རི་སྡེ་ཞིག་གི་དར་རྒུད།

ཐང་ཆེན་ཨ་སྒམ་བརྩེགས་འདྲའི་ཡང་སྟེང་ན།།
ཡར་སྐྱེས་རྩི་ཤིང་སྤོས་ཐུར་བཀྲམ་འདྲ་ཡོད།།
མར་འབབ་ཆུ་མོ་བདུད་རྩི་རང་འཁྱིལ་ཡོད།།
མེས་པོའི་སྨ་ར་ཟགས་སའི་གོ་ཁ་སྟེ།།
རི་སྡེ་ཞིག་གི་ཚང་མལ་དྲོད་ལམ་ལམ།།

ཉིན་གྱི་ར་ལུག་ཁ་ཞག་གྱི་ལེ་ཡོད།།
སྲིབས་ཀྱི་རྟ་ནོར་ཁུ་ཞག་ལྡེམ་མེ་ཡོད།།
གཞུང་གི་དུ་འཁྱུག་སྣུམ་འོད་ཤིག་སེ་ཡོད།།
ཨ་ཕྱིའི་གཉེར་རིས་ཟབ་མོའི་ཁུག་བར་ན།།
རི་སྡེ་ཞིག་གི་རང་དབང་ལྟེམས་ལྟེམས་ཆགས།།ལས་ཀྱི་ལོ་མ་རྙིད་ནས་སེར་ཤང་ཤང་།།
བསྲུང་མའི་རྒྱབ་རི་བརྒྱལ་ནས་འདར་ལྷུབ་ལྷུབ།།
དམར་པོ་ཁྲག་གི་ལག་པའི་སྦར་མགོ་ན།།
སྔོན་པོ་ལྕགས་ཀྱི་སེན་མོས་རྩྭ་ཐང་གཤག།
རི་སྡེ་ཞིག་གི་ལོ་ཟླ་ནག་ཐོམ་ཐོམ།།

ཙག་རླུང་བཙན་པོས་མགོ་སྦྲ་གཙུབ་ནས་སྤུར།།
ལྕོང་ཁྱུ་དགུན་གྱིས་དེད་འདྲའི་སྨུག་རུབ་རུབ།།
ཆར་རླུང་ལྡོམ་པོས་སྒོ་ཁྱི་སྒོ་ནོར་གཏོར།།
ཐུར་མས་ཡོས་ཁྲ་མཆོད་འདྲའི་ཁྲ་ཐར་ཐར།།
རི་སྡེ་ཞིག་གི་རྨ་ཁ་གཟེར་ཏིག་ཏིག།།

སྒང་སྒང་ཤ་ཡི་རི་བོ་ཡར་ཡར་མཐོ།།
ཤ་ཟན་རྐན་སྒྲས་ལྷ་ཡི་ཕོ་བྲང་སྒུལ།།
གཤོང་གཤོང་ཁྲག་གི་གཤུར་དོང་མེར་མེར་བྲུག།
ཁྲག་འཐུང་ཧུབ་སྒྲས་དམྱལ་བའི་ཁྲིམས་ཁང་གཡོ།།
རུ་སྡེ་ཞིག་གི་བློ་སྙིང་དམར་ཙར་ཙར།།

སྣ་སེར་འབྲོང་གི་རུ་རྩེ་རྩེད་ས་འདི།།
རྫས་དུད་ནག་པོའི་ཁ་རླངས་ངོགས་ན་འཐིམ།།
བཞི་མོ་རྐྱང་གི་བང་ཁ་སྦྱང་ས་འདི།།
རང་ལུགས་དམར་པོའི་ལྕགས་རིའི་དབར་ན་བཙིར།།
རི་སྡེ་ཞིག་གི་དར་རྒུད་རྡོ་ལ་འཁུམ།།

ཡར་འགྲོ་བརྒྱ་ཡི་ཇག་ལམ་འདི་ན་རེད།།
མར་འགྲོ་སྟོང་གི་ཚོང་ལམ་འདི་ན་རེད།།
ཀླ་ཀློའི་ཟ་ཁ་དར་སའི་དུར་ཐང་འདི།།
ཕུ་ནུའི་རུས་རྐང་རུལ་སའི་རོ་སྒམ་འདི།།
རི་སྡེ་ཞིག་གི་རེ་བ་ཚར་ས་རེད།།

2014.10.8ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།