བརྩེ་དུང་གི་གན་རྒྱ།

        དེ་རིང་ནི་ 3.10ཡིན། དེ་རིང་ནི་སྲིན་པོའི་བུ་རྒྱུད་ཅིག་གིས་རང་གཤིས་སྟོན་མྱོང་བའི་ཉིན་མོ་དམར་པོ་ཞིག་གི་སྐྱེ་སྐར་ཡིན། གན་རྒྱ་འདི་དེ་དུས་ཤིག་ནས་ང་ཚོའི་གློ་སྙིང་གི་ཚབ་ཏུ་བཞག་ཡོད། དེ་རིང་ཡང་དེ་བཞིན་ཡིན།  སེམས་ཀྱི་སྐད་ཆ་ཡིན།  བདེན་པའི་ལེགས་སྐྱེས་ཡིན།

མི་ལྤགས་རློན་པ་གྱོན་པ་གདོན་འདྲེ་དེས།།
ཕ་ཆོས་གསེར་ནག་རལ་གྲི་རུས་བཞིན་འཆོས།།
ཡ་ཆུང་སྦྲུལ་གྱིས་ཁེངས་བའི་སྡིག་ཅན་ངའི།།
འཁྱར་འཁྱོར་ཁྲག་གི་རྐང་རྗེས་གངས་ལ་འཐེན།།
མེས་པོའི་དུར་སྒམ་ཡིན་པའི་གངས་རི་ཞིག།
བེམ་པོའི་གླེགས་བམ་ཁྲོད་ན་རྡུལ་དུ་ཟགས།།
བཙན་པོའི་རུས་རྐང་ཆགས་པའི་མི་བུ་ང་།།
བྱང་རླུང་ངར་མ་འགམ་པའི་རི་སྤྱང་ཞིག།

རྫས་ཞགས་ལྷོག་ལྷོག་འཕྱུར་བའི་ནམ་མཁའི་འོག།
ཡུག་མོའི་སྡུག་སྐྲ་ཐལ་རླུང་འཚུབ་མས་གཡོ།།
སྙིང་རྩ་ཆང་གིས་སྦྲིད་པའི་མི་རོ་ངའི།།
གཤེད་མའི་དུར་མཚོན་འོག་ནས་ཤི་མིག་འགུལ།།

འབྲོང་གི་སྙིང་རྩིད་ཡིན་པའི་སྦྲ་འོག་ན།།
འོ་མའི་ཟངས་ཁར་ཁྲག་གི་ཐིག་རིས་བབས།།
སྤར་ཁས་རྨ་ཁ་བཅང་བའི་རི་ཤོར་ངས།།
གཙང་བོའི་མགོ་ཁུངས་དེད་པའི་གཏམ་རྒྱུད་འཚོལ།།

གཞི་བདག་སྲུང་མ་བྲོས་པའི་རི་ཞོལ་ནས།།
སྙིང་གི་འཕར་རྩ་ལྕགས་ཀྱི་སྐམ་པས་བསྡམས།།
ཕུ་ནུའི་མགོ་རྣ་འཛིན་པའི་བཙོན་པ་ང་།།
ཁྲམས་ཤིང་གྲུ་བཞིའི་འོག་ན་ངུ་ཞིང་དགོད།།

ཆུང་འདྲིས་རོགས་ཀྱི་གཡང་དཀར་ལྷས་ར་ན།།
ཞེན་ཆགས་ཕུང་བོའི་ལས་སྒྲིབ་ལྕིད་ཏིག་ཏིག།
ཞེ་སེམས་སྤུ་གྲིས་བཅད་པའི་ཉེས་ཅན་ང་།།
མེས་པོའི་དུར་བྱང་འཁུར་ནས་འཆི་རྒྱུ་ཡིན།།

                                      2012.2.20  ཉིན་བྲིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།