མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་ཏེ། དྲིན་ལན་ལོག་འཇལ་གྱིས་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་ངོ་རྒོལ་དང་དགག་རྒྱག་བྱུང་བའི་ལོ་རྒྱུས།

༄༅། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ།
དམར་སེར་ལི་ཁྲི་གསར་བའི་འོད་རླབས་སྐུ། །
དོན་ལྡན་སྙན་འཇེབས་རོལ་མོ་འབུམ་འཁྲོལ་གསུང་། །
ཀུན་ཁྱབ་མཁྱེན་བརྩེའི་ཡོན་ཏན་གཏེར་ཆེན་ཐུགས། །
ལྷག་པའི་ལྷ་མཆོག་བྱིན་རླབས་ཆར་ཆེན་སྩོལ། །
ཅེས་ཡུལ་གོང་མ་ལ་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ནས། འདིར་སྐབས་དོན་མདོར་ཙམ་ཞུ་འདོད་བྱུང་།
ཀ༽   གནད་དོན་མདོར་བསྡུས་ཏེ་བཤད་པ།
        ལོ་སྔོན་མའི་ནང་སྐབས་༡༧་པའི་སྤྱི་འཐུས་འཚོགས་ཐེངས་དང་པོ་ཚོགས་ཐོག་ཏུ་ད་ལྟའི་དཔལ་ལྡན་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གིས་དབུས་གཙང་སྤྱི་འཐུས་ལས་ཐོག་པ་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་བཀའ་བློན་གྱི་འོས་མིར་བཏོན་པ་དང་། དེ་མ་ཐག་གྲོས་ཚོགས་ནང་སྤྱི་འཐུས་རེ་ཟུང་གིས་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་ཏེ། སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་དྲིན་ལན་ལོག་འཇལ་གྱིས་དགག་རྒྱག་ངོ་རྒོལ་སོགས་བྱས་པར་བརྟེན། སྐབས་དེར་སྐུ་ངོ་མཆོག་བཀའ་བློན་དུ་ཕེབས་མ་ཐུབ་པར་མ་ཟད། དེ་ནས་བཟུང་ད་བར་རང་གཞུང་ལྷན་ཁང་ཆེ་ཁག་ནང་སྲིད་དང་། དཔལ་འབྱོར། ཆོས་རིག འཕྲོད་བསྟེན་བཅས་ཀྱི་བཀའ་བློན་བཞི་ཕེབས་མ་ཐུབ་པ་དེའི་སྐོར་མདོར་ཙམ་ཞུ་འདོད་བྱུང་།
ཁ༽   སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ངོ་སྤྲོད་སྙིང་བསྡུས།
             དངོས་གནས་བྱས་ན་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ནི་རང་གཞུང་ལྷན་ཁང་ཆེ་ཁག་ཅིག་གི་བཀའ་བློན་ཙམ་དུ་མ་ཟད། ཁོང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གནང་ཡང་ཤེས་འཇོན་ལྷག་བསམ། སྤྱི་ཚོགས་ཀྱི་ཉམས་མྱོང་སོགས་གང་ཐད་ནས་ཧ་ཅང་འོས་འཚམས་ཀྱི་མི་སྣ་གལ་ཆེན་ཞིག་རེད།
ཁོང་དེ་སྔོན་ཕྱི་ལོ་༡༩༩༦་ལོ་ནས་ཕྱི་ལོ་༢༠༠༠་ལོ་བར་མོན་གྷོ་འདོད་རྒུ་གླིང་ས་གནས་མགོ་འཛིན་གནང་བ་དང་། སྐབས་དེར་ང་ཚོ་ཕར་ཚུར་རིམ་གྱིས་ཆ་ཡོད་རྒྱུས་ཡོད་དུ་གྱུར་རྗེས། ཧ་ཅང་འཆམས་པོ་ཡོད། སྐུ་ངོ་མཆོག་གིས་མོན་གྷོ་ས་གནས་མགོ་འཛིན་གནང་སྐབས། ཁོང་ཉིད་ཀྱི་ཤེས་འཇོན་ལྷག་བསམ། ཉམས་མྱོང་སོགས་ལ་བརྟེན། ཁོང་ལ་ས་གནས་མང་ཚོགས་ཀྱིས་ཧ་ཅང་བརྩི་བཀུར་ཆེ་མཐོང་ཆེན་པོ་ཞུ་བཞིན་ཡོད། སྐབས་དེར་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཞག་དོལ་རྒྱལ་སྐོར་ལ་སྤང་བླང་ཚུལ་བཞིན་འབྱུང་ཆེད་གཏམ་བཤད་བྱེད་མཁན་སོགས་ལ་དོལ་རྒྱལ་རྗེས་འབྲང་པས་ཉེས་རྡུང་བཏང་རབས་དང་། མེ་བསྲེགས་དང་། གཏོར་བཅོམ་བཏང་བའི་གནས་ཚུལ་རིགས་ང་ཚོའི་སྤྱི་ཚོགས་ནང་གཅིག་མཇུག་གཉིས་མཐུད་འབྱུང་བཞིན་པའི་སྐབས་ཤིག་ཡིན་ཡང་། སྐབས་དེར་སྐུ་ངོ་མཆོག་གིས་དོལ་རྒྱལ་སྤང་བླང་གི་སྐོར་སོགས་ལ་ཚམ་ཚོམ་མེད་པར་མང་ཚོགས་ལ་ལམ་སྟོན་ཤུགས་ཆེན་གནང་བཞིན་པར་བརྟེན། དོལ་རྒྱལ་རྗེས་འབྲང་པ་ཚོས་ཀྱང་སྐབས་དེར་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལ་སྡང་པོ་བྱེད་བཞིན་ཡོད་སྐོར་ཡོངས་གྲགས་སུ་གྱུར་པས། ཁོང་གི་བདེ་འཇགས་ཆེད་སེམས་ཁྲལ་ཆེན་པོ་གནང་མཁན་མང་ཚོགས་གང་མང་བྱུང་ཡོད།
         དེ་རྗེས་ཁོང་གིས་བྷང་ལོར་ལྷོ་སྤྱི་དང་། དེ་ནས་རྡ་རམ་ས་ལར་ཕེབས་ཏེ། ཐོག་མར་ནང་སྲིད་སོ་ནམ་སྡེ་ཚན་གྱི་འགན་འཛིན་དང་། དེ་རྗེས་ནང་སྲིད་དྲུང་ཆེ། དེ་རྗེས་ཡུ་རོབ་སྦལ་སིལ་དུ་བོད་གཞུང་སྐུ་ཚབ་དོན་གཅོད་དང་། དེ་རྗེའི་སུད་སིའི་སྐུ་ཚབ་དོན་གཅོད་སོགས་ཀྱི་ཕྱག་ལས་འཐུས་ཚང་གནང་ཡོད།
ཁོང་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་མ་ཕེབས་སྔོན་ལ་སྐུ་ངོ་མཆོག་གིས་ལ་དྭགས་དང་། སྒང་ཏོག་བཅས་སུ་ལོ་མང་རིང་སྤྱི་ཚོགས་ལ་ཞབས་འདེགས་ཀྱི་ཕྱག་ལས་གང་མང་གནང་རབས་འདུག་ཀྱང་། སྐབས་དེའི་ལས་གནས་ཅི་ཡིན་སོགས་སྐུ་ངོ་མཆོག་ཁོང་རང་ཉིད་ལ་བཀའ་འདྲི་ཞུ་འདོད་བྱུང་ཡང་། ཁོང་ལ་འབྲེལ་བ་བྱེད་ཐུབ་མ་སོང་ཡང་། མདོར་ན་ཁོང་གིས་ལྷག་བསམ་རྣམ་དག་གིས་བོད་གཞུང་མང་ལ་ཞབས་འདེགས་བསྒྲུབས་ནས་ད་བར་ལོ་ངོ་༤༠་ལྷག་འགྲོ་བཞིན་ཡོད་པ་རེད། ཕྱི་ལོ་༢༠༠༦་ལོའི་ཟླ་༦་ཚེས་༡་ནས་༢༠༡༡་ལོའི་ཟླ་༦་ཚེས་༡་བར་ཕྲན་རང་ཉིད་སྐབས་༡༤་པའི་མདོ་སྨད་སྤྱི་འཐུས་སུ་ཁེལ་བར་བརྟེན། སྐབས་དེར་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་རྡ་རམ་ས་ལར་བཞུགས་ཡོད་པས། སླར་ཡང་ཁོང་ཐེངས་མང་མཇལ་རྒྱུ་བྱུང་།
