཞོག   ཇ་ལན་གཅིན་གྱིས་འཇལ་བར་ལ་ཐང་མེད།”ཅེས་ཟེར་ནས་འགྲོ་གྲབས་བྱས་ཙ་ན། སྤྱང་རྒན་གྱིས་གྱིས་མཐེ་བོང་ར་རྔ་རྩོང་རྩོང་། མིག་ཆུ་ཡུར་ཆུ་བཞུར་བཞུར།   གུས་ཕྱག་རྒུན་བུ་འཐུ་འཐུ་བྱས་ཏེ།   

  “གལ་ཏེ་ངས་ཁྱེད་ལ་དྲིན་ལན་ལོག་འཇལ་གྱི་བསམ་པ་རྒྱུད་ལ་སྐྱེས་ཙམ་བྱས་ན་གནམ་རྒན་མའི་ཆད་པ་བཅད་ནས་ང་ཡི་པགས་པ་གསོན་བཤུ་བྱེད་པར་ཤོག ཤ་དང་རུས་པ་ཚལ་བ་བརྒྱད་དུ་འགྱུར་བར་ཤོག”ཅེས་མནའ་བོར་བ་ན། ར་ཙེ་ཙེ་རྒྱལ་མོ་སྙིང་རྗེ་དང་ཡིད་ཆེས་སྐྱེས་ཏེ་རྭ་ལས་ཨོག་ཚོམ་བཤིགས་ཏེ་དོང་ནང་དུ་བསྣར་བ་ན། སྤྱང་རྒན་དེར་འཇུས་ཏེ་ཡར་འཛེགས་པས་རྙི་དོང་ལས་ཐར།

   སྤྱང་རྒན་གྱིས་ར་ཙེ་ཙེ་རྒྱལ་མོར་དྲིན་གཟོ་བའི་ཚུལ་དུ་ཨུ་ཚུགས་ཀྱིས་ལམ་ཁུག་ཅིག་ཏུ་སྐྱེལ་མ་བྱས། སྤྱང་རྒན་ལ་ཉན་མི་ཚར་བའི་སྐད་ཆ་ཤིན་ཏུ་མང་བ་མ་ཟད། བཤད་ཀྱིན་བཤད་ཀྱིན་ཁོས་ར་ལུག་ཅི་ཙམ་བསད་ཚུལ་དང་ཇི་འདྲ་བཟུང་ཚུལ། ར་ཤ་དང་ལུག་ཤའི་བྲོ་བ་ཇི་འདྲ་ཞིམ་ཚུལ་སོགས་བཤད་ནས་གཉུག་གཤིས་ལྷིང་ལ་འབུད་ཙ་ན།  ར་ཙེ་ཙེ་རྒྱལ་མོ་སྐྲག་ནས་མྱུར་དུ་གཡོལ་བར་རྩོམ་སྐབས། སྤྱང་རྒན་གྱིས་ཁ་བྲག་ཕུག་འདྲ་བ་གདངས་ཤིང་ལྕེ་གློག་དམར་འདྲ་བ་དེ་བསྣར་ནས་གླལ་རྒྱང་བྱེད་ཀྱིན་ན་རེ།  

   “ར་ཙེ་ཙེ་རྒྱལ་མོ་བྱམས་བརྩེ་ཅན། ངས་ཟས་ཁམ་གང་མ་རེག་ཉིན་བདུན་དང་ཆུ་ཧུང་གང་མ་རེག་ཞག་བདུན་ཡིན། ལྟོག་ནས་ཁོག་པར་མེ་རི་འབར་བ་འདྲ། ཁྱོད་ཀྱིས་ང་སྲོག་བསྐྱབས་ན་སྐྱོབ་ཐུབ་ཤག་དགོས།  ཁྱོད་ཀྱི་བླའི་ཤ་སྣག་ནང་ནས་ཤ་ཁམ་དང་བླའི་ཁྲག་མཚོའི་ནང་ནས་ཁྲག་ཧུབ་གང་སྦྱིན་ན་ཇི་འདྲ་རེད།” ཅེས་ཟེར་ནས་འགྲམ་ལ་བཅར་བ་ན། ར་ཙེ་ཙེ་ན་རེ། 

   “དེ་འདྲ་ག་ལ་ཆོག ཁྱོད་ཀྱིས་དྲིན་ཆེན་ལ་དྲིན་ལོག་བྱེད་པའི་བསམ་པ་ཙམ་ཡང་རྒྱུད་ལ་མི་སྐྱེ་ཞེས་མནའ་བསྐྱལ་བ་མ་བརྗེད་རོགས”ཅེས་ལབ་པ་ན། ཡང་སྤྱང་རྒན་ན་རེ།

    “འོ་ན་ཁྱོད་ཀྱི་ཁོག་པའི་ནང་གི་རེའུ་དེ་ངས་ཟོས་ན་ཆོག་གམ།”ཟེར། ར་ཙེ་ཙེ་རྒྱལ་མོ་ན་རེ། 

   “ངའི་ཤ་ལས་ཆད་པའི་ཕྲུ་གུ་དེ་བས་སྟེར་མི་ཐུབ། ཁྱོད་ཀྱིས་དྲིན་ཆེན་ལ་དྲིན་ལོག་བྱེད་པའི་བསམ་པ་ཙམ་ཡང་རྒྱུད་ལམ་སྐྱེ་ཞེས་མནའ་བསྐྱལ་བ་མ་བརྗེད་རོགས”ཅེས་ལབ།Image

   ཡིན་ནའང་སྤྱང་རྒན་གྱིས་མངོན་སུམ་འཛེམ་མེད་དུ་ཁ་གཡར་ས་མང་དུ་བཙལ་བས་ཁོ་གཉིས་ཁ་རྩོད་བྱེད་ཀྱིན་པའི་སྒང་དེར། ཏག་ཏག་རི་བོང་བློ་ལྡན་ཤེས་རབ་ཀྱིས་དཔེ་གཟིགས་མཚམས་བཞག་སྟེ་ཕྱི་རུ་འཆམ་འཆམ་བྱེད་པ་དང་འཕྲད། ར་ཙེ་ཙེས་དོན་དག་དེའི་མགོ་རྔ་བར་གསུམ་རི་བོང་ལ་གཏུག་བཤེར་བྱས་ནས་བདེན་ལུགས་བརྩད་པ་དང་། སྤྱང་རྒན་གྱིས་དེ་དང་བསྟུན་ཏེ་རྔ་ཇི་ལྟར་བརྡུང་ན་བྲོ་དེ་ལྟར་འཁྲབ་ཅེས་པའི་དཔེ་བཞིན་ཁ་གཡར་ས་དང་ཁག་འཇོག་ས་མང་དུ་བཙལ་ནས་རྩོད་གླེང་བྱུང་བ་ན། རི་བོང་བློ་ལྡན་ཤེས་རབ་ཀྱིས་གདོང་ཁུག་གི་ཤེལ་མིག་ཡར་དེད་ཙམ་དང་། ཁ་ནང་གི་དུད་ཚེག་རྔུབ་ཆེན་གསུམ་དང་རྔུབ་ཆུང་གསུམ་བྱས་རྗེས་ན་རེ།

   “ཁྱོད་གཉིས་ཀྱི་རྩོད་གཞི་ཧ་ཅང་ཉོག་པས་གཟུ་ཕོག་དཀའ་མོ་རེད། གཟུ་འདིའི་གཟུ་རྒྱབ་ལ་སྐུ་རི་རྒྱལ་འདྲ་བ་དང་གསུངས་གཡུ་འབྲུག་འདྲ་བ། ཐུགས་རྒྱ་མཚོ་འདྲ་ཞིག་དགོས། ཨ་ཁུ་སྤྱང་རྒན་ཁྱེད་རང་དྲེད་མོ་ཟ་དགའ་འཆའ་སྐྱིད་གདན་འདྲེན་དུ་སོང”ཟེར། ཡང་ལྐོག་ཏུ་སྤྱང་རྒན་གྱི་རྣ་ལམ་དུ།

    “ད་ཐེངས་ར་ཤ་ར་ཁྲག་དྲོན་མོ་ཁ་ལ་འོང་བ་སྣ་ནས་སྤུར་མི་རུང་།  འོན་ཀྱང་བདག་པོ་མིའི་རིགས་ཡིན་པས་ར་མདར་འོང་ན་ཉེན་ཁ་ཆེ། དེར་བརྟེན་དྲེད་རྒན་ཟ་དགའ་འཆའ་སྐྱིད་ཁྲིད་ནས་མཉམ་དུ་བསད་དེ་ཁོ་ལ་ཤ་སྐལ་ཅུང་ཙམ་སྟེར་ན་ཉེས་པ་ཐམས་ཅད་ཁོའི་མགོར་འཕེན་པའི་ཐབས་ཤེས་ང་ལ་ཡོད། ཁྱོད་གཉིས་ཀྱི་རྔ་མ་སྦྲེལ་ཞེས་ཤོད་དང་ཁོ་ཡིད་ཆེས་ནས་འོང་ཁོ་ཐག་ཡིན”ཟེར་བ་ན། སྤྱང་རྒན་དགའ་ཐག་ཆོད་དེ་རླུང་བུད་པ་ལྟར་དྲེད་མོ་འབོད་དུ་སོང་ངོ་། ། 

  ཉིན་དེར་དྲེན་རྒན་ཟ་དགའ་ཉལ་སྐྱིད་ཀྱིས་ཚང་ནང་གད་བརྡར་བྱས། ཁ་ལག་གཙང་མར་བཀྲུས། ཉིན་འདི་གར་རྔོན་ཤ་ཅིའང་ལག་ལ་མ་ཐོབ་པས་ཕོ་བའི་ནང་དུའང་ཁྲོག་དིར་གྲགས་བཞིན་པས། དེ་རིང་གི་ཉི་མ་གཏོང་བྱེད་དུ་རི་རྩེ་ལ་ཟས་ཐུན་རེ་འཚོལ་བར་འགྲོ་གྲབས་བྱེད་ཀྱིན་པའི་སྐབས། སྤྱང་རྒན་ཟོས་པ་འགྲེང་མེད་ཀྱི་ཁ་བགད་ཁ་ལ་མི་ཤོང་། ཁོག་བགའ་ཁོག་ལ་མི་ཤོང་། གསེར་ལུག་མགོ་འདྲ་བ་ཐང་ནས་རྙེད་པ་ལྟར་མགོ་གཡུག་རྔ་གཡུག་གིས་དྲེད་རྒན་རྩར་འོང་ནས་རྣ་ལམ་དུ་ཤབ་ཤུབ་ངང་ཡོང་དོན་གསལ་བོར་བཤད་རྗེས་སླར་ཡང་།

   “ད་ཐེངས་གི་དོན་འདི་གཙོ་བོ་རང་གཉིས་ལ་ཁེ་ཕོག་ཡོད་པ་ལས་ནུས་མེད་གཉོམ་ཆུང་གི་རི་བོང་ཁ་ཤོར་ཇི་བྱས་ཀྱང་ཆོག”ཅེས་ལབ་པ་ན།   དྲེད་རྒན་གྱི་ལྕེ་དམར་ཆུང་ལ་ཟ་འཁྲུག་ཤིག་ཤིག ཁ་ཁུང་ཁུང་ལ་འགྲམ་ཆུ་ལྷུག་ལྷུག ལུས་དང་སེམས་པ་དར་ལྕོག་གཡོ་གཡོ་རང་ཚོད་འཛིན་མི་ཐུབ་པ་ཞིག་ཏུ་གྱུར་ཡང་། སྤྱང་རྒན་ནི་རྒྱ་དབུས་དབར་ན་སྐད་གྲགས་ཡོད་པའི་གཡོ་ཁྲམ་གྱི་རྒྱལ་པོ་ཡིན་པས་ཡིད་མ་ཆེས་པར་ཐེ་ཚོམ་དུ་གནས་པ་ན། སྤྱང་རྒན་ན་རེ། 

