དད་པ་གླེང་བ།

རྩོམ་པ་པོ། ཞོགས་དུང་།

བོད་པའི་སྤྱི་ཚོགས་སུ། དད་པ་ཡོད་མེད་ནི་བོད་པ་ཡིན་མིན་ངོས་འཛིན་བྱེད་ཀྱི་ཚད་གཞི་ལྟ་བུར་གྱུར་འདུག སུ་ཞིག་ལ་དད་པ་མེད་པའི་སྙད་བཏགས་ན། བོད་མི་རྣམས་ཀྱིས་དེ་ཉིད་མི་གྲལ་ནས་ཕུད་པའི་ཤོམ་ར་བྱེད། དེས་ཀྱང་བོད་ཀྱི་གཙོ་རྒྱུགས་རིག་གནས་ཆོས་ལུགས་ཡིན་པ་གསལ་བཤད་བྱས་འདུག རྒྱུ་མཚན་ནི་དད་པ་ཞེས་པའི་ཐ་སྙད་འདི་ཆོས་ལུགས་ཁོ་ན་ལ་སྤྱོད་པའི་ཕྱིར་རོ། །

མི་བུ་སུ་ཡིན་ཀྱང་། ཐོག་མར་དད་པ་ཞེས་པའི་གོ་དོན་གསལ་པོར་ཤེས་རྗེས་རང་ཉིད་དད་ལྡན་ཡིན་མིན་ད་གཟོད་ཁ་ཚོན་བཅད་ཆོག་སྟེ། ཆོས་གཞུང་དུ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མིན་གྱིས་ཕྱི་ནང་གི་ཁྱད་པར་འབྱེད་པའི་བཤད་ཚུལ་ཞིག་འདུག་ཅིང་། སྐྱབས་འགྲོ་རྒྱུད་ན་ཡོད་མེད་ཀྱིས་ཕྱི་ནང་གི་ཁྱད་པར་འབྱེད་པའི་བཤད་ཚུལ་ཞིག་ཀྱང་འདུག འདིར་ཕྱི་མ་ལྟར་བཤད་ན། སྐྱབས་འགྲོ་རྒྱུད་ལ་སྐྱེས་པའི་ཚད་ནི། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་འདུན་པ་དང་། ཞེ་སྡང་དང་། འཇིགས་པ་དང་། རྨོངས་པའི་དབང་གིས་ཆོས་ལས་མི་འདའ་བ་ནི་དད་པ་ཅན་ཡིན་ཟེར་རོ། །

དེ་ཡང་འདུན་པས་ཆོས་ལས་མི་འདའ་བ་ནི་འདོད་ཆགས་ཀྱི་དབང་གིས་ཆོས་ལས་མི་འདའ་བ་སྟེ། དཔེར་ན། གཞན་ན་རེ། སངས་རྒྱས་ཀྱི་སྐུ་འདྲ་ཞིག་ཡོད་པ་དེ་ཤིགས་དང་ཁྱོད་ལ་རྒྱུ་ནོར་རམ། བུད་མེད་དམ། ཐ་ན་རྒྱལ་སྲིད་ཀྱང་གཏད་དོ་ཟེར་ཡང་ཆོས་མི་གཏོང་བ་དང་། ཞེ་སྡང་གིས་ཆོས་ལས་མི་འདའ་བ་ནི། དཔེར་ན། གཞན་ཞིག་གིས་ངའི་སྲོག་ལ་རྟག་ཏུ་རྒོལ་ན་ཡང་ངས་ཁོ་ལ་རྒོལ་ལན་མི་བྱེད་དོ་ཟེར་ནས་ཆོས་མི་གཏོང་བ་དང་། འཇིགས་པས་ཆོས་ལས་མི་འདའ་བ་ནི། དཔེར་ན། གཞན་འགའ་ཞིག་གིས། ཁྱོད་ཀྱིས་ཆོས་མི་གཏོང་ན་ད་ལྟ་ཉིད་དུ་གསོད་ངེས་ཡིན་ཟེར་ཡང་ཆོས་མི་གཏོང་བ་དང་། རྨོངས་པས་ཆོས་ལས་མི་འདའ་བ་ནི། དཔེར་ན།  གཞན་ཞིག་གིས། ཆོས་ལ་བདེན་པ་མེད་པས་སྐྱུར་ཞོག་ཟེར་ཡང་ཆོས་མི་གཏོང་བ་བཅས་རྣམ་པ་བཞི་དང་ལྡན་པའི་གང་ཟག་ནི་སྐྱབས་འགྲོ་རྒྱུད་ལྡན་གྱི་གང་ཟག་དང་དད་པ་ཅན་ཡིན་ཞེས་སོ། །