ག༽ སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་དང་ང་ཚོའི་བར་གྱི་དྲི་བ་དྲིས་ལན།
          ༢༠༠༦་ལོའི་ཕྱི་ཟླ་༩་པའི་གྲོས་ཚོགས་སྐབས་ཉིན་གཅིག་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་ཕྲན་ལ་དེ་རིང་ངེད་གཉིས་ཉིན་གུང་ཞལ་ལག་མཆོད་པར་རྭ་སྟོད་ཟ་ཁང་ལ་མཉམ་དུ་འགྲོ་དགོས། ཟ་ཁང་དེའི་ནང་མོག་མོག་ཡག་པོ་འདུག་པས། དེར་ངེད་གཉིས་འགྲོ་དགོས་གསུངས་བྱུང་བར་བརྟེན། བདག་གིས་ཀྱང་མོས་མཐུན་ཞུས་ཏེ། ངེད་གཉིས་ཉིན་གུང་ཟ་ཁང་དེར་ཕྱིན་པ་ཡིན། སྐབས་དེར་ངེད་གཉིས་ཀྱིས་ཞལ་ལག་མོག་མོག་མཆོད་ཞོར་དུ་ཁོང་གིས་བདག་ལ་བཀའ་འདྲི་ཞིག་གནང་བྱུང་། དེ་ཡང་ཁོང་གིས་བདག་ལ་གསེར་རྟ་ཚུལ་ཁྲིམས་དང་ཁྱེད་གཉིས་ཕ་ཡུལ་གཅིག་པ་རེད་དམ། ཁྱེད་གཉིས་ཀྱི་མིང་གི་ཐོག་མར་གསེར་རྟ་ཡོད་པ་ལ་བལྟས་ན། ཁྱེད་གཉིས་ཕ་ཡུལ་གཅིག་པ་ཡིན་ས་རེད་སྙམ། འོན་ཀྱང་ཁྱེད་རང་ནི་མདོ་སྨད་སྤྱི་འཐུས་རེད། གསེར་རྟ་ཚུལ་ཁྲིམས་གཞན་དེ་ནི་མདོ་སྟོད་སྤྱི་འཐུས་རེད་འདུག་པས། ནམ་རྒྱུན་ངས་ཁེ་མཚར། དེ་ག་འདྲ་ཡིན་ནམ། སྙམ་བཞིན་ཡོད་པས། དེ་རིང་ཁྱོད་ལ་སྐད་ཆ་དྲིས་པ་ཡིན། ཞེས་བཀའ་འདྲི་གནང་བྱུང་། ངས་ཁོང་ལ་གསེར་རྟ་ཚུལ་ཁྲིམས་དང་ངེད་གཉིས་ཕ་ཡུལ་གཅིག་པ་རེད་ལགས། ཞུས་པར། སླར་ཡང་ཁོང་གིས། གསེར་རྟ་དེ་ལ་མདོ་སྟོད་ཡིན་པའི་ས་ཁུལ་ཞིག་དང་། མདོ་སྨད་ཡིན་པའི་ས་ཁུལ་ཞིག་བཅས་སོ་སོར་ཡོད་པ་རེད་དམ། གཞན་ཁྱེད་གཉིས་མདོ་སྟོད་སྨད་ཀྱི་ཆོལ་ཁོངས་སོ་སོར་འགྲོ་དགོས་དོན་གང་རེད་དམ། ཞེས་དྲིས་བྱུང་། སླར་ཡང་བདག་གིས། གསེར་རྟ་ལ་མདོ་སྟོད་སྨད་ཀྱི་ཁོངས་གཏོགས་ས་ཁུལ་སོ་སོར་ཡོད་པ་མ་རེད། སྔོན་བྱུང་ལོ་རྒྱུས་གཞིར་བཞག་བྱས་ན་གསེར་རྟ་དེ་མདོ་སྨད་ཨ་མདོའི་ཆར་གཏོགས་རེད། མདོ་སྨད་ནང་ཁུལ་ནས་ཀྱང་ཨ་མདོ་མགོ་ལོག་གི་ས་ཁུལ་ཞིག་རེད། འོན་ཀྱང་དེང་སྐབས་རྒྱ་དམར་སྲིད་གཞུང་གིས། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་དེ་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་བཅས་རང་སྐྱོང་ཁུལ་གསུམ་གྱི་ངོར་བཅད་བགོས་བྱས་ཡོད་པ་དང་། ཞིང་ཆེན་བྱས་ན། སི་ཁྲོན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ངོར་བཅད་བགོས་བྱས་ཡོད་པ་རེད། དེར་བརྟེན་གསེར་རྟ་ཚུལ་ཁྲིམས་ཁོ་རང་ཡང་བོད་ནས་བལ་ཡུལ་སྣེ་ལེན་ཁང་དུ་དང་པོ་འབྱོར་ཏེ། གསར་དུ་འབྱོར་ཐོ་རྒྱག་སྐབས་ངའི་ཕ་ཡུལ་མགོ་ལོག་ཡིན་རབས་སོགས་བྲིས་པར་མ་ཟད། ཕྱིས་སུ་ཡང་ང་ཐོག་མར་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་སྐབས་ཨ་མདོ་ཡིན་ཤག་བྱས་ནས་ཐོ་བརྒྱབ་པ་ཡིན། ཟེར་བ་སོགས་བྲིས་ཡོད་པ་རེད།
          དེ་རྗེས་ཁོང་རྒྱ་གར་དུ་འབྱོར་ནས་ལོ་ཤས་སོང་རྗེས་ཁོང་གིས་གསེར་རྟ་མདོ་སྨད་མིན་རབས་དང་། མགོ་ལོག་མིན་རབས་སོགས་འདྲ་མིན་བྲིས་ཏེ། མདོ་སྨད་མགོ་ལོག་གསེར་རྟའི་ལོ་རྒྱུས་རྫུན་བཟོ་བྱས་པ་རེད། དེ་རྗེས་ཁོང་རིམ་གྱིས་མདོ་སྟོད་ཀྱི་སྤྱི་འཐུས་འོས་ཁོངས་སུ་ཞུགས་པར་བརྟེན། དེ་འདྲ་བྱས་ན་ང་རང་ཚོའི་སྤྱི་ཚོགས་ནང་དོན་དག་མེད་ས་ནས་དཀའ་རྙོག་འདྲ་མིན་འབྱུང་ངེས་རེད། ཅེས་མདོ་སྨད་མང་ཚོགས་ནང་ནས་མི་གང་མང་ཞིག་དགོངས་ཚོམས་བྱུང་བར་མ་ཟད། ཁོང་ཚོས་ཕྲན་མདོ་སྨད་ཀྱི་སྤྱི་འཐུས་ནང་འོས་བླུགས་བྱུང་བར་བརྟེན། ད་ལྟ་ངེད་གཉིས་ཀ་མདོ་སྟོད་སྨད་ཀྱི་སྤྱི་འཐུས་ནང་སོ་སོར་སླེབས་སོང་བ་རེད། ཞུས་པ་ཡིན། སླར་ཡང་ཁོང་གིས་ཕྲན་ལ། དེ་འདྲ་ཡིན་ན། ཁྱེད་གཉིས་ཀ་མདོ་སྟོད་སྨད་སོ་སོའི་སྤྱི་འཐུས་ཀྱི་འོས་གཞིའི་ནང་སླེབས་ཡོང་བའི་སྐབས་དེར་ཁྱེད་གཉིས་སྒེར་གྱི་བར་ཕར་ཚུར་སྐད་ཆ་བཤད་རེས་དང་། གྲོས་བསྡུར་འདྲ་བོ་བྱེད་རྒྱུ་མ་བྱུང་ངམ། ཞེས་དྲིས་གནང་སོང་བར། བདག་གིས་ཁོང་ལ། སྐབས་དེར་ངེད་གཉིས་བར་སྐད་ཆ་མང་པོ་བཤད་རྒྱུ་བྱུང་ཡོད། འོན་ཀྱང་སྐབས་དེར་གསེར་རྟ་ཚུལ་ཁྲིམས་ཀྱིས་ང་ལ་ཚུར་སྐད་ཆ་མང་པོ་བཤད་ཀྱིན་མི་འདུག་ཀྱང་། ངས་ཕར་ཁོང་ལ་ཞལ་པར་ནང་ནས་གྲོས་བསྡུར་གྱིས་ང་ཚོའི་སྤྱི་ཚོགས་ནང་རྙོག་གླེང་རིགས་གང་ཡང་མི་འབྱུང་ཕྱིར་སྐབས་༡༤་བའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་ནས་ངེད་གཉིས་དགོངས་པ་ཞུས་ན་ཡག་པོ་ཡོད་ཚུལ་དང་། བཀའ་བློན་དང་། སྤྱི་འཐུས་ཀྱི་གོ་མིང་ཡོད་མེད་ལ་མ་ལྟོས་པར། བཙན་བྱོལ་ནང་བྱས་ཟིན་པ་ལས་ཀྱང་། ད་དུང་བྱེད་དགོས་པའི་ལས་དོན་གང་མང་ཞིག་ལྷག་ཡོད་ཕྱིར། དེ་དག་གི་ཆེད་རང་ནུས་གང་ཡོད་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་གལ་