   “ཁྱོད་འདྲ་བའི་གྱད་ཆེན་དཔའ་རྒོད་ཅིག་དེ་ལྟར་སྐྲག་དོན་ཅི་ཡོད།   ད་རུང་མི་རློམ་ན་འུ་གཉིས་ཀྱི་རྔ་མ་སྦྲེལ་ནས་འགྲོ་ན་ཆོག   འདི་ལྟར་བྱད་ན་ངའི་མུག་སྲོག་རྟ་རྔ་འདྲ་བ་དེ་ཁྱེད་ཀྱི་ལག་ཏུ་ཡོད་པས་གནད་དོན་མེད།   དངོས་གྲུང་ཐོབ་ཁར་རྒྱུད་པ་འདར་ཞེས་པ་གོ་མ་མྱོང་ངམ”ཞེས་ལབ་པ་། དྲེད་རྒན་གཏིང་ནས་ཡིད་ཆེས་ཏེ་ཁོག་གཉིས་ཀྱི་རྔ་མ་མདུད་ནག་དགུ་ཡི ས་སྦྲེལ་ནས་དགའ་དགའ་སྤྲོ་སྤྲོས་ངང་སོང་ངོ་།། Image

   དྲེད་མོ་དང་སྤྱང་ཀི་གཉིས་རི་བོང་གི་འགྲམ་དུ་ཉེ་བ་ན། རི་བོང་ཕྱིར་ཁེན་ཆོག་པའི་རྡོ་ཡི་འདུག་སྟེགས་ཤིག་ཏུ་ཧོར་འདུག་བྱས། ཧ་ཅང་སོས་དལ་ངང་དུད་ཚག་རྔུབ་བཞིན་དུམ་བུ་གཉིས་སུ་ཤོ་བའི་ཡ་ཁ་གཉིས་ཀྱི་བར་ནས་དུ་བ་སྔོ་ལྷོག་ལྷོག་བྱེད། ར་ཙེ་ཙེ་རྒྱལ་མོས་རྡོ་གྲི་ཞིག་བརྡར་བཞིན་ར་བོང་གི་གམ་དུ་སྐུ་སྲུང་དམག་མི་བཞིན་ལངས་ནས་འདུག རི་བོང་གིས་ཟུར་མིག་གྱིས་དྲེད་མོ་དང་སྤྱང་ཀི་གཉིས་ལ་ལྟ་ཙམ་བྱས་དེ“ཧ་ཧ་་་”ཞེས་དགོད་ཙམ་བྱས།  སྣང་ཚུལ་དེ་དག་གིས་དྲེད་མོས་སེམས་སུ་བཤད་དཀའ་བའི་དོགས་པ་དང་ཚོར་བ་འཇིགས་པོ་ཞིག་ངང་ངམ་ཤུགས་ཀྱིས་བསྩལ་བས། ལུས་ཀྱི་སྤུ་ཡོད་ཚད་རྩ་བ་ནས་ཟིང་ཟིང་དང་རྐང་ལག་བཞི་བོའི་བྱིན་པ་འདར་སིག་སིག་ཏུ་གྱུར་ནའང་། སྤྱང་ཀི་དང་རྔ་མ་སྦྲེལ་ཡོད་པའི་གདེང་ཚོད་ཅུང་ཙམ་སྐྱེས་ཏེ་སྤྱང་ཀི་དང་མཉམ་དུ་རི་བོང་གི་རྩར་ཐོན་པ་ན། རི་བོང་དེ་མ་ཐག་ཡར་ལངས་ཏེ་གདོང་ཁུག་གི་ཤེལ་མིག་སྣ་ཐོག་ཏུ་དེད་ནས་དྲེད་མོར་གཟབ་ལྟ་བྱེད་ཤོར་ཡིད་ཚིམ་པའི་མགོ་བོ་གཡུག་གཡུག་གིས་ན་རེ།

  “ཨ་ལ་ལ།  ཨ་ཁུ་སྤྱང་རྒན་གྱིས་ང་ལ་འབྲི་སྐམ་རྒྱ་ཐོ་མ་ཞིག་ཁྲིད་ཡོབ་ཟེར་བ་འདི་ཨེ་རེད།  ངོ་མ་ཆེ་ཚོ་གཉིས་ལྡན་རེད།   ན་ནིང་ང་ལ་ཤ་རྒྱ་མ་བརྒྱའི་དོམ་ཆད་ཡོད་པས་འདིས་ཆོག་གི” ཞེས་ཟེར་ཞོར་འཕྲལ་དུ་ཁ་ཕྱིར་འཁོར་ནས་ར་ཙེ་ཙེ་རྒྱལ་མོར།  

  “བཟང་གི   ཤན་པ་སྲིན་པོ་འོག་རིང་།  གྲི་ཁྱེར་ཤོག་དང་དེ་རིང་ངས་ཤ་སྟོན་ཤོམ་ཆེན་ཞིག་བྱེད་རྒྱུ་ཡིན”ཞེས་ལབ་མ་ཐག་ཏུ།  དྲེད་རྒན་སྔར་ནས་སྤྱང་རྒན་ལ་ཡིད་མི་ཆེས་པའི་ཁར་མིག་མདུན་དུ་བྱུང་བའི་མངོན་སུམ་གྱི་དོན་དག་དེ་ཤེས་མ་ཐག་ཏུ་རབ་ཏུ་སྐྲག་ཏེ་སྲིན་པོར་ཁ་ཐུག་བརྒྱབ་པ་བཞིན་ཁ་ཕྱིར་འཁོར་ནས་སྤྱང་རྒན་ལ་བྱ་ལོང་བྱེད་ལོང་དང་བཤད་ལོངས་སོགས་གང་ཡང་མ་བྱིན་པར་དྲུད་ནས་བྲོས་ཙ་ན། རི་བོང་ངར་ལངས་བའི་ཚུལ་གྱིས་སྐད་བརྒྱབ་ཏེ་སྤྱང་རྒན་ལ་འཆོར་དུ་མ་འཇུག་ཅེས་བོས་པ་ན། དྲེད་རྒན་དེ་བས་སྐྲག་ཏེ་ཇེ་མགྱོགས་ནས་ཇེ་མགྱོགས་ཀྱིས་བྲོས་པས། མི་རིང་བར་ཤེད་ཤུགས་ཤིན་དུ་ཆེ་བའི་དྲེད་མོའི་ས་དྲུད་རྡོ་དྲུད་བྱེད་ཀྱིན་པའི་སྤྱང་རྒན་ཀྱི་པགས་པའང་གསོན་བཤུ་བཤུས་འགྲོ་སྐབས།  རི་བོང་གིས་དེ་བས་སྐད་བརྒྱབ་ཏེ། “ཨ་ཁུ་སྤྱང་རྒན་བུ་རྒོད་པོ། ལྟོས་དང་ནང་ལྭ་ཕུད་ཀྱིན་འདུག ལྟོས་དང་དོར་མ་ཕུད་ཀྱིན་འདུག ད་ཐེངས་འབྲི་སྐམ་རྒྱ་ཐོ་མ་ལག་ཏུ་ཚུད་དུ་ཆུགས”ཅེས་ཟེར། དྲེད་རྒན་དེ་བས་ཇེ་མགྱོགས་སུ་སོང་ནས་སྤྱང་རྒན་ལ་དྲུད་ལུང་དྲུད་བྱས་པའི་མཐར་སྤྱང་རྒན་གྱི་ཤ་རུས་སོ་སོར་བཀྲལ་ནས་ཤི་བ་མ་ཟད། དྲེད་མོ་རང་གི་རྔ་མའང་རྩ་ནས་ཆད་དེ་ཚ་ཟུག་དང་འཇིགས་སྐྲག ངོ་ཚ་བཅས་ཀྱི་དབང་གིས་གནས་དེར་མ་ཆགས་པར་ཉིན་མཚན་ཁ་བརྡབ་ནས་ཡུལ་གཞན་དུ་བྲོས་སོང་ངོ་།།

  ལོ་གཅིགའདས་སོང་། རི་བོང་བློ་ལྡན་གྱི་ཕོ་བ་འབུར་དུ་ཐོན་ཞིང་ཕར་བལྟས་ན་སྔོན་གྱི་དཔེ་ཆ་བ་ལས་སྐུ་དྲག་ཅིག་གི་ཚུགས་ཀ་དོད་འདུག ར་ཙ་ཙེ་རྒྱལ་མོས་སྲོག་སྐྱོབ་དྲིན་ཆེན་ཁྱིམ་དུ་གདན་དྲངས་ཏེ་བདག་པོ་མ་བུ་གཉིས་ལ་གནས་ཚུལ་བཤད་པ་ནས་བཟུང་། དབུལ་བོ་མ་བུ་གཉིས་ཀྱིས་དུས་རྒྱུན་དུ་ཉིན་རེའི་ར་ཙེ་ཙེའི་རྒྱལ་མོས་འོ་མ་ཕྱེད་ཀ་རི་བོང་ལ་དྲངས་པས། ཁོ་ཟ་འཐུང་གི་དོན་དུ་གོམ་གང་ཡང་འདུར་མི་དགོས་པས་ངོ་མ་ལུས་ཡོངས་རྒྱག་རིལ་དུ་ཆགས་འདུག རི་བོང་གིས་བསམ་རྒྱུར།  འདི་ལྟར་ཁྱི་ལྟར་ཟ་ཞིང་ཕག་ལྟར་ཉལ་རྐྱང་བྱས་ནས་བསྡད་ན་རང་ཉིད་ཉམས་པའི་རྒྱུ་ལས་མི་འདུག དེ་ལས་དྲིན་གྱི་དབུལ་བོ་མ་བུ་འདི་གཉིས་ལ་ཕན་ཞིག་འདོག་དགོས་བསམ་ནས།  ལ་ལུང་གང་དུ་འདུར་ཡང་གནས་སྐབས་རང་ཁ་རང་གསོ་ཙམ་ལས་ཅིའང་ལག་ཏུ་མ་སོན།   མི་འགྱང་བར་དབུལ་བོ་ཚང་གི་མ་རྒན་ཚེ་ལས་འདས་སོང་།  འདས་ཁར་གྲོགས་མེད་ཁེར་རྐྱང་གི་བུ་དེ་རི་བོང་ལ་བཅོལ་དམ་བྱས་པ་མ་ཟད།  བུ་དེ་ལ་ཆུང་མ་ཞིག་ལེན་རོགས་ཞེས་ཁ་ཆེམ་བཞག་ནས་བུད་སོང་། དོན་དག་དེ་རི་བོང་མཚོན་ན་ལས་སླ་མོ་ཞིག་མིན་ཡང་། ཁོས་དོན་དག་དེའི་སྔ་ཕྱི་ཚང་མར་ལེགས་པར་སྒྲུབ་རྒྱུ་ཐག་གིས་བཅད་དོ།།