དད་པ་ནི་ཆོས་ལུགས་ཐམས་ཅད་ཀྱི་རྩ་བ་རེད། ཐར་བའི་གྲོང་ཁྱེར་དུ་བགྲོད་བྱེད་ཀྱི་རྐང་པ་ལྟ་བུར་གྱུར་པས་ཆོས་པ་རྣལ་མ་ཞིག་ལ་མཚོན་ན་གོང་གི་སྐྱབས་འགྲོའི་སེམས་སམ་དད་པ་དེ་འདྲ་ཡོད་དགོས་པ་མ་མཐའི་ཆ་རྐྱེན་རེད། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཞེས་དང་། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ཞེས་སོགས་གསུངས་པའང་མཐར་གཏུགས་ན་གནད་དེ་ལ་ཐུག་འདུག

འོ་ན་དད་པ་གང་ལ་བྱ་དགོས་པ་རེད་ཟེར་ན། འཁོར་བའི་ངོ་བོ་སྡུག་བསྔལ་ཡིན་པར་བསམས་ནས་དད་པ་དང་། ལས་ག་འདྲ་བྱས་ན་འབྲས་བུ་དེ་འདྲ་འབྱུང་བར་བསམས་ནས་དད་པ་དང་། དཀོན་མཆོག་གསུམ་གྱིས་སྡུག་བསྔལ་ལས་སྐྱོབ་ཐུབ་པར་བསམས་ནས་དད་པ་སྟེ། དེ་ལ་ཡང་དང་བའི་སྒོ་ནས་དད་པ་དང་། འདོད་པའི་སྒོ་ནས་དད་པ་དང་། ཡིད་ཆེས་པའི་སྒོ་ནས་དད་པ་དང་། ཕྱིར་མི་ལྡོག་པའི་སྒོ་ནས་དད་པ་དག་ཏུ་དབྱེ་རྒྱུ་འདུག རྣམ་གྲངས་འདྲེན་ཤེས་པ་ཙམ་གྱིས་འཇིག་རྟེན་པ་རྣམས་ཆོས་པར་མི་འགྱུར་ལ་རྣམ་གྲངས་འདྲེན་མི་ཤེས་པ་ཙམ་གྱིས་ཆོས་པ་རྣམས་འཇིས་རྟེན་པ་རུ་ཡང་མི་འགྱུར། དེ་དག་གི་དོན་ཉམས་སུ་ལེན་མཁན་ནི་ཆོས་པ་རྣལ་མ་རྣམས་རེད། དེ་བས་ཁོ་བོས་འདི་ནས་རྒྱས་པར་བཤད་པའི་དགོས་པ་མི་འདུག

ཁོ་བོས་བཤད་འདོད་པ་ནི་འཇིག་རྟེན་པ་རྣམས་ལ་དོན་དངོས་སུ་དད་པ་ཡོད་དམ་མེད་ཀྱི་གནས་ཚུལ་ཅུང་ཟད་གླེང་རྒྱུ་དེ་ཡིན།

དད་པ་ནི་ཆོས་པ་རྣལ་མ་རྣམས་ཀྱི་དགོས་ཆེད་ཅིག་ལས་འཇིག་རྟེན་པ་རྣམས་ཀྱི་དགོས་ཆེད་ཅིག་མ་རེད། མཚན་ཉིད་ཚང་བའི་དགེ་བའི་བཤེས་གཉེན་ལས་ཆོས་ཉན་པ། གྲོགས་དད་པ་ཅན་དང་འགྲོགས་པ། མི་རྟག་པ་དང་ལས་འབྲས། འཁོར་བའི་ཉེས་དམིགས་སོགས་བསམ་པ། མདོ་སྡེར་ལྟ་བ་སོགས་ནི་ཆོས་པ་རྣལ་མ་རྣམས་ལ་དད་པ་སྐྱེ་བའི་རྒྱུ་རུ་བཤད་ཅིང་། གལ་སྲིད་འཇིག་རྟེན་པ་རྣམས་ཀྱིས་ཀྱང་དེ་ལྟར་བསྒྲུབས་ན་འཇིག་རྟེན་པ་མ་ཡིན་ལ་ཁོ་ཚོའི་འཚོ་གནས་ཀྱི་ལུགས་དང་རིང་དུ་འགལ་འགྲོ་བས་འཇིག་རྟེན་པ་ལ་དད་པ་སྐྱེ་བ་གཏན་མི་སྲིད།