ཆེའི་སྐོར་དང་། མཐའ་གཅིག་ཏུ་སྤྱི་འཐུས་བྱེད་དགོས་དོན་མེད་རབས་སོགས་ལན་མང་འབོད་སྐུལ་ཞུས་པ་ཡིན། མཐར་ཕྱི་ལོ་༢༠༠༥་ལོའི་ཟླ་༡༡་པའི་ཚེས་༡༢་ཉིན་གྱི་དགོང་མོ་དེར། སླར་ཡང་བདག་གིས་གསེར་རྟ་ཚུལ་ཁྲིམས་ལ་ཞལ་པར་བརྒྱུད་དེའི་སྐོར་བསྐྱར་བཤད་ནན་བཤད་བྱས་པར། ཁོང་གིས་ཕྲན་ལ་དངོས་གནས་བྱས་ན་ཁྱེད་ཀྱིས་མདོ་སྨད་སྤྱི་འཐུས་ཀྱི་འོས་གཞི་ནས་དགོངས་པ་ཞུས་ན་ཡག་པོ་ཡོད་པ་རེད། ཕ་ཡུལ་གཅིག་པའི་གསེར་རྟ་བ་དང༌། མདོ་སྨད་པ་སོགས་སུ་ཞིག་གིས་ཁྱོད་ལ་དགོངས་པ་མ་ཞུ། ཞེས་བཤད་ཀྱང་། དེ་ཚོ་ལ་ཁྱོད་ཀྱིས་ཉན་དགོས་དོན་གང་ཡང་ཡོད་པ་མ་རེད། ཁྱེད་རང་ནི་གྲྭ་བ་རེད། མ་ཟད་ད་བར་གདན་ས། གྲྭ་ཚང་ཁག་ཏུ་སློབ་གཉེར་ཡག་པོ་བྱས་ཡོད་པ་རེད། ད་དུང་མུ་མཐུད་ནས་སློབ་གཉེར་བྱེད་བཞིན་པར་བརྟེན། མ་འོངས་པར་ཁྱོད་ལ་ལམ་ཁ་ཡག་པོ་གང་མང་ཡོད་ཡོད་པ་རེད། ང་ནི་གྲྭ་བ་ནི་ལོག་ཚར་བ་རེད། ཅུང་ཟད་རེ་ཡིན་ཡང་ཡར་ཏོག་ཙམ་འགྲོ་ཨེ་ཐུབ་བསམ་བཞིན་འདུག་ཀྱང་། ད་འདི་འདྲ་བྱས་ནས་ཡར་འགྲོ་ཐབས་ཨེ་ཐོན་ལྟ་རྒྱུ་ལས་ཐབས་ཤེས་གཞན་ཅི་ཡང་མི་འདུག་སོགས་ཨུ་ཐུག་ཐབས་ཟད་ཀྱི་སྐད་ཆ་གང་མང་བཤད་བྱུང༌བས། ངེད་གཉིས་དགོངས་པ་ཞུ་རྒྱུ་དེ། ཕྲན་གྱི་བསམ་དོན་ལྟར་མ་འགྲུབ་པ་རེད།
         དེར་བརྟེན་ཕྲན་གྱིས་ཕ་ཡུལ་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་སྔོན་བྱུང་ལོ་རྒྱུས་སོགས་ལ་བསམ་ཚེ་སྐབས་དེར་ཕྲན་རང་ཉིད་གཅིག་པུར་དགོངས་པ་ཞུ་བདེ་མ་བྱུང་ཡང༌། དེ་སྔོན་མདོ་སྨད་ཡིན་པ་རྩོད་མེད་ཀྱི་ལུང་ཚན་བྱེ་བྲག་པ་ཞིག་ད་ལྟ་གསར་དུ་དོན་དག་མེད་ས་ནས་ཆོལ་ཁའི་བར་གྱི་རྩོད་རྙོག་འདྲ་བོ་ཆགས་སྐབས། དེའི་གོ་སྐབས་འཛིན་པའི་བཟོ་འདྲ་ཞིག་བྱས་ཏེ། ལུང་ཚན་དེའི་ངེད་ཅག་མི་གཉིས་ཆོལ་ཁ་མི་འདྲ་བ་གཉིས་ཀྱི་སྤྱི་འཐུས་ཀྱི་འོས་གཞིའི་ནང་གསར་དུ་ལངས་བྱུང་བ་དེ་ནི་གང་ཟག་ངེད་གཉིས་ཀྱིས་ཞབས་འདྲེན་ཚབས་ཆེན་ཞུས་པ་ཞིག་ཡིན་སྐོར་ཕྲན་གྱིས་གསེར་རྟ་ཚུལ་ཁྲིམས་ལ་ནན་བཤད་ཞུས་ཀྱང་། ཁོང་གིས་དེ་ལ་ཉེན་ཁ་ཅི་ཡང་ཡོད་པ་མ་རེད། ཟེར་བ་ཙམ་ལས་གསན་འཇོག་རྩ་བ་ནས་གནང་མ་བྱུང་། ཞེས་ཞུས་པ་ཡིན། སླར་ཡང་ཁོང་གིས་བདག་ལ། གསེར་རྟ་ཚུལ་ཁྲིམས་དང་ཁྱོད་གཉིས་ཕ་ཡུལ་ན་ཡོད་སྐབས་ཕར་ཚུར་ངོ་ཤེས་ཀྱིན་ཡོད་དམ། ཞེས་བཀའ་འདྲི་གནང་བྱུང་བར། ངས་ཁོང་ལ། ངེད་གཉིས་རྒྱ་གར་དུ་འབྱོར་རྗེས་ངོ་ཤེས་པ་མ་གཏོགས། ཕ་ཡུལ་ན་ཡོད་སྐབས་ངོ་མི་ཤེས། རྒྱ་གར་དུ་འབྱོར་རྗེས་གསར་དུ་ཕར་ཚུར་ངོ་ཤེས་པ་རེད། དེ་ཡང་ཕྱི་ལོ་༡༩༩༨་ལོར་<<འཛམ་གླིང་ཐུབ་པའི་རྒྱལ་ཚབ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་མཆོག་བཅུ་བཞི་བ་ཆེན་པོའི་ཕྱི་ནང་གསང་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ནས་ཚུར་མཐོང་གི་སྣང་ཚུལ་ལས་ཆེ་ལོང་ཙམ་བསྟོད་པ་སྐལ་བཟང་དད་པའི་རོལ་མཚོ།>> ཞེས་པའི་རྩོམ་ཡིག་ཅིག་བདག་གིས་བྲིས་ནས་༡༩༩༩་ལོའི་སྐུའི་འཁྲུངས་སྐལ་དུས་ཆེན་སྐབས་ཀྱི་བོད་གཞུང་ཤེས་བྱ་དུས་དེབ་ནང་བཏོན་པ་ཡིན། གསེར་རྟ་ཚུལ་ཁྲིམས་ཀྱིས་ཤེས་བྱ་དུས་དེབ་ནང་གི་ངའི་རྩོམ་ཡིག་དེ་མཐོང་ནས་ཁོས་ང་རྩད་གཅོད་བྱས་ཏེ། ཕྱི་དྲིལ་ལས་ཁུངས་ནས་ངའི་ཁ་བྱང་ཁོ་ལ་ཐོབ་འདུག དེ་ནས་ཁོས་ང་ལ་ཡིག་འབྲེལ་བྱས་ཏེ། ངེད་གཉིས་ཕ་ཡུལ་གཅིག་པ་ཡིན་རབས་སོགས་ང་ལ་ཡིག་འབྲེལ་བྱས་བྱུང་། དེ་ནས་ངེད་གཉིས་གསར་དུ་ངོ་ཤེས་པ་མ་གཏོགས། དེའི་སྔོན་ཕར་ཚུར་ངོ་མི་ཤེས་ཞེས་བཤད་པ་ཡིན།
སླར་ཡང་ཁོང་གིས་བདག་ལ་ཨ་ལེ། ད་ལྟ་ཁྱེད་གཉིས་ཕར་ཚུར་ནང་ལ་འགྲོ་རེས་སོགས་འབྲེལ་བ་ཡོད་དམ། ཁྱེད་གཉིས་དངོས་གནས་ཕ་ཡུལ་གཅིག་པ་རང་རེད་འདུག ཁྱེད་རང་གཉིས་ཀྱི་བར་ཕར་ཚུར་འབྲེལ་བ་ཡོད་ན་ཡག་པོ་འདུག་ག ཅེས་གསུངས་བྱུང་བར། ངས་ཁོང་ལ། སྐུ་ངོ་ལགས། གསེར་རྟ་ཚུལ་ཁྲིམས་ཟེར་བ་དེ་ལ་ཆ་རྒྱུས་ཡོད་ཀྱིན་ཡོད་ཀྱིན། གསེར་རྟ་ཚུལ་ཁྲིམས་ནི་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་མཁན་ཞིག་དང་། དྲིན་ལན་ལོག་འཇལ་བྱེད་མཁན་གྱི་མི་མགོ་བདེ་པོ་ཞིག་རེད་འདུག ཕ་ཡུལ་གཅིག་པ་ཡིན་མིན་ལ་ལྟོས་པ་མེད་པར་མི་མགོ་བདེ་དེའི་རིགས་ལ་བདག་གིས་འབྲེལ་བ་བྱེད་སྙིང་སྤྲོ་གིན་མི་འདུག ཞུས་པར། སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས། ཧེ་ཧེ་ཧེ་ཧེ་ཧེ། གསེར་རྟ་ཚུལ་ཁྲིམས་ཁོང་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་མཁན་དང་། དྲིན་ལན་ལོག་འཇལ་བྱེད་མཁན་དེ་འདྲའི་སྡུག་ཅག་རང་ཅང་ཨེ་ཡིན་ནམ། ཧེ་ཧེ་ཧེ་ཧེ་ཧེ། གང་ལྟར་ངས་བལྟས་ན་ཁྱེད་གཉིས་ཕ་ཡུལ་གཅིག་པ་ཡིན་ཙང་། ཁྱེད་གཉིས་ཀྱི་བར་ལ་ཕར་ཚུར་འཆམས་མཐུན་དང་འབྲེལ་བ་ཡག་པོ་ཡོད་དགོས་པ་དེ་ཧ་ཅང་གལ་ཆེན་རེད་སྙམ། དེའི་ཕྱོགས་ལ་རྗེས་མ་ག་ལེར་དགོངས་པ་བཞེས་གནོངས་དང་། ཞེས་གསུངས་བྱུང་། དེ་འདྲ་ཞིག་ནས་ངེད་གཉིས་ཀྱིས་ཞལ་ལག་མཆོད་ཟིན་པར་མ་ཟད། ངེད་གཉིས་ཀ་སོ་སོར་འགྲོ་རན་སོང་བར་བརྟེན། ཕྱིན་པ་ཡིན།