  ས་ཆ་དེ་ན་ཡི་དྭགས་རྒད་མོ་གཏེར་སྲུང་མ་ཞེས་པའི་འབྱོར་བ་ཧ་ཅང་ལྡན་པ་ཞིག་ཡོད། མོ་ནི་དམན་ལ་སྡང་ཞིང་སེར་སྣ་རབ་ཏུ་ཆེ་བས་ས་དེའི་སྲོག་ཆགས་དང་མི་ཚང་མ་མི་དགའ། མོ་ལ་མེ་ཏོག་དཀར་སེར་བཞད་པ་དང་ཕུག་ལྷ་དཔལ་ལྡན་ལྗོན་ཤིང་ཞེས་པའི་རིན་པོ་ཆེ་གཉིས་ཡོད། དེ་གཉིས་ལ་ཕྱག་འཚལ་ནས་གསོལ་བ་ཅི་བཏབས་ན་འགྲུབ་པ་ཞིག་ཡིན། ད་དུང་མོ་ལ་གཡོག་གོ་ཆོད་དགྲ་འདུལ་ཞེས་པའི་གཡོག་པོ་རྩལ་ཆེན་ཞིག་ཡོད་པ་དེ་གདུག་རྩུབ་ཤིན་དུ་ཆེ་བས།  མོ་རང་མི་དགའ་སའི་སྲོག་ལྡན་སུ་ཞིག་ཡིན་ན་གཡོག་གོ་ཆོད  ཨ་དགྲ་འདུལ་མངགས་ནས་ཚུར་གཅོད་བྱེད་ཀྱིན་ཡོད། གནས་ཚུལ་དེར་རི་བོང་བློ་ལྡན་གྱིས་སྔར་ནས་གོ་བས་ཧ་ཅང་མི་དགའ་བ་མ་ཟད་སྐབས་ཤིག་ལ་མོ་རང་འདུལ་བའི་དུས་ལ་བབས་པ་མ་ཟད་ཨ་མ་རྒད་མོའི་ཁ་ཆེམས་ཀྱང་སྒྲུབ་ཚོད་དུ་སླེབས་པ་ཤེས། ནུབ་མོ་ཞིག་ལ་རི་བོང་བློ་ལྡན་ཡི་དྭགས་རྒད་མོ་གཏེར་སྲུང་མ་ཚང་གི་མེ་ཏོག་དཀར་སེར་བཞད་པའི་ནང་དུ་ཡིབ་བསྡད། ཡི་དྭགས་རྒད་མོས་ཕྱག་འཚལ་བཞིན། 

  “མེ་ཏོག་དཀར་སེར་བཞད་པ། ཕུག་ལྷ་དཔལ་ལྡན་ལྗོན་ཤིང་། ཚེ་འདིར་ང་རང་སྐྱིད་དགོས། ཚེ་འདིར་ང་རང་ཕྱུག་དགོས། མཐོ་རྒྱལ་པོའི་བང་མཛོད་མན་ཆད། དམའ་སྤྲང་བོའི་སྤྲང་པོར་ཡན་ཆད་གྱི་ཁ་བསོད་ཚང་མ་ང་ལ་འཁོར་བར་ཤོག ” ཅེས་སྨོན་ལམ་འདེབས་བཞིན་པའི་སྐབས་སུ། རི་བོང་གིས་སྐད་མགོ་ལྡིར་ལྡིར་གྱིས།  

  “ཡི་དྭགས་རྒད་མོ། ཁྱོད་རང་བགེགས་བར་ཆད་ཅིག་ལ་ཐུག་རྒྱུ་རེད།” ཅེས་ལྷས་གསུངས་འབྱོན་པའི་ཚལ་དུ་བཤད་ཙ་ན།  ཡི་དྭགས་རྒད་མོ་རབ་ཏུ་སྐྲག་ཏེ། 

  “མེ་ཏོག་དཀར་སེར་བཞད། ཕུག་ལྷ་དཔལ་ལྡན་ལྗོན་ཤིང་། རྟེན་གཉིས་ལ་འཁོར་བའི་ལྷ་ཆེན་ལགས། བར་ཆད་ཅི་ཞིག་རེད། བཟློག་ཐབས་ཅི་ཞིག་འདུག ” ཅེས་ཁ་ཉ་ཉ་དང་རྒྱུད་པ་ཞ་ཞ་བྱས་ནས་དྲིས་ཙ་ན། རི་བོང་ན་རེ།  

  “ང་ལྷ་ཡིན་པས་ཁྱོད་ལ་དངོས་གྲུབ་སྟེར་བ་ལས་སངས་རྒྱས་མིན་པས་ཡོད་ཚད་མི་རྟོགས། དེས་ཕྱིར་བར་ཆད་ཇི་འདྲ་ཞིག་དང་བཟློག་ཐབས་ཇི་འདྲ་དགོས་མིན་དྲང་སྲོང་ཁྱད་དུ་འཕགས་པ་ཞིག་འཚོལ་དགོས། ཁྱོད་སང་ཉིན་སྐྱ་རེངས་སྐྱ་མདའ་མ་བཀྱག་གོང་ནས་སོང་། ལུང་པ་གྲུ་ཤུབ་འདྲ་བ་ཞིག་གི་མདོ་ན། ཆུ་གྲི་གུག་འདྲ་བའི་འགྲམ་ངོགས་ན། དྲང་སྲོང་ཁ་ཤོ་ཁེར་འདུག་ཅེས་པ་ཡོད་པ་དེ་གདན་དྲོངས་ཤིག་ ”ཅེས་ལུང་བསྟན་ནོ།།

  ཕྱི་ཉིན་བྱ་ཕོ་རོག་གིས་ཟུར་ཆུ་མ་བཏུང་གོང་། མཐོ་རི་བོས་གསེར་ཞྭ་མ་གྱོན་གོང་། ཡི་དྭགས་རྒད་མོ་གཏེར་སྲུང་མ་སྔ་མོ་ནས་མལ་ལས་ལངས་ཏེ་མདང་དགོང་གི་ལུངས་བསྟན་ལྟར་དྲང་སྲོང་ཚོལ་དུ་སོང་། རི་བོང་གིས་སྔ་མོ་ནས་ལུང་པ་གྲི་ཤུབ་འདྲ་བ་དང་ཆུ་གྲི་ཁུག་འགྲ་བའི་འགྲམ་ངོགས་དེ་ནས་རྡོ་རྗེ་དཀྱིལ་དྲུང་བྱས་ནས་བསྒུག་བསྡད། མི་རིང་བར་ཡི་དྭགས་རྒད་མོའང་དེར་འབྱོར། མོས་དེ་ན་རི་བོང་གི་ཁ་ཤོ་བསྡད་ཡོད་པ་མ་ཟད་འདུག་ལུགས་ཀྱང་གཞན་དང་མི་འདྲ་བ་མཐོང་བས། ཁྱེད་དྲང་སྲོང་ཁ་ཤོ་ཁེར་བཞུགས་ཟེར་བ་དེ་ཡིན་ནམ་ཞེས་དྲིས་པ་ན། རི་བོང་ན་རེ།

  “ལུང་པ་གྲི་ཤུབ་འདྲ་བའི་ཁ་མདོ་ན། ཆུ་བཙན་་གྲི་ཀུག་འདྲ་བའི་འགྲམ་ངོགས་ན། དྲང་སྲོང་ཁ་ཤོ་ཁེར་བཞུགས་པ། ང་རྟོགས་ལྡན་མ་གཏོགས་སུའང་མེད།”ཅེས་ཟེར་བ་ན། རྒད་མོ་གཏེར་སྲུང་མས་ཕྱག་མང་དུ་འཚལ་ནས་ལུང་བསྟན་བྱུང་ཚུལ་རྣམས་ཞུས་རྗེས། ཁྱེད་རང་གདན་དྲངས་རུ་ཡོང་བ་ཡིན་ཅེས་ལབ་པ་ན། རི་བོང་གིས།

     “ང་བྱ་བཏང་རི་ཁྲོད་པ་ཞིག་ལ་མི་ཁོམ་རྒྱུ་ཅི་ཡོད།  སེམས་ཅན་ལ་ཕན་རེ་ཐོག་ན་ལེ་ཆོག”ཟེར་ནས་འཐད་པའི་ཟོལ་བསྟན་ནོ།།

  དེ་ནས་རི་བོང་ཡི་དྭགས་རྒད་མོ་གཏེར་སྲུང་མ་ཚང་དུ་སོང་ནས་མིག་གིས་ནམ་མཁར་ཅེར། ཇུ་ཐིག་ཁྲ་མ་ཁྲིས་གསུམ་ཡང་ཡང་ཕུར་བཞིན་མོ་བཏབས་ནས་ན་རེ། 

   “འདི་ནས་ས་ཐག་མི་རིང་བའི་ས་ན་ཧི་མ་ལའི་རྒྱལ་ཁབ་ཅེས་པའི་རྒྱལ་པོ་ཚང་གིས་ཁྱོད་ཚང་ལ་དམག་དྲངས་ནས་བཅོམ་རྩིས་འདུག” ཅེས་ཟེར་བ་ན།  རྒད་མོའི་དམག་ཟློག་པའི་ཐབས་ཅི་འདུག་ཅེས་དྲིས་པ་ན།  རི་བོང་ན་རེ། 

  “ཐབས་ལོས་ཡོད། ཐོག་མར་ཁྱོད་ཀྱི་གཡོག་གོ་ཆོད་དགྲ་འདུལ་དྲི་སའི་ཡུལ་དུ་དགྲ་འདུལ་དབྱུག་པ་དམར་པོ་ལེན་དུ་ཐོངས། ང་རང་མེ་ཏོག་དཀར་སེར་བཞད་པའི་ནང་དུ་བསྡད་ནས་ཧི་མ་ལའི་རྒྱལ་ཁབ་ཏུ་ཉུལ་ཞིབ་ཐེངས་གཅིག་བྱེད་དུ་འགྲོ”ཟེར། རྒད་མོ་འཐད་པ་བྱུང་ནས་དེ་ལྟར་བྱས་སོ།།

  རི་བོང་མེ་ཏོག་དཀར་སེར་བཞད་པའི་ནང་དུ་བསྡད་དེ་ཧི་མ་ལའི་རྒྱལ་ཁབ་ཏུ་འཕུར། རྒྱལ་པོའི་ཕོ་བྲང་སྒོར་བབས་པ་ན་རྒྱལ་བློན་འཁོར་བཅས་ཡ་མཚན་སྐྱེས་ཏེ། རི་བོང་འདི་གཞན་དང་མི་འདྲ་བ་ཞིག་རེད་བསམ་ནས་ཕོ་བྲང་དུ་གདན་དྲངས། སྐད་ཆ་དྲིས་པ་ན་རི་བོང་གིས་ཁོ་རང་མཐུ་དང་རྫུ་འཕྲུལ་ལ་རང་དབང་ཐོབ་པའི་དྲང་སྲོང་ཁ་ཤོ་ཁེར་འདུག་ཡིན། ད་ཐེངས་འོང་དོན་རྒྱལ་པོ་ཚང་གི་སྲས་མོ་ཡིད་འཕྲོག་ལྷ་མོ་སློང་གི་ཡོང་བ་ཡིན་ཟེར། རྒྱལ་བློན་འཁོར་བཅས་ཧབ་ཆ་བྱེད་ཀྱིན་ཁྱོད་འདྲ་བའི་མདོག་ཉེས་ཤིག་ལ་སྲས་མོ་སྟེར་ཐབས་མེད་ཅེས་སྲས་མོ་མ་སྟེར། 

   དེར་རྒྱལ་པོ་ཚང་གིས་རི་བོང་ལ་མགྲོན་རྩིས་བྱས་ནས་མེ་བུས་ཏེ་ཇ་བསྐོལ། རི་བོང་གིས་ཁ་སྣ་ལག་པས་བཀབ་སྟེ་ཁྲེལ་དགོད་ཡང་ཡང་བྱས། དགོད་དོན་ཅི་རེད་དྲིས་པ་ན།  

  “ཁྱོད་རྒྱལ་པོ་ཚང་གིས་ས་ཡི་སྒྱེད་པུའི་ནང་དུ་ལྕི་བ་འབུད་ཀྱིན་པ་འདི་སྐྱུག་ལོག་པའི་མི་ཚད་དགོད་རྒྱུ་འོང་གི”ཞེས་ཟེར། རྒྱལ་པོ་ཧབ་ཆ་བྱེད་ཀྱིན།  

   “འོ་ན་ཁྱོད་དེ་འདྲའི་ཁྱད་པར་བ་ཞིག་ཡིན་ན་ཁྱོད་ཀྱི་ཕ་ཡུལ་ནས་ཇ་ཅི་འདྲ་སྐོལ་བ་རེད”ཅེས་དྲིས། རི་བོང་ན་རེ།  

  “ངའི་ཕ་ཡུལ་ན་དུང་གི་སྒྱེད་ཕུའི་ནང་དུ་སྤོས་ཀྱི་བུད་ཤིང་འབུད་བཞིན་ཡོད་”ཅེས་རྫུན་གཏམ་པ་ན། རྒྱལ་པོ་ཡ་མཚན་དང་ཡིད་ཉིས་ཐེ་ཚོམ་དང་བཅས་ན་རེ།  