དད་པ་ནི་ཆོས་པ་རྣལ་མ་རྣམས་ལ་དམིགས་ནས་བཤད་པ་མ་གཏོགས་འཇིག་རྟེན་པ་རྣམས་ལ་དམིགས་ནས་བཤད་པ་མ་རེད། ཆོས་པ་རྣལ་མ་རྣམས་ཀྱིས་རྒྱུ་ནོར་གྱི་ཕྱིར་དུ་ཆོས་མི་གཏོང་ལ་ཞེ་སྡང་གི་དབང་གིས་ཀྱང་ཆོས་མི་གཏོང་། ཐ་ན་འཇིགས་པ་སྟེ་ཚེ་སྲོག་ལ་བབས་ཀྱང་ཆོས་མི་གཏོང་ཟེར། འོན་ཀྱང་། དད་པ་དེ་འདྲ་ཡོད་མཁན་ཆོས་པའི་ནང་ནའང་ཤིན་ཏུ་དཀོན་ཞེས་ཆོས་པ་ཁོང་ཚོས་ཀྱང་ཁས་ལེན་གི་ཡོད་ན། ཆོས་པ་མ་ཡིན་པའི་འཇིག་རྟེན་པ་རྣམས་ལ་བཤད་སྨོས་ཀྱང་ཅི་དགོས། “རིག་གསར”སྐབས་སུ། སྟོན་པའི་སྐུ་འདྲ་སྟ་རེས་བསིལ། རྒྱལ་བའི་བཀའ་གསུང་གདན་ལ་བཏིངས། ལྷ་ཁང་གསེར་ཁང་ཧབ་ཐོབ་བརྒྱབ། བླ་མ་སྤྲུལ་སྐུར་འཐབ་རྩོད་བྱས། ཆོས་ལུགས་རིག་གནས་ཀྱི་ཤུལ་རྫས་མཐའ་དག་བཅོམ་ཆག་སྐྱ་ཉིལ་དུ་བཏང་བ་ནི་གཞན་གྱིས་གཙོ་བོར་བྱས་པ་མ་ཡིན་པར་ཆོས་ལ་དད་པ་ཡོད་ཟེར་མཁན་གྱི་ཆོས་པ་དང་བོད་མི་རང་ཉིད་རེད། དད་པ་ཡོད་མེད་ནི་གལ་ལ་མ་ཐུག་ཚེ་མི་ཤེས་ལ་གལ་ལ་ཐུག་དུས་ད་གཟོད་བདེན་རྫུན་བསྟན་ཡོང་གི་རེད། དགོན་སྡེ་དང་ལྷ་རྟེན་ཆོས་གསུམ་རྩ་བརླག་བཏང་བ་དེ་ཆོས་ལུགས་ཀྱི་ཕྱིའི་བཀོད་པའམ་སྣང་ཚུལ་ཞིག་རྩ་བརླག་བཏང་བ་ཙམ་རེད་མོད། དེའི་ངོས་ནས་ཀྱང་ཁོ་ཚོར་དད་པ་ཡོད་མེད་ཤེས་ཐུབ་གི་རེད།