ང༽   ངས་བསྒྲུབས་མ་ཐུབ་པའི་སེམས་གཏིང་གི་གནད་དོན།
          གོང་དུ་བཤད་པ་ལྟར། བདག་གིས་གསེར་རྟ་ཚུལ་ཁྲིམས་ཀྱི་སྐོར་དྲང་པོ་དྲང་བཞག་གི་གནས་ཚུལ་ཞིག་སྐུ་ངོ་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་ཞུས་ཀྱང་། ཁོང་གིས། ཧེ་ཧེ་ཧེ་ཧེ་ཧེ། གསེར་རྟ་ཚུལ་ཁྲིམས་ཁོང་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་མཁན་དང་། དྲིན་ལན་ལོག་འཇལ་བྱེད་མཁན་སྡུག་ཅག་དེ་འདྲ་རང་ཅང་ཨེ་ཡིན་ནམ། ཞེས་སྐུ་ངོ་མཆོག་གིས་ཕལ་ཆེར་གསེར་རྟ་ཚུལ་ཁྲིམས་ལ་ཡིད་ཆེས་དང་། རྒྱབ་སྐྱོར་ཡོད་པ་ལྟ་བུའི་རྣམ་འགྱུར་ཞིག་སྟོན་བཞིན་འདུག་པས། དེ་ནི་བདག་གི་སེམས་གཏིང་ནས་ནམ་ཡང་བརྗེད་ཐབས་མེད་པ་འདྲ་ཞིག་ཏུ་གྱུར་ཏེ། གསེར་རྟ་ཚུལ་ཁྲིམས་དེ་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་མཁན་དང་། དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་ཡིན་པ་འདིའི་སྐོར་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལ་ར་སྤྲོད་གསལ་པོ་འབྱུང་ཐབས་སུ་ཐབས་ཤེས་གང་དྲག་སྙམ་ནས་ཡུན་རིང་ཕྱིན་ཀྱང་། བདག་གིས་དམིགས་བསལ་ཐབས་ཤེས་གང་ཡང་མ་རྙེད་པ་རེད།
ཅ༽ ངས་ར་སྤྲོད་བྱེད་མ་ནུས་པ་དེ་བང་ཚུལ་གྱིས་ར་སྤྲོད་བྱས་པ།
         འོན་ཀྱང་ཕྱི་ལོ་༢༠༢༡་ལོའི་ཟླ་༡༠་པའི་ནང་སྐབས་༡༧་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་ད་ལྟའི་དཔལ་ལྡན་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གིས་བཀའ་བློན་གྱི་འོས་གཞིར་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ཁྱབ་བསྒྲགས་གནང་སོང་བ་དང་། དེ་མ་ཐག་གསེར་རྟ་ཚུལ་ཁྲིམས་(བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱི་མིང་ལ་བདག་གིས་དེ་སྔོན་ནས་བང་ཚུལ་ཞེས་བརྗོད་བཞིན་ཡོད་པས། འདི་མན་ཆད་ནས་བང་ཚུལ་ཞེས་བརྗོད་རྒྱུ་ཡིན།)ཡར་ལངས་ནས། མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་ཏེ། སྐུ་ངོ་དངོས་གྲུབ་རྡོ་རྗེ་ལ་དྲིན་ལན་ལོག་འཇལ་གྱི་ངོ་རྒོལ་བྱེད་བཞིན་པ་དེའི་སྐོར་ཕྲན་གྱིས་བརྙན་ལམ་ནས་མཇལ་སྐབས། ང་ནི་དངོས་གནས་དབང་མེད་དུ་གད་མོ་མི་འཆོར་ཐབས་མེད་དུ་གྱུང་སོང་། གང་ཡིན་ཟེར་ན། བང་ཚུལ་ནི་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་མཁན་དང་། དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་ཡིན་པ་འདིའི་སྐོར་སྐུ་ངོ་དངོས་གྲུབ་རྡོ་རྗེ་ཁོང་ལ་ར་སྤྲོད་གསལ་བོ་ཞིག་འབྱུང་རྒྱུ་དེ་ནི་ངའི་སེམས་གཏིང་གི་ཡུན་རིང་གི་རེ་འདོད་ཆེ་ཤོས་ཤིག་ཡིན་ཡང་། བདག་རང་ངོས་ནས་ད་བར་དོན་དེ་ལེགས་འགྲུབས་མ་བྱུང་ཡང་། དེ་རིང་བང་ཚུལ་ཁོང་རང་ངོས་ནས། རང་ཉིད་ནི་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་མཁན་དང་། དྲིན་ལན་ལོག་འཇལ་ཞུ་མཁན་ཞིག་ཡིན་པ་ར་སྤྲོད་བྱས་བྱུང་བར་མ་ཟད། ར་སྤྲོད་བྱེད་ཡུལ་དེ་ཡང་ངའི་རེ་འདོད་ཉག་གཅིག་ལྟར། སྐུ་ངོ་དངོས་གྲུབ་རྡོ་རྗེ་ཡིན་པར་བརྟེན། ཁོང་ལ་ལོ་ངོ་༡༥་ཙམ་གྱི་ཡར་སྔོན་དུ་བདག་གིས་དྲང་བཤད་ཞུས་པའི་བདེན་དོན་དེ། ལོ་ངོ་༡༥་ལྷག་ཕྱིན་རྗེས་ཀྱི་ཉིན་འདིར་བདེན་པ་བདེན་སར་འཁྱོལ་ཏེ། སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ཁོང་རང་སྟེང་ལ་བང་ཚུལ་རང་ཉིད་ཀྱིས་ར་སྤྲོད་གསལ་བོ་ཞིག་ཞུས་པ་ཡིན་པས། ང་ནི་དབང་མེད་དུ་གད་མོ་འཆོར་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡང་འདི་རེད།
ཆ༽    དྲིན་ལན་ལོག་འཇལ་ཞུ་བཞིན་པའི་ཚོར་སྣང་སྐྱུར་མོ།
         དེ་རྗེས་ཡང་བསྐྱར་བདག་ལ་བསམ་བློ་གཞན་ཞིག་འཁོར་བྱུང་བ་ནི། ཨ་ཙི་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལྟ་བུའི་ཤེས་འཇོན་ལྷག་བསམ། སྤྱི་ཚོགས་ཀྱི་ཉམས་མྱོང་ལྡན་ཞིང་། ལྷག་པར་ད་བར་ཐེག་པ་རིམ་འཛེགས་ཀྱིས་བོད་གཞུང་མང་ལ་ཞབས་འདེགས་སྒྲུབ་གནང་ནས་མི་ལོ་༤༠་ལྷག་འགྲོ་བཞིན་པའི་གཞུང་ཞབས་རྒན་གྲས་གལ་ཆེའི་མི་སྣ་འདི་རིགས་ལ་ནི་ང་ཚོས་སེམས་གཏིང་ནས་བཀའ་དྲིན་རྗེ་དྲན་དང་གུས་འདུད་བཅས་རྒྱབ་སྐྱོར་ཞུ་འོས་པ་ལས། མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་ཏེ། མ་ཉེས་ཁག་གཡོགས་ཀྱིས། དྲིན་ལན་ལོག་འཇལ་ཞུ་བཞིན་པ་འདི་རིགས་ནི་ལས་རྒྱུ་འབྲས་དང་རྒྱབ་འགལ་གྱི་ཧ་ཅང་གི་གནས་ཚུལ་ཐབས་རྡུགས་རེད། སྙམ་ཚེ་སྔོན་མའི་གད་མོ་འཆོར་བཞིན་པ་དེ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་ཏེ། གནམ་གཤིས་ལ་འགྱུར་བ་ཐེབས་པ་ལྟར་གྱུར་སོང་།