    “ཁྱོད་ཀྱིས་ཟེར་བ་བཞིན་ངོ་མ་དེ་འདྲའི་འབྱོར་ཕྱུག་ལྡན་པ་དང་འགྲན་ཟླ་མེད་པ་ཞིག་ཡིན་ན། སང་ཉིད་ངེད་ཚང་གི་ཕོ་བྲང་གི་ཐད་དུ་འབྲུག་དཀར་སེར་གཉིས་འཕུར་དུ་ཆུགས་དང་སྲས་མོ་སྟེར་ཆོག མ་ཐུབ་ན་རྒྱལ་པོའི་དྲུང་ནས་ཁ་ཤོམ་ཐེན་པ་ནག་ཉེས་ཡིན་པས་རང་དགར་མི་སྐྱུར་” ཟེར། རི་བོང་གིས་དེ་ལྟར་བྱེད་རྒྱུ་ཐགས་བཅད་དོ།།

  རི་བོང་མེ་ཏོག་དཀར་སེར་བཞད་པའི་ནང་དུ་བསྡད་ནས་ཕྱིར་འཕུར་འོང་། ཡི་དྭགས་རྒད་མོས་གནས་ཚུལ་ག་འདྲ་འདུག་ཅེས་དྲིས་པ་ན། རི་བོང་གིས།

  “ཧི་མ་ལའི་རྒྱལ་པོ་ཚང་གིས་དམག་དཔུང་གྲ་སྒྲིག་བྱས་འདུག གལ་ཏེ་དེ་ཚང་གི་ཕོ་བྲང་གི་ཐད་དུ་འབྲུག་དཀར་སེར་གཉིས་འཕུར་དུ་བཅུག་ནས་འཇིགས་སྐུལ་ཞིག་མ་བྱས་ན་དམག་དཔུང་བཟློག་ཐབས་དཀའ་མོ་རེད་”ཟེར་བ་ན། ཡི་དྭགས་རྒད་མོས། 

   “དེ་སླ་མོ་རེད།  ཕུགས་ལྷ་དཔལ་ལྡན་ལྗོན་ཤིང་ལ་གསོལ་བ་བཏབས་ན་འབྲུག་མངག་ཆོག་”ཟེར། ཕྱི་ཉིན་རི་བོང་ཡང་བསྐྱར་མེ་ཏོག་དཀར་སེར་བཞད་པའི་ནང་དུ་བསྡད་དེ་ཧི་མ་ལའི་རྒྱལ་པོའི་ཕོ་བྲང་དུ་འབྱོར་བ་ན། རྒྱལ་བློན་འབངས་དང་བཅས་པའི་འབྲུག་ག་རེ་ཟེར་ནས་མིག་ཟུང་ཁྲི་ཕྲག་རི་བོང་ལ་གཏད་པ་ན། རི་བོང་གིས “གན་རེད་” ཅེས་ཟེར་མ་ཐག་འབྲུག་དཀར་པོ་དུང་འདྲ་བ།  དུང་གི་རྭ་ལག་བཅོ་བརྒྱད་དང་ལྡན་པ་ཞིག་དང་འབྲུག་སེར་པོ་གསེར་དང་འདྲ་བ། གསེར་གྱི་རྭ་ལག་ཉི་ཤུ་དང་ལྡན་པ་གཉིས་རླུང་འཚུབ་པ་བཞིན་འཕུར་རྩལ་དང་རྫུ་འཕྲུལ་འགྲན་ཞོར་རྒྱལ་པོ་ཚང་གི་ཕོ་བྲང་ལ་སྐོར་བ་གསུམ་བྱས་ནས་འཕུར་སོང་། ཕོ་བྲང་ཡང་ཡོམ་ཡོམ་ཤིག་ཤིག་འགུལ་བས་རྒྱལ་བློན་འཁོར་བཅས་སྐྲག་ནས་བླ་ཆད་ལ་ཁད་དུ་གྱུར།  དེ་ནས་རྒྱལ་པོས་རི་བོང་ལ་སྲས་མོ་ཡིད་འཕྲོག་མ་སྟེར་རྒྱུ་ཁས་བླངས།  རྫོང་བ་གང་དང་སྐྱེལ་མ་ཇི་ལྟར་བྱེད་ཅེས་དྲིས་པ་ན་རི་བོང་ན་རེ།   

  “རྫོང་བ་ལ་ཁྱེད་རྒྱལ་པོ་ཚང་གི་བང་མཛོད་ནང་གི་བདུད་རྩི་བ་རུ་གང་ཡོད་པ་དེ་དང་ཁྱོད་རྒྱལ་པོའི་མཛུབ་མགོར་དྲང་བའི་གསེར་འགུ་ཉི་མ་རང་ཤར་ཟེར་བའི་མི་ནོ་གྱི་གཡང་ཐམས་ཅད་འདུ་བའི་རིན་པོ་ཆེ་ཞིག་ཡོད་པ་དེ་གཉིས་ལས་གཞན་པ་མི་དགོས། སྐྱེལ་མ་བྱེད་སྟངས་དགྲ་བོའི་གདོང་དུ་ལངས་པ་བཞིན་མདའ་དྲི་མདུང་གསུམ་ཐོགས་པའི་ཁྲབ་ལྡན་དམག་གིས་སྲུང་སྐྱེལ་བྱེད་དགོས། རྒྱུ་མཚན་འདི་ནས་མར་འགྲོ་སྐབས་ལུང་པ་གྲི་ཤུབ་འདྲའི་བའི་མདོ་དང་ཆུ་གྲི་གུག་འདྲ་བའི་འགྲམ་ན་སྟ་རེ་ཐོག་པའི་རྒད་མོ་ཞིག་ཡོད། དེ་གནོད་སྐྱེལ་གྱི་སྲིན་པོ་ཡིན་པ་མ་ཟད་སྲས་མོའི་སྐུ་ལ་བར་ཆད་བཟོ་སྲིད་པས་ངེས་པར་དུ་མཚོན་ཁ་ནས་ཤོར་དུའཇུག་མི་རུང་”ཞེས་གདམས་པ་ན། རྒྱལ་པོས་ཡོད་ཚད་ཁས་བླངས་སོ།།Image

  ནུབ་མོ་དེར་རི་བོང་ཕྱིར་ཐོན་པ་ན། ཡི་དྭགས་རྒད་མོས། “དྲང་སྲོང་ལགས། ཅི་འདྲ་འདུག  དམག་དཔུང་འགོག་ཐུབ་སོང་ངམ”ཟེར་བ་ན།  རི་བོང་གིས་སྨ་ར་བྱིལ་བྱིལ་དང་མགོ་བོ་གཡུག་གཡུག་བྱེད་ཀྱིན།  

  “རྒྱལ་པོ་ཚང་གང་ལའང་མི་སྐྲག་པའི་སྨྱོན་པ་འདྲ་བ་རེད། གང་ལྟར་དམག་དཔུང་ད་རུང་གཏོང་རྩིས་རེད། སང་ཉིན་གཏོང་རྒྱུ་རེད། འོན་ཀྱང་སྐྲག་དགོས་པ་མི་འདུག དེ་ཚང་གི་དམག་དཔོན་བུད་མེད་ཅིག་རེད་འདུག བུད་མེད་དེ་གསོད་རྒྱུ་སླ་མོ་ཡིན་པ་མ་ཟད། བུད་མེད་བསད་ན་དམག་མི་ཚང་མ་གླ་པ་ཁྲབ་གྱོན་གྱི་རྩྭ་མི་ཤིང་མི་རྐྱང་རྐྱང་ཡིན་པས་རང་སར་སྲོག་མགོ་གང་ཐོན་གྱིས་བྲོས་འགྲོ་སེམས་ཐག་རེད། ཁྱོད་ཀྱིས་སང་ཉིན་སྟ་རེ་རྣོན་པོ་ཞིག་བཟུང་ནས་སྔོན་ང་རང་བཞུགས་སའི་ལུང་པ་གྲི་ཤུབས་འདྲ་བའི་མདོ་ཡི་ཆུ་གྲི་གུག་འདྲ་བའི་འགྲམ་དེ་ནས་སྒུག་སྡོད་དང་དམག་དཔུང་དང་ཁ་ཐུག་རྒྱག་ཐུབ། དེ་དུས་བུད་མེད་དམག་དཔོན་དེ་ཤ་ཕྱེ་རུས་ཕྱེ་རུ་ཐོངས་དང་ཡོད་ཚད་འགྲུབ་པ་རེད་” ཅེས་ཟེར་བ་ན། རྒན་མོས་རང་གི་རྒྱུ་ནོར་གཞན་ལག་ཏུ་འཆོར་དོགས་ཀྱིས་ཚམ་ཚོམ་ཅིའང་མེད་པར་ཁས་བླངས་སོ།།

  ཕྱི་ཉིན་ཞོགས་པར་ཡི་དྭགས་རྒན་མོའི་སྟ་རེ་སྤུ་གྲི་འདྲ་བ་ཞིག་སྐེད་ལ་གཟེར་ནས་རྒྱལ་པོ་ཚང་གི་སྲས་མོ་འཁོར་བཅས་ལམ་སྒུག་བྱེད་དུ་སོང་།  རི་བོང་གིས་ཤུལ་དུ་སྤྲང་པོའི་བུ་དང་ར་ཙེ་ཙེ་རྒྱལ་མོ་སོགས་ཡི་དྭགས་རྒད་མོའི་ཁྱིམ་དུ་བསུས་ཤིང་། སྒོ་ཕྱི་ནང་ལ་གད་བརྡར། ཟས་དཀར་གསུམ་གྱི་གངས་རི་རྩིག་འདྲ། དམར་གསུམ་རྫ་རི་ཉིལ་འདྲ། ཆང་བདུད་རྩི་རྒྱ་མཚོ་འཁྱིལ་འདྲ། སྟོན་ཆེན་དཔེ་མེད་ཅིག་བཤམས་ནས་བག་མ་བག་སྐྱེལ་ལ་བསྒུག་བསྡད། ཉིན་དེར་རྒྱལ་པོ་ཚང་གི་སྲས་མོ་ཡིད་འཕྲོག་མའི་རྒྱན་གོས་ཕུན་སུམ་ཚོགས་པ་ཞིག་གྱོན་ནས་ལྷའི་བུ་མོ་མི་ཡུལ་དུ་བྱོན་པ་ལྟར་བྱས་ཏེ། འཁོར་གསུམ་དུག་ཚེར་རྒྱས་འདྲ། བཙན་བདུད་གཡུལ་ལ་ཆས་འདྲའི་དམག་མི་མང་པོས་བག་སྐྱེལ་དང་སྐུ་སྲུང་བྱས་ནས་འོང་སྐབས། རི་བོང་གིས་བཤད་པ་ལྟར་ལུང་པ་གྲི་ཤུབས་འདྲ་བའི་འདུས་མདོ་དང་ཆུ་གྲི་གུག་འདྲ་བའི་འགྲམ་རྒྱུད་དུ་ཐོན་པ་ན་ཚང་མས་རིག་པ་ལྕགས་སྐུད་ལྟར་བསྒྲིམ་ནས་ཡོད་སྐབས། ཡི་དྭགས་རྒན་མོས་རང་གི་དགྲ་བོར་ཐུག་སོང་བསམ་ནས་སྟ་རེ་ཕྱར་ཏེ་སྲས་མོའི་སྟེང་དུ་བརྒྱུགས་ན། སྐད་ཅིག་ལ་སྐུ་སྲུང་དམག་མི་ཚོས་མདའ་མདུང་སེར་བ་བབས་པ་བཞིན་བཏབས་པས་ཡི་དྭགས་རྒད་མོ་ཤ་ལྷེབ་ཁྲག་ཐིགས་སུ་བཏང་ནས་བསད་དོ།  །