དད་པ་ཞེས་པའི་ཐ་སྙད་འདི་ཆོས་པ་རྣལ་མ་རྣམས་ལ་སྤྱོད་པ་ལས་འཇིག་རྟེན་པ་རྣམས་ལ་མི་སྤྱོད། ཆོས་གོས་གྱོན་པ་ཕལ་ཆེ་བ་ཡང་འདུས་པའི་བོད་མི་རྣམས་ལ་དད་པ་ཡོད་པའི་དབང་དུ་བཏང་ནའང་། ཁོ་ཚོས་དད་པ་བྱ་ཡུལ་ནི་དམ་པའི་ཆོས་མ་ཡིན་པར་ཆོས་གོས་གྱོན་ཞིང་ཆོས་པ(མང་ཤོས་ཆོས་པ་རྣལ་མ་མ་རེད)ཡིན་ཟེར་མཁན་གྱི་གང་ཟག་རྣམས་དང་། ཆོས་ལུགས་ཀྱི་བཀོད་པ་སྟེ་དགོན་སྡེ་དང་གཙུག་ལག་ཁང་། ལྷ་རྟེན་ཆོས་གསུམ་སོགས་ཕྱིའི་སྣང་ཚུལ་དག་ལ་དད་པ་བྱེད་པ་ཙམ་ལས་མ་འདས། དོན་དམ་དུ། ཁོ་ཚོར་ཡོད་པའི་དད་པ་ནི་དད་པ་བཏགས་པ་བ(མིང་གཞན་བླུན་དད)རེད། དད་པ་བཏགས་པ་བ་དེར་ཡིད་ཆེས་དང་གཏད་སོ་གང་ཡང་མེད་དེ། ནམ་ཞིག“རིག་གསར”ལྟ་བུའི་ལས་འགུལ་རྩུབ་པོ་ཞིག་ཡང་བསྐྱར་འབྱུང་བའི་དབང་དུ་བཏང་ན། ཁོ་ཚོས་སྔར་བཞིན་ཡོད་ཚད་བཅོམ་ཆག་སྐྱ་ཉིལ་དུ་གཏོང་མི་གཏོང་ཐེ་ཚོམ་མེད། དེ་བས། ཆོས་པ་རྣལ་མ་མ་ཡིན་པའི་མི་རྣམས་ལ་དད་པ་བཏགས་པ་བ་ཡོད་པས་ཡོད་གོ་མི་ཆོད་ཅིང་དད་པ་བཏགས་པ་བ་མེད་པས་མེད་གོ་ཡང་མི་ཆོད་དོ། །

དད་པ་ནི་ཆོས་པ་རྣལ་མའི་ཚད་གཞི་ཞིག་ཡིན་པ་མ་གཏོགས་འཇིག་རྟེན་པའི་ཚད་གཞི་ཞིག་མ་རེད། ཐར་བ་འདོད་པའི་ཆོས་པ་རྣལ་མ་རྣམས་ལ་ནི་མི་ཚེ་སྡུག་བསྔལ་དུ་བསམས། ལས་འབྲས་མི་བསླུ་བར་བལྟས། དཀོན་མཆོག་གསུམ་སྐྱབས་སུ་འགྲོ་བའི་དད་པ་མེད་མི་རུང་བར་བཤད་པ་བདེན་ལས་ཆེ་མོད། འཇིག་རྟེན་པ་རྣམས་ལ་ཆོས་ལ་དད་པ་ཡོད་མེད་བཤད་དེ་འཇིགས་སྐུལ་བ་ལས་ཆོས་ལུགས་ཐེ་བའི་རིག་གནས་མཐའ་དག་གི་ཤུལ་བཞག་ལ་སྲུང་སྐྱོབ་བྱ་དགོས་ཞེས་མི་ལ་མི་ཆོས་ཀྱི་ཆ་ནས་སློབ་གསོ་བཏང་ན་ཕན་ཆེ་བར་སེམས་ཤིང་། མིའི་རིགས་ཀྱི་ཤེས་རིག་གི་རིན་ཐང་དང་ངལ་རྩོལ་གྱི་གྲུབ་འབྲས་ལ་གདེང་འཇོག་དང་སྲུང་སྐྱོབ་བྱ་བའི་དགོས་པ་ཡོད་པ་ངེས་སུ་བཅུག་སྟེ་མི་རྣམས་ཀྱི་གོ་རྟོགས་མཐོན་པོར་ཕྱིན་ཚེ། སྒེར་གཅོད་དབང་སྒྱུར་ལས་བྱུང་བའི་ལས་འགུལ་ཡ་ང་བ་དེ་དག་ལ་ཞིང་ས་སྟོངས་པར་འགྱུར་ཞིང་། མི་རྣམས་རིག་གནས་ཀྱི་གོ་ཆག་དང་ལས་འགུལ་གྱི་སྐྱོ་གར་དེ་འདྲ་ལ་བསམ་བཞིན་མི་འཇུག་པའི་བརྟན་ཚུགས་ཤིག་ཀྱང་ངང་གིས་སྐྱེ་བ་གོར་མ་ཆག

དོན་གྱི་གནད་འགག་ནི། སུ་ཞིག་ཆོས་ལུགས་ལ་དད་པ་ཡོད་མེད་མ་ཡིན་པར། སུ་ཞིག་གིས་གནས་ལུགས་རྩི་མིན་དང་རྒྱུ་འབྲས་བཤད་མིན་ལ་ཐུག་ཡོད་པས། ཚེ་འདིའི་ཕུན་ཚོགས་དོན་དུ་གཉེར་བའི་འཇིག་རྟེན་པ་རྣམས་ལ་མཚོན་ན། ནོར་གྱི་མཆོག་དང་ལམ་གྱི་རྩ་བ་ནི་གནས་ལུགས་རྒྱུ་འབྲས་ཡིན་པ་མ་གཏོགས་དད་པ་མ་ཡིན་པ་མངོན་ལྐོག་ཀུན་ལ་དཔྱད་པས་ཤེས་སོ། །