ཇ༽   ཉེས་འཛུགས་བྱས་པ་དེར་ཁུངས་ལུང་མེད་པ་མདོར་བསྟན་པ།
            སྐབས་དེར་བང་ཚུལ་གྱིས་གྲོས་ཚོགས་ནང་སྐུ་ངོ་དངོས་གྲུབ་རྡོ་རྗེའི་གསུང་ཞིག་ལུང་དྲངས་ཏེ། ཁྱོད་ལ་ནོར་འཁྲུལ་འདི་འདྲ་ཡོད་རེད། ཅེས་དགག་རྒྱག་དང་ངོ་རྒོལ་བྱས་སོང་མོད། དངོས་གནས་བྱས་ན། དེའི་ཕྱོགས་ནས་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་ནོར་འཁྲུལ་གང་ཡང་མེད་པར་མ་ཟད། ཁོང་གིས་དེ་སྔོན་དྲ་ཚོམས་དེའི་ནང་གསུང་བཤད་གནང་སྐབས་ཁོང་གཞུང་གི་གལ་ཆེའི་ལས་གནས་སུ་ཡོད་ན་དེ་དང་འབྲེལ་ནས་སྒེར་གྱི་དྲ་ཚོམས་འདྲ་མིན་ནང་གསུང་བཤད་གནང་རྒྱུ་དེ་སྟབས་བདེ་མིན་ཡོད་ཀྱང་། སྐབས་དེར་ཁོང་ལ་དམིགས་བསལ་གཞུང་གི་ལས་གནས་གང་ཡང་མེད་པར། ལས་འཁྱུར་ཟིན་པའི་དུས་ཚོད་ཡིན་པས། སྐབས་དེར་ཁོང་ནི་མང་ཚོགས་ཕལ་བ་ཞིག་གནང་ནས་སྤྱི་ཚོགས་ནང་བཞུགས་ཡོད་པ་དང་གཅིག སྐབས་དེར་སྐུ་ངོ་མཆོག་གི་གསུང་བཤད་དེ་ནི་སྤྱི་སེམས་དང་ཕན་སེམས་ཀྱིས། སྤྱི་ཚོགས་དྲ་ལམ་དུ་རང་ཉིད་ཀྱི་དགོངས་འཆར་ལྷུགས་པོར་གསུངས་པ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན་པ་དང་གཉིས། ཁོང་གི་གསུང་བཤད་དེ་ལ་ནི་རྒྱུ་མཚན་ཡང་དག་ཡོད་པ་དང་གསུམ། དེ་འདྲ་བའི་གསུང་བཤད་གནང་རྒྱུ་དེ་ནི་ཁོང་རང་ཉིད་ཀྱི་འོས་འཚལས་ཀྱི་ཐོབ་ཐང་དང་ཁྲིམས་མཐུན་ཁོ་ན་ཡིན་པ་དང་བཞི་ལ་བརྟེན། སྐབས་དེའི་སྐུ་ངོ་མཆོག་གི་གསུང་བཤད་དེ་ལ་སྐྱོན་ཆ་སྤུ་ཙམ་ཡང་མེད་ངེས་རེད།
ཉ༽   ཉེས་འཛུགས་བྱས་པ་དེར་ཁུངས་ལུང་མེད་པ་རྒྱས་པར་བཤད་པ།
           དེ་ཡང་བང་ཚུལ་གྱིས་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་ཉེས་འཛུགས་བྱས་པ་དེར་ཁུངས་ལུངས་གང་ཡང་མེད་པའི་སྐོར་འདིར་གསལ་བོར་ཞུས་ན། <<བཙན་བྱོལ་བོད་མིའི་བཅའ་ཁྲིམས།>>ཀྱི་དོན་ཚན་བཞི་བཅུ་པའི་ནང་། “དོན་ཚན་བཞི་བཅུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ། འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང་། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་ བསྐོང་བརྡ་ཁྱབ་གཏོང་རྒྱུ་དང་། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།” ཞེས་བཅའ་ཁྲིམས་ནང་དངོས་སུ་གསལ་ཡོད་བཞིན་དུ་ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༣་པའི་ཚོགས་འདུ་དེ་གྲོལ་རྗེས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་འཛུགས་མ་ཞུས་པར། སྐབས་དེེའི་སྤྱི་འཐུས་ཚོགས་གཙོ་སྦྲེལ་བོས་གཙོས་སྤྱི་འཐུས་རྒྱུན་ལས་ཀྱིས། རྒྱ་ནད་ལ་ཁ་གཡར་ཏེ། བཅའ་ཁྲིམས་རིན་པོ་ཆེ་སྣང་མེད་དུ་བཞག་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ཚོས་ཐུགས་ཀྱིས་མ་བཟོད་པར། ཚོགས་འདུ་སྔོན་མ་གྲོལ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་འཛུགས་ཞུ་རྒྱུ་དེ་བཅའ་ཁྲིམས་རིན་པོ་ཆེའི་དགོངས་པ་ཡིན་སྐོར་དང་། གལ་ཏེ་དེ་ལྟར་ཚོགས་འདུ་མ་འཚོགས་ན་བཅའ་ཁྲིམས་དང་རྒྱབ་འགལ་ཡིན་སྐོར་སོགས་དང་། གལ་ཏེ་ནད་ཡམས་དབང་གིས་ཚོགས་འདུ་དངོས་སུ་བསྡུ་བསྐོང་བྱ་རྒྱུ་སྟབས་བདེ་མེད་ན། དྲ་ཐོག་ཏུ་ཚོགས་འདུ་འཚོགས་ན་དེས་ཀྱང་འཐུས་རབས་དང་། དེ་ཡང་མ་བྱུང་ན་ཁྲིམས་སྒྲིག་གི་དགོངས་དོན་ལྟར། སྤྱི་འཐུས་ཡོངས་རྫོགས་ལ་ཚོགས་བརྡ་ཞིག་ཕུལ་ཏེ། ཚོགས་འདུ་དབུ་འཛུགས་ཀྱི་ཉིན་དེར་མ་མཐའ་ཡང་རྡ་རམ་ས་ལའི་གཡས་གཡོན་གྱི་སྤྱི་འཐུས་རྣམས་ཚོགས་ཁང་དུ་འཛོམས་རྒྱུ་དང་། སྐབས་དེར་ཚོགས་འདུའི་གྲུབ་ཆ་མ་ལོངས་ཀྱང་། དེའི་སྐོར་ཚོགས་གཙོས་གསུང་བཤད་ཅིག་གནང་རྗེས་ཚོགས་འདུ་གྲོལ་སོང་ཡང་། ཚོགས་འདུ་མ་འཚོགས་པ་དང་མི་འདྲ་བར། དེ་ཙམ་གྱིས་ཀྱང་འཐུས་ངེས་ཡོད་སྐོར་སོགས་ལམ་སྟོན་ཇི་ལྟར་ཞུས་ཀྱང་། ཚོགས་གཙོ་སྦྲེལ་བོས་དབུས་སྤྱི་འཐུས་རྒྱུན་ལས་ཚོས་གསན་འཇོགས་ཡེ་ནས་མ་གནང་བར། བཅའ་ཁྲིམས་རིན་པོ་ཆེ་རྩིས་མེད་རྡོག་རོལ་བཏང་སྟེ། ༢༠༢༠་ལོའི་ཕྱི་ཟླ་༩་པའི་གྲོས་ཚོགས་མ་འཚོགས་པར་ཁྲིམས་འགལ་བྱས་པར་བརྟེན། དེའི་ཉེས་ཆད་དུ་སྐབས་དེའི་སྤྱི་འཐུས་རྒྱུན་ལས་ཚོས་སྐབས་༡༧་པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་བླུགས་མི་ཆོག་པར། སྔོན་འགྲོའི་འོས་ཤོག་སྐབས་ཁོ་ཚོའི་འདེམས་བྱེད་ཀྱི་ཐོབ་ཐང་གཅིག་པུ་དེ་ཕྲོགས་རྒྱུར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་བར། དེའི་ན་ཚ་སྤྱི་འཐུས་རྒྱུན་ལས་རྣམ་པས་མ་བཟོད་