   ཉིན་དེར་རི་བོང་གིས་གཉེན་དཔངས་བྱས་ནས་སྲས་མོ་ཡིད་འཕྲོག་ལྷ་མོ་དང་སྤྲང་བོའི་བུ་ཆུང་གཉིས་གཉེན་བསྒྲིགས་པ་མ་ཟད། གཉེན་སྟོན་རྒྱ་ཆེན་བྱས་ཤིང་ཕྱོགས་དང་ཕྱོགས་ཀྱི་མགྲོན་པོ་དག་ལ་ཟས་མགྲོན་ཆང་མགྲོན་དང་མཐའ་གནའ་ཉེ་འཁོར་གྱི་སྤྲང་བོ་ཡོད་ཚད་ལ་སྦྱིན་པས་ཡོངས་སུ་ཚིམ་པར་བྱས་ལ། དེ་ནས་བཟུང་སྤྲང་བོའི་བུའི་མིང་ལ་གཞོན་ནུ་ཚངས་པ་འོད་ཅེས་མིང་བཏགས་སོ།།

  ཉིན་ཞིག་སྲེ་མོང་དམར་པོ་ཞིག་གཞོན་ནུ་ཚངས་པ་འོད་ཚང་དུ་རི་བོང་འཕྲད་པར་ཡོང་། སྲས་མོང་གིས་རྒྱབ་ཏུ་ཁུར་བའི་ཤོག་དྲིལ་རི་བོང་ལ་གཏད་བཞིན། “འདི་སེང་གེའི་རྒྱལ་པོ་བཀའ་ཡིག་རེད། ཁྱོད་རང་མྱུར་དུ་གཅན་གཟན་རི་དྭགས་ཀྱི་ཚོགས་ཆེན་འཚོགས་སར་ཐོན་དགོས་ཞེས་བཀའ་ཕབ་བྱུང”ཟེར། གཅན་གཟན་རི་དྭགས་ཀྱི་ཚོགས་ཆེན་འཚོགས་ས་ནི་དཔག་ཚད་མང་པོ་ཞིག་གི་ས་རེད། རི་བོང་གིས་གཞོན་ནུ་ཚང་པའི་འོད་དང་སྲས་མོ་ཡིད་འཕྲོག་ལྷ་མོ། ར་ཙེ་ཙེ་རྒྱལ་མོ་སོགས་ལ་གྱེས་ཕྱག་བཞག་ནས་འཁར་ཙ་དང་ལམ་བྲོ་སོགས་ཁུར་ཏེ་སྲེ་མོང་དང་མཉམ་དུ་ལམ་ལ་ཞུགས།

Image

  ལམ་བར་དུ་རི་བོང་གིས་སེམས་ལ། ད་ཐེངས་བཀའ་ཡིག་ནང་གི་ཡིག་གཟུགས་དེ་སེང་གེའི་རྒྱལ་པོ་གཡུ་རལ་ཅན་གྱི་ཡིག་གཟུགས་དང་འདྲ་པོ་མི་འདུག ད་དུང་ལོ་རེའི་གཅན་གཟན་རི་དྭགས་ཀྱི་འཚོགས་ཆེན་སྐབས་སེང་གེའི་རྒྱལ་པོས་བྱ་སྲེག་པ་བདུན་ལ་མགྱོགས་བཤམ་དྲུད་དུ་བཅུག་ནས་ང་རང་གདན་འདྲེན་པར་མངག་སྲིད་། འོན་ཀྱང་ད་ལོ་དེ་དང་མི་འདྲ་བ་འདི་གནད་དོན་ཞིག་འདུག་སྙམ་སྟེ་སྲས་མོ་ལ་དྲིས་པ་ན་སྲས་མོང་གིས་མི་ཤེས་མ་གོ་ཟེར་བ་མ་གཏོགས་དྲང་བཤད་མ་བྱས། ནུབ་མོ་དེར་ཁོང་གཉིས་མཚེའུ་ཞིག་གི་འགྲམ་ནས་ཞག་མལ་བྱས།  རི་བོང་གིས། 

  “ལམ་ཐག་འདི་འདྲ་རིང་བའི་འུ་གཉིས་ཀྱི་མིད་ཐག་ཀྱང་སྐམ་ལ་རེད།  དོ་དགོང་འུ་སྤུན་ཟླ་གཉི་གས་སྐྱིད་པོ་ཞིག་གཏོང་”ཟེར་ནས་འཁུར་ཙའི་ནང་ནས་ལོ་ཆང་དཀྲི་འདྲ་ཞིག་བླངས་ནས་སྲེ་མོང་ལ་དྲངས་པ་ན། སྲེ་མོང་གཅིག་ན་ཁ་སྐོམ་པ་དང་གཉིས་ན་ཆང་ཞིམ་དྲག་པས་ཚ་ཚོམ་མེད་པར་མང་པོ་འཐུང་པས་བཟི་ནག་ལྕི་བ་འདྲ་བར་གྱུར་སོང་། རི་བོང་གིས་སྐབས་དེ་དང་བསྟུན་ནས་སངས་གེའི་རྒྱལ་པོ་གཡུ་རལ་ཅན་གྱི་དོན་དག་དྲིས་པ་ན། སྲས་མོང་གིས་ཁ་ཆུ་སྣ་ཆུ་སོགས་དང་མཉམ་དུ་ཆུ་བཞུར་བཞུར་གྱིས་དོན་དག་རེ་རེ་བཞིན་བཤད་སོང་།  

  མ་གཞིར་ད་ཐེངས་བཀའ་ཡིག་སྐུར་མཁན་དེ་སེང་གེའི་རྒྱལ་པོ་གཡུ་རལ་ཅན་མིན་པར་སེང་བདུད་ཁམས་གསུམ་སྲོག་འཇོམས་ཟེར་བ་དེ་ཡིན་འདུག  སེང་བདུད་དེ་ཡུལ་མཐའ་མེད་ནས་འཁྱམ་འོང་བའི་སེང་གེ་གཏུམ་པོ་ཞིག་ཡིན་ལ། ཁོས་སེང་གེའི་རྒྱལ་པོ་གཡུ་རལ་ཅན་གཡོ་ཐབས་ཀྱིས་བསད་རྗེས་གཅན་གཟན་རི་དྭགས་ཀྱི་རྒྱལ་ས་བཟུང་བ་མ་ཟད། སངས་གེའི་རྒྱལ་པོའི་བཙུན་མོ་གསེར་ལྡན་མ་དང་སེང་ཕྲུག་གཡུ་མགུལ་ཅན་སོགས་བཙོན་དུ་བཅུག མ་ཟད་སེང་བདུད་ཀྱིས་ཉིན་རེར་རང་གི་འཁོར་གྱི་གཅན་གཟན་དང་རི་དྭགས་ཀྱི་དབྱེ་བ་མེད་པར་རེ་རེ་བཞིན་ཟ་རྐྱང་བྱེད་པ་མ་ཟད་སུས་ཁོའི་བཀའ་ལ་མ་ཉན་ན་དེ་གསོད་རྐྱང་བྱེད་སྲིད་པས་ཚང་མ་སྡུག་ལ་སྦྱར་ཡོད། དཔའ་རྩལ་ཆེ་བའི་དམག་དཔོན་སྟག་གཟིག་གཉིས་དང་།  མཁྱེན་རྒྱ་ཡངས་བའི་བློན་ཆེན་གླང་ཆེན་དང་བསེ་རུ་སོགས་ཀྱང་གལ་ལ་ཐུག་དུས་ནུས་པ་ཅིའང་མེད་པ་འདྲ། གང་ལྟར་སེང་བདུད་ལ་ཁ་གཏད་གཞལ་མཁན་སུ་ཡང་མི་འདུག་ཟེར། ད་དུང་། ད་ཐེངས་སེང་བདུད་ཀྱིས་རི་བོང་བློ་ལྡན་འབོད་དོན་རི་བོང་བློ་ལྡན་བློ་གྲོས་ལྡན་པ་མ་ཟད་སྔོན་ཆད་སེང་རྒྱལ་གཡུ་རལ་ཅན་གྱི་ཅུས་འདོན་པ་ཡིན་པ་ཤེས་ཡོད་པས་ཁོ་རང་ཚར་གཅོད་པའི་གྲ་སྒྲིགས་ཤིག་ཡིན་པ་རི་བོང་གིས་སྔོན་དཔག་བྱེད་ཐུབ།

 ནུབ་མོ་དེར་རི་བོང་གིས་སྔོན་ཆད་སེང་རྒྱལ་གཡུ་རལ་ཅན་ཁོ་ལ་བཀའ་དྲིན་ཆེ་བ་མ་ཟད་ཁོ་གཉིས་གྲོགས་པོ་ཡིན་པས་སེམས་སྡུག་ནས་གཉིད་མི་ཁུག་པ་མ་ཟད། ཀུན་ལ་རབ་ཏུ་འཚེ་བའི་སེང་བདུད་དེ་ཅིས་ཀྱང་འདུལ་དགོས། འོན་ཀྱང་རང་ཉིད་ལྟ་བུའི་གཟུགས་ཆུང་སྟོབས་མེད་ཅིག་གིས་ཅི་ལྟར་ཐུབ་སྟེ་མི་ཐུབ་མོད། འོན་ཀྱང་ཤེས་རབ་ལས་སྟོབས་ཆེ་བ་ཞིག་འཇིག་རྟེན་ན་མེད་པས་ངེས་པར་དུ་ཤེས་རབ་ཀྱི་ཐབས་ཤིག་བཀོལ་དགོས་བསམ་ནས་ཞག་གང་བོར་འདང་བརྒྱབ། ནམ་སྨད་དུ་སླེབས་སྐབས་མེ་ལོང་བཞིན་འཁྱིལ་བའི་མཚོ་ནང་ན་ཤར་བའི་ཟླ་བ་དེ་རུམ་བཞིན་མག་མོག་ཏུ་གྱུར་བཞིན་པ་མཐོང་བས། གློ་བུར་དུ་རི་བོང་གིས་ཧབ་ཆ་ཞིག་བྱེད་ཀྱིན་ཐབས་ཤེས་རྙེད་བྱུང་། ཐབས་ཤེས་རྙེད་བྱུང་ཞེས་ཐལ་མོ་བརྡབ་པ་ན་སྲེ་མོས་སྟིག་དྲི་ཟ་འདར་བ་ཞིག་ཤོར་ནས་གཉིད་ལས་དངངས་སད་ཅིག་བྱས་ཏེ། ཁ་ནས་ད་དུང་ “སེང་རྒྱལ་ལགས།  ང་མ་བཙོ། ང་མ་ཟ།  ང་མ་གསོད་ཟེར”​

   གཅན་གཟན་རི་དྭགས་ཀྱི་འཚོགས་ཆེན་འདུ་ས་དུག་མཚོ་མུན་པ་དྭངས་མེད་འགྲམ་ཡིན། རི་བོང་འཚོགས་ཆེན་གྱི་ཡུལ་དངོས་ལ་སླེབས་སྐབས་གཅན་གཟན་རི་དྭགས་ཆེ་མ་ཆུང་གསུམ་ཡོད་ཚད་འདུས་འདུག་ལ། སེང་བདུད་ཁམས་གསུམ་སྲོག་འཇོམས་སྲོག་ཆགས་མང་པོའི་རུས་པས་བརྩིགས་པའི་ཁྲི་ཐོག་ཏུ་འགྱིང་ཞིང་། མིག་ཕོར་ཁ་ཙམ་གདངས། མཆེ་བ་མདུང་ལྟར་གཙིགས། ཨ་ར་ཁྲག་གིས་བརྒྱན་ནས་འཇིགས་སུ་རུང་བ་ཞིག་འདུག ཁོས་རི་བོང་མཐོང་མ་ཐག་ཧབ་ཆ་ཞིག་བྱེད་ཀྱིན། 