མདོར་ན། དད་པའི་དམིགས་ཡུལ་ནི་བསྐལ་པ་མང་པོ་འདས་པའི་ཕྱི་རོལ་ནས་རང་ཉིད་ཀྱི་རྣམ་པར་ཤེས་པ་ཐར་བ་ཆེན་པོ་སྟེ་སངས་རྒྱས་རྒྱུ་ཟེར་བ་དེ་རེད་ལ། དད་པའི་ངོ་བོ་ནི་མི་ཚེ་ཡི་དགོས་འདུན་སྤོང་ཞིང་སྐྱེ་བ་ཕྱི་མ་དོན་དུ་གཉེར་བའི་ལྷ་ཆོས་དུས་རྣམ་ཀུན་ཏུ་མི་གཏོང་བ་དང་། དད་པའི་བྱེད་ལས་ནི་ཕྱག་འཚལ་བ་དང་མཆོད་པ་བྱེད་པ་སོགས་ལ་བརྩོན་ཞིང་ཚོགས་གསོག་སྒྲིབ་སྦྱོང་གི་ལས་ལ་གཞོལ་བ་དང་། དད་པའི་མངོན་སྟངས་ནི་སྤྲོས་པ་བཅད་པས་དགའ་སྐྱོ་ཆགས་སྡང་བྲལ་བའི་ཤ་ཚུགས་ཙམ་དུ་འདུག་ཅིང་ཆོས་དང་འབྲེལ་ཚད་ལ་འཕྲད་དུས་མགོ་སྒུར་ཉྭ་ལྷེམ་བྲན་གཡོག་གི་བཟོ་ལྟ་ཇི་བཞིན་སྣང་། དད་པ་ནི་འཇིག་རྟེན་མི་ཆོས་ཀྱི་ལུགས་དང་རྒྱབ་འགལ་ཤ་སྟག་ཏུ་ཕྱིན་པས། ཆོས་པས་འཇིག་རྟེན་མི་འགྲུབ་ལ་འཇིག་རྟེན་པས་ཆོས་ཀྱང་མི་འགྲུབ་བོ། །དེ་བས་ཀྱང་། དད་པ་ནི་འཇིག་རྟེན་རིག་གནས་འཕེལ་བའི་སྒུལ་ཤུགས་ཏེ། མཚར་འཛིན་དང་། དོགས་སློང་། རྟོག་དཔྱོད། ཞིབ་འཇུག དགག་སྒྲུབ་སོགས་ཀྱི་ལྡོག་ཕྱོགས་སུ་ལངས་པའི་སེམས་བྱུང་ཞིག་རེད། དེའི་ཕྱིར་དད་པ་ནི་འཇིག་རྟེན་རིག་གནས་ཀྱི་ལམ་ཁེགས་བྱེད་གཙོ་བོ་ཞིག་ཏུ་གྱུར་འདུག མི་རྣམས་ལ་དད་པ་ཡོད་མེད་བལྟས་ནས་བཟང་ངན་འབྱེད་རྒྱུ་ཡིན་ན། དེས་ནི་འགྲོ་མིའིི་ལྷན་སྐྱེས་ཀྱི་རང་གཤིས་ལ་སྐུར་བ་བཏབ་པར་མ་ཟད། འུ་ཚོའི་ལས་སྒོ་ཡོངས་རྫོགས་གུ་དོག་པོར་བཟོ་བྱེད་ཀྱི་རྒྱུ་རྐྱེན་དུའང་ཁོ་བོས་སེམས་སོ། །