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འཁོན་ལན་སློག་ཆེད་དུ་དམིགས་ཏེ། ཕྱི་ལོ་༢༠༢༡་ལོའི་ཕྱི་ཟླ་༣་པའི་ནང་སྐབས་༡༦་པའི་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་ཐེངས་མཐའ་མའི་སྐབས་ཀྱི་ཕྱི་ཚེས་༢༥་ཉིན་སྤྱི་འཐུས་གྲོས་ཚོགས་འཚོགས་ཏེ། ཉིན་དེའི་ཚོགས་འདུའི་ལས་རིམ་ནང་གསལ་ལྟར། སྔར་རྒྱུན་བཞིན་ལས་རིམ་འགྲོ་བཞིན་པའི་སྐབས་དེར། ཞོགས་པར་ཉིན་དེའི་ཚོགས་འདུའི་ལས་རིམ་གྱི་ཡིག་ཆ་གྲོས་ཚོགས་ཀྱི་འཐུས་མི་ཚོར་བཀྲམས་ཟིན་པའི་ནང་ཟུར་ཙམ་ཡང་མི་གསལ་བའི་(གྲོས་འཆར་ཨང་༣༩་པ།)ཟེར་བའི་སྤྱི་འཐུས་རྒྱུན་ལས་ཀྱི་ཡིག་ཆ་གསར་བ་ཞིག་གྲོས་ཚོགས་ནང་གློ་བུར་དུ་བཀྲམས་ཏེ། ཆེས་མཐོའི་ཁྲིམས་ཞིབ་ཁང་སྤྱི་འཐུས་ལྷན་ཚོགས་ལ་མ་དྲང་ཚུལ་སོགས་འགྲེལ་བརྗོད་སྣ་ཚོགས་ཀྱིས་ཕྱོགས་བཞུགས་སྤྱི་འཐུས་གང་མང་ཞིག་དབུ་སྐོར་བཏང་བ་ལྟ་བུའི་གནས་སྟངས་འོག་ནས་ཁྲིམས་འགལ་གྱི་སྒོ་ནས་བྲེལ་ཚུབ་ངང་སྤྱི་འཐུས་ཕལ་ཆེ་བ་ཞིག་ལ་དེའི་ཐོག་དགོངས་འཆར་ཡང་ལྷུགས་བརྗོད་གནང་མ་བཅུག་པར་དུས་ཐུང་ནང་གསང་བའི་འོས་ཤོག་བླུགས་ཏེ། ཁྲིམས་དཔོན་ཚོ་གནས་དབྱུང་གཏང་དགོས་ཟེར་མཁན་སྤྱི་འཐུས་༣༡་བྱུང་ཚུལ་དང་། སྤྱི་འཐུས་ངོ་ཡོད་སུམ་ཆ་གཉིས་ཀྱིས་གསང་བའི་འོས་ཤོག་འཕངས་པའི་ལམ་ནས། དེ་རིང་ནས་ཁྲིམས་དཔོན་རྣམས་གནས་དབྱུང་བཏང་སྐོར་གྲོས་ཚོགས་ནང་ཁྱབ་བསྒྲགས་བྱས་འཕྲལ། ཁྲིམས་དཔོན་རྣམ་པས་ཀྱང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། ཁོང་ཚོས་ད་བར་ཁྲིམས་འགལ་སྣེ་གཅིག་ཞུས་མེད་ལ། ཁོང་ཚོར་ནག་ཉེས་སྤུ་ཙམ་མེད་ཀྱང་། སྤྱི་འཐུས་གྲོས་ཚོགས་ལ་གུས་ཞབས་མཚོན་བྱེད་དུ་ལས་བཤོལ་ཞུ་རྒྱུ་ཡིན་སྐོར་གསུངས་ཏེ། ལས་བཤོལ་གནང་། འོན་ཀྱང་དེ་མ་ཐག་སྤྱི་ཚོགས་ནང་གི་ཁྲིམས་དཔོན་ཟུར་བ་དང་། བཀའ་ཁྲི་ཟུར་བ་དང་། བཀའ་བློན་ཟུར་བ། སྤྱི་འཐུས་ཟུར་བ་སོགས་ཀྱིས་གཙོས་སྤྱི་ཚོགས་ལ་དོ་ཁུར་ཅན་གྱི་མང་ཚོགས་ཆེས་མང་པོས། གྲོས་ཚོགས་ཀྱི་གནང་སྟངས་དེ་ཁྲིམས་འགལ་ཁོ་ན་ཡིན་ཚུལ་དང་། ཆེས་མཐོའི་ཁྲིམས་དཔོན་རྣམ་པས་མུ་མཐུད་འགན་བཞེས་དགོས་པའི་གསོལ་འདེབས་ཞུ་མཁན་གང་མང་བྱུང་དང་འབྱུང་བཞིན་པའི་མུར། མང་ཚོགས་དཀྱུས་མའི་ནང་ནས་ཀྱང་ཁྲིམས་དཔོན་རྣམས་ཕར་ཕེབས་ཏེ། སྔར་རྒྱུན་བཞིན་ཐུགས་འགན་བཞེས་དགོས་སྐོར་རེ་འབོད་ཞུ་མཁན་ཉིན་ལྟར་ཇེ་མང་ནས་ཇེ་མང་དུ་གྱུར། ལྷག་ཏུ་སྐབས་༡༦་པའི་སྤྱི་འཐུས་ལས་ཐོག་པ་ཉི་ཤུ་རྩ་གྲངས་ཤིག་གིས་ཆེས་མཐོའི་ཁྲིམས་དཔོན་རྣམས་ལ་ཁྱེད་རྣམས་ཡར་ཕེབས་ཏེ། སྔོན་མ་ལྟར་མུ་མཐུད་ཕྱག་ལས་གནང་དགོས་པའི་མཚན་འཁོད་སྙན་ཞུ་དངོས་སུ་ཁྲིམས་དཔོན་རྣམས་ལ་ཕུལ་བར་བརྟེན། དེའི་སྔོན་སྤྱི་འཐུས་༣༡་སྟེ། ངོ་ཡོད་སུམ་ཆ་གཉིས་ཀྱིས་ཁྲིམས་དཔོན་རྣམས་གནས་དབྱུང་བཏང་སྐོར་གྲོས་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྤྱི་འཐུས་ཀྱི་གྲངས་ཀ་དེ་ཡང་ཡིད་བརྟན་མེད་པ་ཞིག་ཏུ་གྱུར།
        འོན་ཀྱང་རྒྱ་ཆེའི་མང་ཚོགས་ཀྱིས་སྲིད་སྐྱོང་དང་སྐབས་༡༧་པའི་སྤྱི་འཐུས་བཅས་དངོས་གཞིའི་འོས་འདེམས་ལེགས་པར་གྲུབ་ཀྱང། སྲིད་སྐྱོང་གིས་ཆེས་མཐོའི་ཁྲིམས་དཔོན་གྱི་སྐུ་མདུན་དུ་དམ་འབུལ་ཞུ་དགོས་པ་དང་། སྤྱི་འཐུས་བར་བརྒལ་ཚོགས་གཙོས་ཀྱང་ཁྲིམས་དཔོན་གྱི་མདུན་དུ་དམ་འབུལ་ཞུས་རྗེས། སྤྱི་འཐུས་གཞན་རྣམས་ཀྱིས་བར་བརྒལ་ཚོགས་གཙོའི་མདུན་དུ་དམ་འབུལ་ཞུ་དགོས་པ་སོགས་ཁྲིམས་སྒྲིག་གི་འབྲུ་དོན་ཡིན་ཀྱང་། དེའི་སྔོན་ནས་སྐབས་༡༦་པའི་སྤྱི་འཐུས་ཚོས་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཆ་ཚང་ལག་བསྟར་མ་བཏབ་པར། ཁྲིམས་འགལ་གྱི་སྒོ་ནས་རང་གཞུང་གི་ཁྲིམས་དཔོན་རྣམས་ནི་གནས་དབྱུང་བཏང་ཟིན་པ་དང་། ཁྲིམས་དཔོན་གསར་བར་ཕེབས་མཁན་གྱི་འོས་མི་ཙམ་ཡང་མ་རྙེད་པར་བརྟེན། སྲིད་སྐྱོང་དང་སྤྱི་འཐུས་ཚོས་དམ་འབུལ་ཞུ་ས་མེད་པའི་ཆེས་དཀའ་ངལ་ཛ་དྲག་གི་སྐབས་དེར། སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་སྤྱི་ཚོགས་དྲ་ཚོམས་ཤིག་གི་ནང་དུ་གསུང་བཤད་གནང་བ་རེད། གསུང་བཤད་ཀྱི་ནང་དོན་མདོར་བསྡུས་ན། ཁོང་གིས་ད་ང་ཚོ་ད་ལྟའི་དཀའ་ངལ་འདི་ལས་གྲོལ་ཐབས་སུ་ཁྲིམས་དཔོན་རྣམ་པ་ཡར་གདན་འདྲེན་ཞུ་རྒྱུ་དེ་ཐབས་ལམ་ཡག་ཤོས་ཡིན་སྐོར་དང་། དེ་སྔོན་སྐབས་༡༦་པའི་སྤྱི་འཐུས་ཀྱིས་ཁྲིམས་དཔོན་རྣམས་མ་ཉེས་ཁག་གཡོགས་ཀྱིས་གནས་དབྱུང་བཏང་བ་ཙམ་ལས། དངོས་གནས་བྱས་ན་ཁོང་ཚོར་ཉེས་པ་སྤུ་རྩེ་ཙམ་ཡང་མེད་སྐོར་དང་། ད་ལྟ་རང་རེ་ཚང་མས་ཁྲིམས་དཔོན་རྣམས་ཡར་ཕེབས་རོགས་ཞེས་ཁོང་ཚོར་གསོལ་འདེབས་ཞུས་ཏེ། ཁོང་ཚོ་ཡར་གདན་འདྲེན་ཞུ་ཐུབ་སོང་ན་སྲིད་སྐྱོང