  “ཉེས་ཅན་རི་བོང་ཁ་ཤོ་དེ་རིང་ཐར་ས་མེད། སྤྱང་རྒན་ཟོས་པ་འགྲེང་མེད་ཀྱི་པགས་པ་བཤུས། དྲེད་མོང་ཟ་དགའ་ཉལ་སྐྱིད་ཀྱི་རྔ་མ་བཅད། ང་རྒྱལ་པོའི་དཔུང་བ་གཡས་གཡོན་ལྟ་བུའི་གཅེས་བློན་གཉིས་ལ་གནོད་སྐྱེལ་མཁན་གཏེ་བོ་ཁྱོད་ལ་སྐད་ཆ་ཅི་ཡོད། དེ་རིང་ཁྲིམས་ཆད་ནན་མོ་གཅོད་རྒྱུ་ཡོད་”ཅེས་ཟེར་བ་ན། རི་བོང་གིས་ཚིག་གཅིག་མ་ལབ་པར་དུག་མཚོའི་ནང་དུ་ཅེར་བསྡད། སེང་བདུད་ཀྱིས་རི་བོང་ཁ་ཤོ་ཁྱོད་སྤོབས་པ་ཆེ་འུ། རྒྱལ་པོ་ང་ལ་ཨ་ལན་མི་སྟེར་བས་ད་ལྟ་ཉིད་ནས་འཁྱུར་མིད་གཏོང་རྒྱུ་ཡིན་ཟེར་ནས་མཆོང་གྲབས་བྱེད་པ་ན། རི་བོང་བློ་ལྡན་གྱིས་བློ་རྩ་བརྟན་པའི་འཚབ་འཚུབ་མེད་པར་དུག་མཚོའི་ནང་ལམ་ལྟ་ཞོར། 

  “རྒྱལ་པོ་ལགས། མཚོ་ནང་ན་ཅིག་འདུག་”ཅེས་ཟེར་བཞིན་ཧ་ལས་པའི་ཉམས་ཀྱིས་ཐེངས་རེར་མཚོ་ནང་ལ་ལྟ་བ་དང་ཐེངས་རེར་སེང་བདུད་ལ་བལྟས། སེང་བདུད་ཀྱིས།  

   “ག་རེ་འདུག  ཅིག་སྟོན་རྒྱུ་མེད་ན་ཁ་ཤོ་ཁྱོད་ད་ལྟ་ཉིད་ནས་ལྔ་ལམ་དུ་སྐྱེལ་རྒྱུ་ཡིན་”ཞེས་མཆོང་ཐེངས་གཅིག་གིས་རི་བོང་གི་འགྲམ་དུ་ཐོན་ནས་མཚོ་ནང་དུ་བལྟས་པ་ན། མཚོ་ནང་ན་རང་དང་འདྲ་བའི་སེང་གེ་འཇིགས་སུ་རུང་བ་ཞིག་གིས་རང་ལ་ནན་གྱིས་བལྟས་འདུག སེང་བདུད་ང་རྒྱལ་ལངས་ནས་དེའི་སྟེང་དུ་རལ་བ་བསིག མཆེ་བ་གཙིགས། ངར་སྒྲ་བསྒྲགས་པ་ན་དེས་ཀྱང་ཁོ་ཇི་ལྟ་བ་བཞིན་རལ་བ་བསིག མཆེ་བ་གཙིགས། ངར་སྒྲ་བསྒྲགས་པ་ན། ཁོས་སེམས་ལ་འདི་ནི་རང་གི་རྒྱལ་ཁྲི་འཕྲོག་ཏུ་ཡོང་མཁན་ཞིག་རེད་བསམ་ནས། ང་རྒྱལ་དང་ཕྲག་དོགས། ཞེ་སྡང་སོགས་བཟོད་མེད་ཀྱིས་དེའི་སྟེང་དུ་མཆོངས་ཙ་ན་དུག་མཚོའི་ནང་དུ་ལྷུང་ནས་ཤ་རུས་སོ་སོར་འཐོར་བར་གྱུར་ཏོ།།

  དེ་ནས་གཅན་གཟན་རི་དྭགས་ཚོགས་ཀྱིས་རི་བོང་གི་མཁས་མཛངས་ལ་ཡི་རངས་དང་གོང་བཀུར་བླ་མེད་བྱས་ནས། ཡོད་ཚད་རི་བོང་གི་བཀའ་ལ་ཉན་ཟེར་བ་ན། རི་བོང་གིས་སངས་གེའི་རྒྱལ་པོའི་བཙུན་མོ་གསེར་ལྡན་མ་དང་སེང་ཕྲུག་གཡུ་མགུལ་ཅན་སོགས་བཙོན་ནས་བླངས་ཤིང་སེང་ཕྲུག་གཡུ་མགུལ་ཅན་ལ་རྒྱལ་ས་གཏད། བློན་པོ་གླེང་ཆེན་དང་བསེ་རུ། དམག་དཔོན་སྟག་གཟིག་སོགས་ལ་རྒྱལ་ཁམས་ཚུལ་བཞིན་སྐྱོང་དགོས་པའི་མཛུབ་སྟོན་མང་པོ་བྱས་རྗེས་སླར་ཁྱིམ་དུ་ལོག་པའི་ལམ་དུ་ཞུགས་སོ།།

  རི་བོང་ལམ་བར་ནས་ཡུལ་སྐོར་སྤྲོ་འཆམ་ལ་གཡེང་བས་ཏག་ཏག་ཁྱིམ་དང་བྲལ་ནས་ཟླ་འགའ་འགོར་སོང་། ནུབ་ཅིག་རི་བོང་སྡོང་བོ་ཞིག་གི་རྩར་ཞག་མལ་བྱས།  ནུབ་མོར་དེར་སྡོང་མགོར་ཚང་བརྩིགས་ཡོད་པའི་ཕོ་རོག་བཟའ་ཟླ་གཉིས་ཀྱིས་ལབ་གླེང་བྱས།  ཕོ་རོག་ཆུང་མ་ན་རེ།

  “རྒད་པོ། དོ་དགོང་སྡོང་རྩའི་འོག་ན་སྲོག་ཆགས་རྩམ་ལོག་འདྲ་བ་ཞིག་ཉལ་ཡོད་པ་དེ་སུ་རེད་” ཟེར།ཕོ་རོགས་སྐྱེས་པ་དེས།   

  “དེ་ནི་སྤྱང་རྒན་ཟོས་པ་འགྲེང་མེད་ཀྱི་པགས་པ་བཤུ་མཁན། དྲེད་རྒན་ཟ་དགའ་ཉལ་སྐྱིད་ཀྱི་རྔ་མ་གཅོད་མཁན། ཡི་དྭགས་རྒན་མོ་གཏེར་སྲུང་མཚོན་ཁར་སྐྱེལ་མཁན། སེང་བདུད་ཁམས་གསུམ་སྲོག་འཇོམས་དུག་མཚོར་འཕེན་མཁན། སྐད་གྲགས་ས་ན་ཁྱབ་པའི་རི་བོང་བློ་ལྡན་ལགས་མིན་ནམ། གསེར་ནག་ཕ་བོང་སྒོ་འདྲིལ་གྱི་དཔེ་ལྟར་དོ་དགོང་འུ་ཚང་གི་སྒོ་ན་ཉལ་འདུག  བསོད་ནམས་རེད།”ཟེར། ཕོ་རོག་ཆུང་མས་ཧབ་ཆ་ཞིག་བྱས་ནས།

  “ཧོ་ཧོ། མིང་ཆེན་པོ་འདུག་མ་གཏོག་རང་གི་ཁྱིམ་མིའང་སྲུང་སྐྱོབ་བྱས་མི་འདུག་ཟེར་བ་མིན་ནམ། ལྟོས་དང་།  ད་ནི་འཁྱམ་པོ་སྡོམ་པོ་རུ་ཆགས་འདུག” ཟེར། ཕོ་རོག་སྐྱེས་པས།

  “ཨ་ཙི། ཁྱོད་ཚོ་ཨ་ཡེས་ཚོའི་ཁ་འདིས་མི་བཤད་རྒྱུ་དང་རྣ་ཡིས་མི་གོ་རྒྱུ་ཞིག་མི་འདུག རི་བོང་བློ་ལྡན་ཚང་ལ་སྐུར་འདེབས་མི་རུང་།  དོན་དག་དེ་ཚོ་འུ་གཉིས་ལ་བབས་མེད་པའི་གླེང་གི་མ་འདུག” ཟེར།ཕོ་རོགས་ཆུང་མས།  “ སེམས་རྟེན་ལེ་ལེ། དོན་དག་དེ་ངས་གསལ་བོ་མ་གོ་བས་ཡང་སྙིང་གང་འདྲ་བྱུང་སོང་བ་རེད། ང་ལ་ཤོད་ངས་ཁྱོད་ལ་ཞུ་བ་བྱེད།  ང་ལ་ཤོད་དང་ངས་ཁྱོད་ལ་འོ་ཞིག་བྱེད”་ཟེར། ཕོ་རོགས་སྐྱེས་པས།

  “ཡ་ཡ དེས་ན་ངས་ཁྱོད་ལ་བཤད། གཞན་པར་བཤད་གི་མ་འདུག རི་བོང་བློ་ལྡན་སོང་ཤུལ་ནས་དྲི་ཟའི་ཡུལ་དུ་མངགས་པའི་ཡི་དྭགས་རྒན་མོའི་གཡོག་གོ་ཆོད་དགྲ་འདུལ་དྲི་ཟའི་རྒྱལ་པོ་རྟ་མགོ་ཅན་གྱི་བློན་པོར་གྱུར་བ་མ་ཟད། ཁོས་དགྲ་འདུལ་དབྱུག་པ་དམར་པོ་བླངས་ནས་ཚུར་ཐོན་ནས་གཞོན་ནུ་ཚངས་པའི་འོད་དང་སྲས་མོ་ཡིད་འཕྲོག་མ་གཉིས་འཁོར་དང་བཅས་བསད་པ་མ་ཟད། བདུད་རྩི་བ་རུ་གང་བོ་དང་གསེར་འགུ་ཉི་མ་རང་ཤར་སོགས་ཁྱེར་ནས་དྲི་ཟའི་ཡུལ་དུ་ཤོར་སོང་བ་རེད། རི་བོང་བློ་ལྡན་ཞེས་མིང་གྲགས་ཆེ་ཡང་ད་སྐབས་ཁྱིམ་མེད་འཁྱམ་པོར་གྱུར་ནས་སྙིང་རྗེ་བའི་གནས་སུ་གྱུར་འདུག འཇིག་རྟེན་མི་རྟག་པ་ཟེར་བ་ཅི་མ་བདེན།  བླ་མ་མཁྱེན། ” ཟེར། ཕོ་རོག་ཆུང་མས་སེམས་སྐྱོ་བའི་ཚུལ་དུ་ཤུགས་རིང་འབྱིན་བཞིན།  

  “འོན་ན་རྒད་པོ་ལགས།  རི་བོང་བློ་ལྡན་གྱི་ཁྱིམ་མི་སྐྱོབ་ཐབས་དང་དྲི་ཟའི་ཡུལ་དུ་ཤོར་བའི་རིན་པོ་ཆེ་དག་ཕྱིར་འཕྲོག་ཐབས་ཡོད་པ་ཨེ་རེད”ཟེར། ཕོ་རོག་སྐྱེས་པས་ཆུང་མས་མདུན་ནས་འཇོན་ཐང་ངོམ་པའི་དུས་ལ་བབས་པ་ཤེས་ཏེ། བསྒམ་བརླང་དང་བཅས་ན་རེ།