ཞར་ལ་བཤད་རྒྱུའང་འདི་འདྲ་ཡོད་དེ། བོད་མི་ཕལ་ཆེ་བར་བླུན་དད་ཙམ་ལས་དད་པ་མེད་པ་མངོན་སུམ་རེད་མོད། གཞན་ངོར། “ང་ལ་དད་པ་མེད”ཅེས་དྲང་གཏམ་སྨྲ་མཁན་ནི་ད་ཕན་དུ་ཁོ་བོ་མ་གཏོགས་གཞན་མེད་ཚོད་རེད། “ང་ལ་དད་པ་མེད”ཅེས་ཚེ་རྟེན་འབྲེལ་ལོག་འགྲོ་བའི་ཉེན་འབྱུང་བ་ཁོ་བོས་ཤེས་ནའང་། རྟེན་འབྲེལ་ཞེས་པའི་ལྐོག་གྱུར་གྱི་བྱེད་པ་ལ་དམིགས་ནས་མི་ཚེ་འཇིགས་དངངས་ཀྱིས་བསྐྱལ་བ་ཁོ་བོའི་རང་གཤིས་སུ་མ་གྲུབ་པས། ད་ནི་བོད་མི་རྣམས་ཧ་ལས་པའི་གཟུ་གཏམ་དེ་འདྲའང་མི་བཤད་ཐུ་མེད་ཡིན་སོང་།

དོན་དམ་དུ། ང་ལ་དད་པ་མེད་པའང་མ་ཡིན། ངའི་དད་པ་བྱ་ཡུལ་ནི་མཐོང་ན་འཇིགས་པའི་བདེན་པ་གཅེར་བུ[1]དང་གནས་ལུགས་རྒྱུ་འབྲས་ཞེས་པ་དེ་ཡིན། བདེན་པ་དང་གནས་ལུགས་རྒྱུ་འབྲས་ཀྱི་ཕྱིར་དུ། ཁོ་བོས་འདུན་པ་རྒྱུ་ནོར་དང་། ཞེ་སྡང་དང་ཁོང་ཁྲོ་དང་། འཇིགས་པ་དང་མནར་གཅོད་དང་། རྨོངས་པ་དང་བླུན་རྟུལ་སོགས་ཀྱི་གཞན་དབང་དུ་མི་འགྲོ་བའི་དམ་བཅའ་སྔར་ནས་བཅས་ཟིན་ཅིང་། དེའི་མཚུངས་སུ། བོད་མི་ཕལ་བོ་ཆེར་གནས་ལུགས་རྒྱུ་འབྲས་རྩི་བའི་དད་པའམ་དམ་བཅའ་བརྟན་པོ་དེ་འདྲ་ལྡན་དགོས་པའི་བསམ་འདུན་བླ་ལྷག་གིས་འཆང་བཞིན་པ་དང་། ཀུན་ལ་བདེན་པ་དང་གནས་ལུགས་མི་གཏོང་བའི་དམ་བཅའ་བཅོས་མིན་ཞིག་ངེས་པར་ལྡན་ཚེ། དེ་དུས་རང་རྐྱ་འཕེར་བའི་མི་བུ་རེ་རེ་འགྲེང་ཚུགས་སུ་ལང་འོང་བ་གདོན་མི་ཟ་ཞིང་འུ་ཚོས་ཅི་བྲས་ལ་འབྲས་བུ་ལེགས་པོ་འབྱུང་བའི་རེ་བ་ཆེན་པོ་ལྡན་པ་ཚིག་ཐག་བཅད་ནས་བཤད་ཆོག གང་ལྟར་ཀྱང་། དེ་ལྟར་ངེས་ན་ཁོ་བོས་དད་པ་མེད་ཅེས་པ་དང་གཞན་གྱིས་དད་པ་ཡོད་ཅེས་པ་གཉིས་ལ་གནམ་སའི་ཁྱད་པར་འདུག་པ་ཤེས་སྲིད་ཅིང་། སུ་ཞིག་གིས་བསམ་གཞིག་མ་བཏང་བར་ང་ལ་དད་པ་ཡོད་ཅེས་ཚོད་ཚོད་དུ་གཏམ་སྨྲ་བའང་སླ་མོ་བདེ་མོ་མིན་པ་ཞོར་ལ་རྟོགས་འོང་ངོ་། །

མཆན།

[1] དགེ་ཆོས་ཀྱི་གསུང་།

ཟུར་མཆན།

གཙོ་རྒྱུགས། གཙོ་བོ་དང་རྒྱུགས་ཆེ་བའི་དོན་ཏེ། རྒྱ་ཡིག主流ཞེས་པ་བསྒྱུར།

ཐ་སྙད་ཀྱི་ཁྱད་པར་ངེས་དགོས་པ།

དད་པ་དང་དད་པ་བཏགས་པ་བ་དང་། ཆོས་པ་དང་ཆོས་པ་རྣལ་མའི་ཁྱད་པར།

ཡོང་ཁུངས། 《དོགས་སློང་སྙིང་སྟོབས》།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།