་དང་སྤྱི་འཐུས་བཅས་ཀྱི་དམ་འབུལ་ལེགས་འགྲུབ་འབྱུང་ངེས་ཡིན་པས། དེ་ནི་ད་ལྟའི་བོད་གཞུང་མང་གི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ཡག་ཤོས་ཡིན་རབས་སོགས་གསུངས་པའི་སྒྲ་སྒམ་ཞིག་སྐབས་དེར་སྤྱི་ཚོགས་དྲ་ལམ་དུ་ཁྱབ་བཞིན་པ་དེའི་ནང་གི་སྐུ་ངོ་དངོས་གྲུབ་རྡོ་རྗེའི་གསུང་བཤད་རྣམས་བང་ཚུལ་གྱི་ཤ་ཟིན་སྤུ་ཟིན་ཞིག་མར་ཕབ་བཤུས་ཞུས་ཏེ། གྲོས་ཚོགས་ནང་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལ་ཁྱོད་ཀྱིས་སྤྱི་ཚོགས་དྲ་ལམ་དུ་སྐད་ཆ་འདི་འདྲ་བཤད་འདུག་པ་འདི་ནི། ཁྱོད་ཀྱི་ནོར་འཁྲུལ་ཚབས་ཆེན་ཡིན་རབས་བཤད་དེ། བང་ཚུལ་གྱིས་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་ནས། དྲིན་ལན་ལོག་འཇལ་གྱིས་དགག་རྒྱག་དང་ངོ་རྒོལ་བྱས་ཏེ། སྐབས་དེའི་ལམ་རིམ་ལམ་དུ་འགྲོ་མ་བཅུག་པ་རེད།
འོན་ཀྱང་གོང་ཞུས་ལྟར། སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་སྤྱི་ཚོགས་དྲ་ལམ་དུ་ནོར་འཁྲུལ་ཅན་གྱི་གསུང་བཤད་ཅི་ཡང་གནང་མེད་ཀྱང་། ཁྱོད་ཀྱིས་ནོར་འཁྲུལ་ཚབས་ཆེན་བྱས་འདུག ཅེས་སོགས་ཟེར་བ་དེ་ནི། སྐུ་ངོ་དངོས་གྲུབ་རྡོ་རྗེ་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་པའམ། མ་ཉེས་ཁག་གཡོགས་རང་རེད། དེ་བཞིན་ལོ་ངོ་༡༥་ཙམ་གྱི་ཡར་སྔོན་དུ་བདག་གིས་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལ་བང་ཚུལ་གྱི་སྐོར་འགྲེལ་བཤད་ཞུས་པར། སྐུ་ངོ་དངོས་གྲུབ་རྡོ་རྗེས་དེ་ཙམ་དང་ལེན་མ་གནང་བ་དེ་ནི་བང་ཚུལ་ལ་མཚོན་ན་སྐུ་ངོ་དངོས་གྲུབ་རྡོ་རྗེ་བང་ཚུལ་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་ཡང་། ད་ལྟ་བང་ཚུལ་རང་ཉིད་ལ་བཀའ་དྲིན་ཅན་གྱི་མི་དེའི་གདོང་ལ་བང་ཚུལ་རང་ཉིད་དངོས་སུ་ལངས་ནས། མ་ཉེས་ཁག་གཡོགས་ཀྱིས་དགག་རྒྱག་ངོ་རྒོལ་ཞུ་བཞིན་པ་དེ་ནི། དྲིན་ལན་ལོག་འཇལ་རང་རེད། ལྷག་ཏུ་ལོ་ངོ་༤༠་ལྷག་རིང་རང་རེའི་སྤྱི་ཚོགས་ནང་ལྷག་བསམ་རྣམ་དག་གིས་གཞུང་མང་ལ་ཞབས་འདེགས་ཞུ་མཁན་ཞིག་ལ་འདི་འདྲའི་མ་ཉེས་ཁག་གཡོགས་ཀྱིས་དགག་རྒྱག་ངོ་རྒོལ་བྱེད་བཞིན་པ་འདི་དྲིན་ལན་ལོག་འཇལ་མིན་ན་ཅི་ཡིན་ནམ། དེར་བརྟེན་བདག་གི་རྩོམ་ཡིག་འདིའི་ཁ་བྱང་ལ་ཡང་<<མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་ཏེ། དྲིན་ལན་ལོག་འཇལ་གྱིས་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་ངོ་རྒོལ་དང་དགག་རྒྱག་བྱུང་བའི་ལོ་རྒྱུས།>> ཞེས་བཏགས་དགོས་དོན་ཡང་དེ་ཡིན། དེ་བཞིན་བང་ཚུལ་གྱིས་ད་བར་ལོ་མང་རིང་སྤྱི་འཐུས་ཀྱི་མིང་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་ཁེ་བཟང་ཁེ་ཕན་མང་དག་ཅིག་བླངས་ཏེ། ང་ཚོའི་སྤྱི་ཚོགས་འདི་བང་ཚུལ་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཆགས་ཡོད་ཀྱང་། ཁོས་ང་ཚོའི་སྤྱི་ཚོགས་འདི་ལ་ཡང་དྲིན་ལན་ལོག་འཇལ་ཚབས་པོ་ཆེ་ཞིག་ཞུས་ཡོད་པ་ནི་འདི་ལྟར། གོང་ཞུས་ལྟར་གལ་ཏེ་སྐུ་ངོ་དངོས་གྲུབ་རྡོ་རྗེ་ཁོང་ནང་སྲིད་བཀའ་བློན་ལྟ་བུ་ལ་ཕེབས་ཐུབ་ཡོད་ཚེ་རང་རེའི་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་དང་། མིག་མཐོང་ལག་ཟིན་གྱི་ཕན་ཐོགས་བླ་ན་མེད་པ་ཞིག་བྱུང་དང་། འབྱུང་བཞིན་ཡོད་ངེས་ཡིན་ཀྱང་། ཁོང་ནང་སྲིད་བཀའ་བློན་ལྟ་བུ་ཞིག་ལ་ཕེབས་པར་ཆེད་དུ་འགོག་རྐྱེན་གཙོ་བོར་བཟོས་པར་བརྟེན། སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དེ་ཐམས་ཅད་རང་བཞིན་གྱིས་མེད་པར་གྱུར་པ་ཡིན་པས། འདི་ནི་བང་ཚུལ་རང་ཉིད་ལ་བཀའ་དྲིན་ཆེ་བའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ལ་བང་ཚུལ་རང་ཉིད་ཀྱིས་དྲིན་ལན་ལོག་འཇལ་ཞུས་པ་ཡིན་ནོ། །
ཏ༽    སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་བཀའ་འདྲི་ཞུ་འདོད་བྱུང་བ།
         གོང་གི་མ་ཉེས་ཁག་གཡོགས་དང་། དྲིན་ལན་ལོག་འཇལ་གྱི་གནས་ཚུལ་འདི་དག་ཕྲན་གྱིས་མཐོང་རྗེས། ངས་སེམས་ལ་ད་ལྟ་བང་ཚུལ་དེ་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་མཁན་གྱི་དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་ཡིན་པ་དེའི་སྐོར་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་ར་སྤྲོད་གསལ་བོ་ཇི་ལྟར་བྱུང་ཡོད་མེད་སྐོར་སྐུ་ངོ་མཆོག་ཁོང་རང་ཉིད་ལ་བཀའ་འདྲི་ཞིག་ཞུ་དགོས་སྙམ་ཡང་། ནད་ཡམས་ཀྱི་དབང་གིས་བདག་རང་ཉིད་འདུག་ས་གཅིག་ཏུ་བསྡད་པ་ཙམ་ལས། ཡར་མར་འགྲུལ་བཞུད་བྱེད་མ་ཐུབ་ཀྱང་། སྐུ་ངོ་ཁོང་རྡ་རམ་ས་ལར་བཞུགས་ཡོད་ཤག་གིས་ཉེ་སྔོན་ཕྱི་ཟླ་༧་ཚེས་༨་༩་༡༠་བཅས་ཉིན་གསུམ་རིང་གི་༸གོང་ས་མཆོག་གི་དཔལ་འཁོར་ལོ་བདེ་མཆོག་གི་བཀའ་དབང་ཞུ་བར་བདག་རྡ་རམ་ས་ལར་ཕྱིན་ཏེ། སྐུ་ངོ་དངོས་གྲུབ་རྡོ་རྗེ་མཇལ་འདོད་ཀྱིས་རྩད་གཅོད་ཞུས་པར། ཁོང་དེང་སྐབས་ལྷོ་ཕྱོགས་བྷེ་ལ་ཀོ་པེ་རུ་བཞུགས་པ་མ་གཏོགས་རྡ་རམ་ས་ལར་བཞུགས་མི་འདུག