  “དེ་ལོས་ཡོད། བྲག་དམར་ཁ་ལ་ཁང་ཆུང་ན་ལི་ལིའི(ཞི་མིའམ་བྱི་ལ)རྒྱལ་པོ་གཞུག་རིང་ལགས་མཚམས་ལ་བསྡད་ནས་ལོ་གསུམ་དང་ཟླ་གསུམ་གྱི་ཁ་གང་ལ་ཉེ། ཁོང་གིས་ཁྲག་ཐིགས་ར་འབུ་ཙམ་ཁ་ལ་མ་རེག་པར་ལོ་གསུམ་དང་ཟླ་གསུམ་འཁོར་བ་རེད། རི་བོང་བློ་ལྡན་གྱིས་གོ་སྐབས་འདི་དམ་འཛིན་བྱས་ནས་ཁོང་འཚམས་ལས་གྲོལ་བའི་ཉིན་དེར་ཨབ་ཤ་བུབ་ཅིག་གི་གུངས་ཚིག་འདྲེན་ཐུབ་ན། ལི་ལིའི་རྒྱལ་པོས་ཙིག་དམག་དབང་དུ་བསྡུ་ཐུབ་པས་དྲི་ཟའི་ཡུལ་དུ་ཙིག་དམག་དྲངས་ཏེ་དྲི་ཟའི་རྒྱལ་པོའི་ཕོ་བྲང་བྲུས་ན་རིན་པོ་ཆེ་དག་ལག་ཏུ་ཕྱིར་ཐོབ་ཐུབ་ལ་རི་བོང་བློ་ལྡན་གྱི་ཁྱིམ་མི་དག་ཀྱང་སྐྱོབ་ཐུབ་སོང་བ་མིན་ནམ། ཡིན་ནའང་ཁ་ལས་དར་རྒུད་ཟེར་བ་བཞིན་ད་ཐེངས་རི་བོང་བློ་ལྡན་གྱི་ཁ་ལས་རྒུད་ཀྱིན་ཡོད་པས་དེ་ཚོ་ག་ལ་མཁྱེན་”ཟེར།

Image

  རི་བོང་གིས་སྐད་ཆ་དེ་གོ་རྗེས་བདེན་མིན་ཤ་མ་འབྱེད་མི་ཐུབ་མོད། མཚོན་མོ་དེར་གཉིད་ཡེ་ནས་མ་ཁུག ཕྱི་ཉིན་ནམ་ལངས་པ་དང་མཉམ་དུ་ཁྱིམ་ལ་སྐྱོད་པའི་ལམ་དུ་ཞུགས། ཉིན་སྐྱོད་མཚན་སྐྱོད་བྱས་མཐར་གཞི་ནས་ཁྱིམ་ལ་ཐོན་པ་ན། ཕ་རོག་གིས་བཤད་པ་བཞིན་དངོས་གནས་ཁྱིམ་མི་དག་བསད་ཚར་བ་མ་ཟད། རིན་པོ་ཆེ་དག་ཀྱང་ཁྱེར་ཟིན་པས། རྩ་འཇག་མས་ཤུགས་གླུ་དི་རེ་ཡ་ང་བའི་གནས་སུ་འདུག  ར་ཙེ་ཙེ་རྒྱལ་མོས་གཞོན་ནུ་ཚངས་པ་འོད་དང་སྲས་མོ་ཡིད་འཕྲོག་མས་བེམ་པོ་བསྲུང་འདུག རི་བོང་ཐོན་མ་ཐག་ངུ་ཞོར་དུ་གཡོག་གོ་ཆོད་དགྲ་འདུལ་གྱིས་ཁྱིམ་མི་དག་བསད་ཚུལ་དང་རྒྱུ་ནོར་འཕྲོག་སོང་ཚུལ་བཤད་པ་དང་། ད་རག་བར་བེམ་པོ་བསྲུང་དོན་ཁྱེད་ཐོན་ན་བདུད་རྩི་བ་རུ་གང་ཕྱིར་ལག་ཏུ་སོན་པར་རེ་སྒུག་བྱས་ཏེ་བདག་པོའི་བེམ་པོ་བདག་སྲུང་བྱས་པ་ཡིན་ཟེར། རི་བོང་སེམས་རབ་ཏུ་སྡུག་ནས་མིག་ཆུ་ཡུར་ཆུ་འབབ་འབབ། ཁ་ཤ་དར་ཐག་འཐེན་འཐེན་གྱིས་མྱ་ངན་ཆེན་པོ་བསགས་ཞོར་མྱུར་དུ་ཕོ་རོག་གིས་བཤད་པ་བཞིན་ལི་ལིའི་རྒྱལ་པོ་མཇུག་རིང་བཞུགས་སའི་བྲག་དམར་ཁ་ལ་ཁང་ཆུང་འཚོལ་བར་སོང་། 

  རི་བོང་ལམ་དུ་འགྲོ་ཞོར་ལི་ལིའི་རྒྱལ་པོར་གསོལ་ཚིགས་ཤིག་ཇི་ལྟར་འཚོལ་བའི་ཕྱོགས་ལ་བསམ་བློ་གཏོང་བཞིན་པའི་སྐབས་སུ། ཏག་ཏག་ཨབ་ཁུང་ཞིག་གི་སྒོ་ན་བྱ་ནེ་ལེ་ཞིག་གིས་ཨབ་བྲ་ཆེན་པོ་ཞིག་བསད་ནས་ཟ་གྲབས་བྱེད་ཀྱིན་པ་མཐོང་བས། རི་བོང་བློ་ལྡན་གྱིས་དེ་མ་ཐག་ཏུ་དེ་ལ་ཕྱག་གསུམ་འཚལ་ཏེ། 

  “སྐྱབས་བསུ་མཆི། ཚེ་ཕྱི་མའི་ཡུལ་ནས་མཇལ་བར་ཤོག ཁྱེད་བླ་མ་ཁྱེད་སུ་ཟེར་བ་དེ་ཡིན”ཞེས་དྲིས་པ་ན། ནེ་ལེས་དེ་མ་ཐག་བསྒམ་ཚུགས་ཤིག་བཏོན་ནས།

  “ང་ནི་ཚེ་འདི་ཕྱིའི་བླ་མ་སེར་ཐོ་ཟེར་བ་དེའོ། །དགེའོ།།   དགེ་འོ།།”  ཟེར། རི་བོང་གིས།

  “དགེ་འོ། །མཚན་སྙན་གནའ་ནས་གོ་མྱོང་།  དེ་རིང་མཇལ་བས་བསྐལ་བ་བཟང་”ཟེར། ནེ་ལེའི་ཚུར་ཕྱག་རྒྱ་དང་བཅས་རི་བོང་ལ། 

  “དགེ་འོ། །སྐྱབས་སུ་མཆི།  ཁྱེད་རང་བླ་མ་སུ་ཟེར་བ་དེ་ཡིན་ལགས” ཞེས་དྲིས་པ་ན། རི་བོང་གིས་སྨ་ར་བྱིལ་ཙམ་བྱས་ནས་ཕྱག་རྒྱ་དང་བཅས།  

  “ངའི་མཚན་ལ་ཚེ་འདི་ཕྱིའི་བླ་མ་སྐྱ་ཐོ་ཟེར་བ་དེ་ཡིན་ལགས་”ཟེར། ནེ་ལེས་ཀྱང་། 

  “དགེ་འོ། །མཚན་སྙན་གནའ་ནས་གོ་མྱོང་།  དེ་རིང་མཇལ་བས་བསྐལ་བ་བཟང་” ཟེར། དེ་ནས་རི་བོང་གིས་མ་ཎི་ཚར་འགའ་བཏོན་རྗེས་ཨབ་བྲའི་བེམ་པོར་ཞལ་ཕུ་ཞིག་གནང་སྟེ་ན་རེ། 

  “དགེ་འོ་དགེ་འོ། །འུ་གཉིས་ལྟ་བུའི་བླ་ཆེན་གཉིས་བར་གྱི་ཤི་བོ་འདི་འདྲའི་ལས་དག་ཅིག་ག་ན་ཡོད་དེ་མེད་དོ།།”ཟེར་བ་ན། ནེ་ལེས་ཀྱང་།“དགེ་འོ། །དགེའོ། ། ”ཟེར་ནས་ཞལ་ཕུ་ཞིག་གནང་། དེ་ནས་ཡང་རི་བོང་གིས།  

   “དགེའོ། །དགེ་འོ། །འུ་གཉིས་འགྲོ་བའི་དོན་དུ་བྱོན་པའི་ས་ཐོབ་སེམས་དཔའི་སྐྱེ་བ་ཡིན་པས། ཤི་བོ་འདི་ལ་ཅིས་ཀྱང་ཕན་ཞིག་གདགས་དགོས་ཏེ། ཚེ་འདི་ཕྱིའི་བླ་མ་སེར་ཐོ་ཁྱེད་ཀྱི་ཤི་བོའི་རྣམ་ཤེས་ཁྱེར་ནས་འཕུར་ཏེ་ནུབ་བདེ་བ་ཅན་གྱི་ཞིང་དུ་སྐྱོལ་ཤོག ཚེ་འདི་ཕྱིའི་བླ་མ་སེར་ཐོ་ངས་ཤི་བོའི་བེམ་པོ་ཁུར་ནས་རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་དུ་སྐྱེལ་འཇོག དེ་ལྟར་ན་ཤི་བོ་འདི་ལས་སྐྱིད་ཅིག་དང་དགེ་བ་འདི་ལས་ཆེ་ཞིག་གང་ན་འདུག དེ་ཨེ་རེད་ལགས་”ཅེས་ཟེར་བ་ན།  ནེ་ལེའི་ཁ་ཕོ་སྔོན་ནས་བཤད་ཚར་བས་མིན་ཞེས་བཤད་པར་ངོ་ཚ་སྐྱེས་ཏེ།

   “དགེའོ། །དགེའོ། །དེ་དེ་བཞིན་ནོ།”ཟེར་ནས་རྣམ་ཤེས་བཟུང་ཡོད་མདོག་དང་ནུབ་བདེ་བ་ཅན་གྱི་ཞིང་ལ་འཕུར་མདོག་གིས་ནུབ་ཕྱོགས་ལ་གཏན་འཕུར་སོང་ངོ་།།

  ཉིན་དེ་ནི་ཏག་ཏག་བྲག་དམར་ཁ་ལ་ཁང་ཆུང་ན་བཞུག་པའི་ལི་ལིའི་རྒྱལ་པོ་གཞུག་རིང་གིས་ཁྲག་ཐིག་ར་འབུ་ཙམ་ཞལ་དུ་མ་གསོས་པར་མཚམས་ལ་བསྡད་དེ་ལོ་གསུམ་ཟླ་གསུམ་གྱི་ཁ་གང་སྟེ་མཚམས་ལས་གྲོལ་བ་དང་དུས་ཁེལ་སོང་། རི་བོང་གིས་ལི་ལིའི་རྒྱལ་པོ་མཇུག་རིང་ལ་ཕྱག་གསུམ་འཚལ་རྗེས་ཨབ་ཤ་བུབ་དེ་གུང་ཚིགས་སུ་དྲངས་པས། ལི་ལིའི་རྒྱལ་པོ་ཐུགས་རབ་ཏུ་དགྱེས་པ་མ་ཟད་རྟགས་དང་རྟེན་འབྲེལ་ཡང་མང་པོ་འགྲིག་སོང་གསུངས། དེ་ནས་ལི་ལིའི་རྒྱལ་པོས་གསོལ་ཚིགས་བཞེས་རྗེས་རི་བོང་ལ། 

  “བདག་གིས་ཁྲག་ཐིགས་ར་འབུ་ཙམ་མ་བཞེས་པར་མཚམས་ལ་བསྡད་ནས་ལོ་གསུམ་ཟླ་གསུམ་གང་བའི་དེ་རིང་། ཁྱེད་ཀྱིས་ཨབ་ཤ་བུབ་ཅིག་གིས་གུང་ཚིགས་དྲངས་བ་འདི་བདག་ལ་མཚོན་ན་ཧ་ཅང་དགའ་སོང་། བཟང་ལ་བཟང་ལན་མེད་ན་ཁྲམ་པ་ཡིན་ཟེར་བའིདཔེ་ལྟར་ཁྱོད་ལ་བཟང་ངན་ལོས་མཇལ། ཇི་དགོས་ཤོད་དང་འཛེམས་དོགས་མེད་”ཅེས་ཟེར་བ་ན། རི་བོང་རང་གི་ཁྱིམ་མི་དང་རྒྱུ་ནོར་དགྲ་ལག་ཏུ་ཤོར་རབས་དང་དྲི་ཟའི་ཡུལ་དུ་ཙིག་དམག་འདྲེན་པར་རོགས་དགོས་རབས་དག་ཞིབ་ཏུ་བསྙད་ཙ་ན། ལི་ལིའི་རྒྱལ་པོས་དོན་དེར་རོགས་རམ་བྱེད་ཅེས་ཞལ་གྱིས་བཞེས་སོ།།

Image

   ལི་ལིའི་རྒྱལ་པོ་གཞུག་རིང་གིས་རི་བོང་ཁྲིད་ནས་ཙིག་མཁར་ཁུང་བུ་དགུ་སྟོང་གི་སྒོ་ཁ་ནས་བསྒུག་བསྡད། ཙི་གུའི་དཔོན་མོ་གཡུའི་སྒྲོན་མ་དང་རྣི་ལི་སྒྲོན་གཉིས་སྐུ་སྲུང་ཙིག་དམག་སྐོར་ཞིག་ཁྲིད་ནས་ཕྱི་རི་ཟས་འཚོལ་བར་ཁུང་སྒོར་ཐོན་མ་ཐག ལི་ལིའི་རྒྱལ་པོའི་རྔ་སྤུ་ཟིང་། རྩིབ་གུ་བརྩེགས།  གློག་འཁྱུག་པ་བཞིན་མཆོང་ཐེངས་གཅིག་གིས་ཙི་གུའི་དཔོན་མོ་གཉིས་བྱེའུ་ཁྲས་བཟུང་འདྲ་བྱས་ནས་མནན། མཆེ་བ་གཙིགས།  སྡེར་མོ་བགྲད། ངར་སྐད་འབྲུག་སྟོང་ལྟར་བསྒྲགས་པ་ན་ཙིག་དཔོན་གཉིས་རབ་ཏུ་སྐྲག་ནས་རྒྱལ་པོ་རིན་པོ་ཆེ་སྲོག་མ་གཅོད་ཚེ་ཐར་ཐོངས་དང་ཅི་གསུངས་བཀའ་བཞིན་སྒྲུབ་ཟེར། ལི་ལིའི་རྒྱལ་པོས་མྱུར་དུ་ཙིག་དམག་བསྡུས་ནས་དྲི་ཟའི་ཡུལ་དུ་སྐྱོད་དགོས་ཅེས་བཀབ་ཕབ་བོ།།  

   ཕྱི་ཉིན་ནམ་གསལ་བ་ན། གྲངས་མང་བ་ཆུ་ཁའི་བྱེ་མ་འདྲ་བ། དཔུང་མཐུག་པ་རྒྱ་རྫོང་ནགས་ཚལ་འདྲ་བའི་ཙིག་དམག་ཁྲི་ཕྲག་མང་པོ་འདུས། ཙི་གུའི་དཔོན་མོ་གཡུ་སྒྲོན་མས་གཡས་རུ་དྲངས། ཙི་གུའི་དཔོན་མོ་རྣི་ལི་སྒྲོན་མས་གཡོན་རུ་དྲངས། ལི་ལིའི་རྒྱལ་པོས་མདུན་རུའི་རུ་སྣ་དྲངས། རི་བོང་གིས་རུ་སྟེང་མནན་ཏེ་ཆུ་བོ་འབབ་པ་བཞིན་དཔུང་སྣ་དྲི་ཟའི་ཡུལ་དུ་གཏད་ནས་གཤར་རོ།།

   ཁོ་ཚོ་ཟླ་འགའི་ལམ་དུ་སྐྱོད་མཁར་གཞི་ནས་འཇིག་རྟེན་མི་ཡུལ་དང་དྲི་ཟའི་ཡུལ་གཉིས་ཀྱི་ས་མཚམས་དུ་ཐོན། ས་མཚམས་དེ་ན་སྲིད་པའི་ཆུ་བོ་འབྱུང་ལྡན་ཞེས་པའི་ཆུ་བོ་ཆེན་པོ་ཞིག་འབབ་ཀྱིན་ཡོད་པ་ལ། ཆུ་བོ་དེ་ཇི་ལྟར་བསྒྲོལ་བའི་ཕྱོགས་ལ་གྲོས་བསྡུར་བྱེད་སྐབས། རི་བོང་བློ་ལྡན་གྱིས་ཐབས་ཤིག་རྙེད་དེ་རྟ་ལད་མང་པོ་བསྡུས་ནས་རྟེལ་ལུ་རེ་རེའི་སྟེང་དུ་ཙི་གུ་རེ་བསྡད་ནས་རྩྭ་འཇག་མ་རེའི་སྐྱ་བ་བྱས་ནས་བདེ་བླགས་ངང་ཆུ་བོའི་ཕ་རོལ་སྒྲོལ་ཐུབ་པ་བྱུང་། སྐབས་དེར་ལི་ལིའི་རྒྱལ་པོ་ན་རེ།  

  “ད་ནི་ངས་ཁྱེད་ལ་རོགས་བྱས་པ་ཡིན། ང་རང་འདི་ཕན་ཆད་ལ་མི་འགྲོ་བར་བྱ།”ཟེར་བ་ན། རི་བོང་ཁྲོས་ཏེ། 

  “ག་ལ་ཆོག  ཉིད་ཀྱིས་ཁྲག་ཐིགས་ར་འབུ་ཙམ་ཁ་ལ་མ་རེག་པར་ལོ་གསུམ་ཟླ་གསུམ་འགོར་བའི་ཉིན་དེར་ངས་དཀའ་ལས་དཀའ་ཚེག་ལ་མ་འཛེམ་པར་ཁྱེད་ལ་ཨབ་ཤ་བུབ་ཅིག་དྲངས་པ་ཡིན། དེར་བརྟེན་ཉིད་ཀྱིས་དོན་དག་འདིའི་ཐོག་མཁའ་བར་གསུམ་དུ་རོགས་བྱེད་ཅེས་ཁས་བླངས་ཡོད་པས་ཅིས་ཀྱང་ཕོ་རབ་ཚིག་ཐོག་དང་རྒྱལ་པོའི་སྨྲ་བ་ལན་གཅིག་གི་སྟེང་ནས་ཕྱིར་ནུད་མི་བྱེད་པར་ཞུ།” ཟེར་བ་ན། ལི་ལིའི་རྒྱལ་པོའང་ཐབས་ཟད་དེ་རི་བོང་དང་མཉམ་དུ་ཆུ་བོར་བརྒལ་ནས་ཆས།  

  མཚན་མོ་དེར་ཙིག་དམག་གིས་དྲི་ཟའི་རྒྱལ་པོའི་ཕ་བྲང་ཨ་ལོང་ལྟར་བསྐོར་ནས་རླུང་བསེར་བུ་ཡིན་ཡང་ལྡིང་ཐབས་མེད་པ་ཞིག་བྱས་ཏེ། ཕོ་བྲང་གི་ཕྱོགས་སོ་སོས་ཙིག་དམག་གིས་གྱང་བྲུས་ནས་ཐོགས་པ་མེད་པར་ནང་དུ་འཛུལ། འཇིགས་སུ་རུང་བའི་དྲི་ཟའི་རྒྱལ་པོ་རྟ་མགོ་ཅན་གྱིས་སྔོན་ནས་རི་བོང་ར་མདར་འོང་དོགས་ཀྱིས་དགྲ་འདུལ་དབྱུགས་པ་དམར་པོ་དང་འཆི་མེད་བདུད་རྩི་བ་རུ་གང་སོགས་མདུན་དུ་བཞག གསེར་འགུ་ཉི་མ་རང་ཤར་ཁ་ནང་དུ་བཅུག་ནས་གཉིད་ཡོད་སྐབས།  ཐོག་མར་ཙི་གུའི་དཔོན་མོ་གཡུ་སྒྲོན་མས་དཔའ་ཁས་ལེན་གྱི་ཙིག་དམག་བདུན་ཁྲིད་ནས་དགྲ་འདུལ་དབྱུག་པ་དམར་པོ་དང་འཆི་མེད་བདུ་རྩི་བ་རུ་གང་བཅས་དལ་བར་དྲུད་ནས་རི་བོང་གི་ལག་ཏུ་སྤྲད། དེ་ནས་ཙུ་གུའི་དཔོན་མོ་རྣུ་ལུ་སྒྲོན་གྱིས་བདེ་ལྕག་དང་ཡང་ཟོར་ལྡན་པའི་གོམས་འགྲོས་ཀྱིས་རི་ལྟར་ཆེ་བའི་དྲི་ཟའི་རྒྱལ་པོའི་ལུས་ཐོག་ནས་འཇིགས་སུ་རུང་བའི་གདོང་ཐོག་ཏུ་འགོས་ནས་རྔ་མ་རིང་པོ་དེ་རྒྱལ་པོའི་སྣ་ཁུང་གློ་རྡེག་ལ་ཐེངས་གཅིག་བཙུགས་མ་ཐག དྲི་ཟའི་རྒྱལ་པོས་གཉིད་འོག་ནས་སྦུད་པ་ས་འདར་བ་ཞིག་ཤོར་ནས་ཁ་ནང་གི་གསེར་འགུ་ས་རུ་ལྷུང་མ་ཐག ལི་ལིའི་རྒྱལ་པོ་གཞུག་རིང་མཆོང་ཐེངས་གཅིག་གིས་གསེར་འགུ་ལག་ཏུ་བླངས། དྲི་ཟའི་རྒྱལ་པོས་དེ་མ་ཐག 

  “གཡོག་གོ་ཆོད་དགྲ་འདུལ། རི་བོང་ཁ་ཤོ་ཐོན་ཐལ་”ཞེས་བོས་མ་ཐག་ཏུ། དེ་མ་ཐག་གཡོག་ཆོད་དགྲ་འདུལ་མདའ་མོ་སྟོང་ལས་འཕངས་པ་བཞིན་ཤོར་འོང་བ་ན། རི་བོང་གིས་བློ་རྩ་བརྟན་མོས་ངང་དགྲ་འདུལ་དབྱུག་པ་གྱེན་ལ་འཕྱར་དེ་འགྲམ་དུ་ཐོན་མ་ཐག་ལན་གཅིག་གཞུས་མ་ཐག་ཏུ་གཡོག་གོ་ཆོད་དགྲ་འདུལ་བྲག་དམར་ཐོག་གིས་གཏོར་བ་བཞིན་ལོ།།  

   དེར་རི་བོང་བློ་ལྡན་གྱིས་ལི་ལིའི་རྒྱལ་པོ་གཞུག་རིང་དང་ཙིག་དམག་གི་རོགས་རམ་ལ་བརྟེན་ནས་རྒྱལ་ཁ་བླངས་ཏེ་ཕྱིར་ཡུལ་ལ་འབྱོར། གཞོན་ནུ་ཚངས་པ་འོད་དང་སྲས་མོ་ཡིད་འཕྲོག་ལྷ་མཛེས་སོགས་འཁོར་དང་བཅས་པའི་བེམ་པོར་འཆི་མེད་བདུད་རྩི་བྱུགས་པས་ཐམས་ཅད་ལྷར་གསོན་ཐུབ་པ་མ་ཟད། གསེར་འགུ་ཉི་མ་རང་ཤར་ལ་གསོལ་བ་བཏབས་པས་སྔར་གྱི་ལོངས་སྤྱོད་དག་ཕྱིར་འདུས་ནས་བདེ་སྐྱིད་ཀྱི་འཚོ་བ་ལྷ་དང་མཉམ་པར་གྱུར། དེ་ནས་བཟུང་སྡུག་གི་ལོ་མ་ཆུ་ལ་འཕངས། སྐྱིད་ཀྱི་ཉི་མའི་མཐའ་བསྐྱངས་པའོ།། 

     རྩོམ་གྱི་ཡོང་ཁུངས། 2020ལོའི་བོད་ལྗོངས་དུས་དེབ《སྤང་རྒྱན་མེ་ཏོག་》དེབ་དང་པོའི༼སྒྲུང་གཏམ་དགའ་ཚལ ༽ལས་བཏུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།