དེར་བརྟེན་ཉིན་ཤས་ཀྱི་གོང་འདིར་བདག་རྡ་རམ་ས་ལ་ནས་ཕྱིར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་འབྱོར་རྗེས། སླར་ཡང་བྷེ་ལ་ཀོ་པེ་རུ་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་རྩད་གཅོད་ཞུས་པར། ཁོང་དེང་སྐབས་ལ་དྭགས་སུ་གནས་མཇལ་ཆེད་ཕེབས་ཟིན་རབས་ཙམ་ལས། འབྲེལ་བ་ཙམ་ཡང་ཞུ་ཐབས་མ་མཆིས་པར་བརྟེན། དེ་འཕྲལ་བདག་གིས་གོང་གི་དངོས་བྱུང་ལོ་རྒྱུས་ཀྱི་རྩོམ་ཡིག་འདི་བྲིས་ཏེ། དེ་དང་འབྲེལ་ནས་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་བཀའ་འདྲི་ཞིག་ཀྱང་ཞུ་འདོད་བྱུང་།
ཐ༽   དམིགས་བསལ་བཀའ་འདྲི།
༄༅། །ཤེས་འཇོན་ལྷག་བསམ་ཉམས་མྱོང་བཅས་ཀྱིས་ཕྱུག་པའི་བཀུར་འོས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལས་ཐོག་པ་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གི་དྲུང་དུ།
ཆེད་གསོལ། བཀུར་འོས་སྐུ་ངོ་མཆོག་ནང་མི་ལྷན་རྒྱས་བཅས་དེང་སྐབས་སྐུ་ཁམས་བདེར་བཞུགས་གཞིར་བཞག་ཕྲན་གྱིས་སྐུ་ངོ་མཆོག་མཇལ་འདོད་ཀྱིས་ཉེ་སྔོན་རྡ་སར་སྐྱོད་སྐབས་རྩད་གཅོད་ཞུས་ཀྱང་མཇལ་མ་ཐུབ་པའི་སྐོར་སོགས་གོང་གི་རྩོམ་ཡིག་ནང་གསལ་ལྟར་ལགས། གོང་གསལ་ལྟར་ལོ་ངོ་༡༥་ཡར་སྔོན་དུ་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་ཏེ། དྲིན་ལན་ལོག་འཇལ་བྱེད་མཁན་དེའི་དངོས་ཡོད་གནས་ཚུལ་སྐོར་ཕྲན་གྱིས་ཁྱེད་ལ་ངོ་སྤྲོད་ཞུས་པ་ལྟར། དེའི་སྐོར་ད་ཆ་ཁྱེད་ལ་ར་སྤྲོད་གསལ་བོ་བྱུང་མིན་སྐོར། སྐུ་ངོ་མཆོག་ལ་སྟབས་བདེ་མཆིས་ཚེ་འགྲེལ་བཤད་ཞལ་གསལ་ཞིག་གནང་རོགས། ཞེས་རེ་བསྐུལ་དང་། སླད་མར་མྱུར་མཇལ་ཡོང་བའི་སྨོན་འདུན་བཅས་ཞུ་ཞུ་ཞུ།
ད༽    མཐའ་བསྡོམས། རང་རེའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་གཅིག་པུ། བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་དབུས། བོད་བསྟན་སྲིད་མི་རིགས་ལ་བཀའ་དྲིན་ཆེ་བའི་གནད་ཡོད་མི་སྣ་གང་མང་ཞིག་ལ་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་ཏེ། ནག་མེད་ཉེས་འགེལ་གྱིས་དྲིན་ལན་ལོག་འཇལ་ཞུ་མཁན་གང་མང་རང་རེའི་སྤྱི་ཚོགས་ནང་བྱུང་དང་འབྱུང་བཞིན་ཡོད་ཀྱང་། དེ་ཚོར་ད་བར་བང་ཚུལ་གྱིས་སྐྱོན་བརྗོད་ཚིག་གཅིག་བྱས་རབས་གོ་རྒྱུ་མེད་པ་ནི། མགོ་རུལ་བ་སྣས་མ་ཚོར་བའི་དཔེ་ལྟར་གྱུར་ཀྱང་། ང་ཚོའི་སྤྱི་ཚོགས་ལ་མཛད་རྗེས་ཆེ་བའི་སྐུ་ངོ་དངོས་གྲུབ་རྡོ་རྗེས་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ལ་ཕན་པའི་གསུང་བཤད་རིན་ཐང་ཅན་ཞིག་གནང་བ་དེར་མ་ཉེས་ཁག་གཡོགས་ཀྱིས་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་ཏེ། འདི་ལྟ་བུའི་དྲིན་ལན་ལོག་འཇལ་བྱེད་བཞིན་པ་འདིའི་རིགས་ལ་ཞིབ་འཇུག་གཙང་མ་ཞིག་བྱེད་ཐུབ་ན་འདི་ལ་རྒྱབ་ལྗོངས་ངེས་ཅན་རེ་ཡོད་ངེས་ཡིན་པས། སྤྱི་དོན་དང་དྲང་བདེན་ལ་དགའ་བའི་རང་རེའི་སྤྱི་སྒེར་གཞུང་མང་ཡོངས་ཀྱིས་དོ་སྣང་ནན་ཏན་བྱ་རྒྱུ་དེ་ནི། བཙན་བྱོལ་སྤྱི་ཚོགས་འདི་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ནོ།། །།
སྨྲས་པ།
དྲང་བདེན་མེད་པ་ཁྲིམས་བཟོར་བསྐོས་པ་དང་། །
བཀའ་དྲིན་ཅན་ལ་དྲིན་ལན་ལོག་འཇལ་མཁན། །
ཕྱི་དོན་ཁ་ཙམ་རང་དོན་གཙོར་འཛིན་སོགས། །
སྤྱི་ལ་ཕན་གནོད་ཀུན་གྱིས་ཤེས་པར་གྱིས། །
བདེ་འདོད་སྡུག་མི་འདོད་པའི་སྤྱི་ཚོགས་འདིས། །
བདེ་བའི་ཆེད་དུ་སྡུག་བསྔལ་རྒྱུ་བསྒྲུབས་ན། །
བདེ་མེད་རང་སྡུག་འབའ་ཞིག་མྱོང་འགྱུར་བས། །
བདེ་སྐྱིད་འབྱུང་གནས་གང་ཡིན་མནོ་བསམ་ཐོངས། །
༸རྒྱལ་བས་སྐུ་ངལ་བརྒྱ་ཡིས་བསྒྲུབས་པའི་ནོར། །
མི་སྨོན་རང་སྐྱིད་བཙན་བྱོལ་མང་གཙོའི་གཞུང་། །
གཏོར་བཤིགས་གཏོང་བའི་མ་རུང་བསམ་སྦྱོར་རིགས། །
དགྲ་སྡེའི་དགོས་མཁོ་ཉག་གཅིག་མ་ཡིན་ནམ། །
ཁོ་བོ་སྐྱེས་སྦྱང་རྣམ་དཔྱོད་མི་ཆེ་ཡང་། །
ཤ་ཁྲག་རུས་གསུམ་བོད་ཀྱི་རིགས་ཡིན་ཕྱིར། །
བོད་རིགས་སྤྱི་ལ་ཕན་ཕྱིར་དྲང་གཏམ་འདི། །
རིགས་ཞེན་ཟུང་ཁྲག་འཕྱུར་བའི་རྦ་རླབས་ཡིན། །
ཞེས་དགའ་ཤར་སོག་པ་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་བོད་རབ་གནས་ཆུ་སྟག་ལོའི་ཆུ་སྟོད་ཟླ་བའི་ཚེས་༢༨་དང་། ཕྱི་ལོ་༢༠༢༢་ཟླ་༨་ཚེས་༢༥་ཉིན་གྲུབ་པར་བགྱིས་པ་དགེའོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།