མཉམ་པར།

རོང་བོ་དགེ་འདུན་ལྷུན་འགྲུབ།
ང་གཉིས་པར་ཞིག་རྒྱག་དགོས། པར་བ་གང་དུ་འདུག་ཅེས”གསུངས།

    རྩོམ་ཡིག་ཅིག་ཡང་དང་བསྐྱར་དུ་བཀླགས་པ་ཡིན། ཀློག་གིན་ཀློག་གིན་འགྱེལ་ཟིན་པའི་ལོ་ཟླ་མང་བོ་ཞིག་དྲན་འོང་། དྲན་འོང་བ་དེ་དག་ནི། གྱང་ཤུལ། མཁར་རྙིང་། དགོན་ཤུལ་གྱི་ལྷག་མ། དུ་བ་ཡལ་བའི་བསང་ཁྲིའི་ཤུལ་དག་དང་། དེའི་ཁྲོད་ཀྱི་གྲིབ་གཟུགས་མང་པོ་ཞིག་ཡིན་མོད། དེ་ལས་ཀྱང་དྲན་འོང་བ་ནི། ཤུལ་དུ་ལྷག་པའི་མི་རེ་གཉིས་རེད། མི་བགྲེས་པོ་དེ་དག་གིས་མཚམས་རེར། རྒོངས་ཀའི་ཉི་ནུབ་ལ་བལྟས་ཏེ་དངན་པ་གཏོང་བཞིན། རང་གི་འཐབ་གྲོགས་དག་དྲན་ནས། མིག་མཆི་གཏོང་གིན་ཡོད་ངེས། 
    སྐབས་རེར། ཕན་ཚུན་ངོ་ཐུག་གིས་འདས་པ་གླེང་ཞིང་། གྲལ་དུ་བསྟར་བའི་སྤོ་བོ་དང་རྨོ་མོ་གང་མང་ཞིག་གིས། དཔྲལ་བའི་གཉེར་མ་གྱོན་ནས། རེ་བའི་མིག སྐྱོ་བའི་མདངས། གྱེས་བྲལ་གྱི་ངག་ཐུན་བཅད་པའི་རྣམ་པ་མོལ་ཞོར། ཕན་ཚུན་གྱིས་གདོང་ལ་གདོང་ཕྱོགས་ནས། མིག་འོད་ཀྱི་ཞགས་པའི་སྣེ་ལ་འགྲོགས་པའི་རང་མདངས་གཞན་ཞིག་འཚེར་བའི་ངང་། ངག་མི་སྨྲ་བར། གཅིག་གིས་གཅིག་གི་ལུས་ཀྱི་དགྱེ་སྒུར། དབུགས་ཀྱི་གཏོང་ལེན། ལག་པ་དང་མགུལ་བའི་གཉེར་རིས་དག་ལ་བལྟས་ཏེ། ལྗིད་ཀྱིས་མནན་པའི་དམ་བཅའ་དེ་ལ་བསྐྱར་དུ་གསལ་འདེབས་གཏོང་ཞོར། ཕན་ཚུན་ལ་ཨམ་ཚུགས་སྡོམ་དགོས་པའི་སྐུལ་མ་བྱེད་དུས། ཁོར་ཡུག་དེའི་རི་བོ་དག་ལའང་སྐྱོ་ཉམས་འཁོར་ཡོད་ངེས།
    ཉིན་དེར། ཞོགས་པ་དེར། མི་དེ་དབུགས་ཧད་ཧད་ཀྱིས་སྐས་ཐེམ་བརྒལ་ནས་བསླེབས་འཕྲལ། ཁྱེད་ཀྱི་སྤྱན་ལམ་དུ་གློ་བུར་དུ་སྤོ་བོ་ཞིག་མངོན་ཞིང་། སྤོ་བོ་དེའི་གྲིབ་མའི་ཁྲོད་ནས། ལུགས་ལྡོག་གི་དྲན་པ་མང་བོ་ཞིག་གསོས། སྤོ་བོ་དེས་བྱིན་པས་ལུས་པོ་མི་ཐེག་བཞིན་དུ་ཕྱག་གསུམ་འཚལ་དུས། ཁྱེད་ཀྱི་སེམས་སུའང་། ཟས་སུ་རྩམ་པ་ཟ་ཞིང་། གོས་སུ་པགས་རྩག་གྱོན་པའི་ལོ་རབས་དྲུག་ཅུ་ནང་གི་བོར་ཟིན་པའི་བྱིས་པ་ཞིག  རང་གི་ཕ་ཡི་དྲུང་དུ་བསླེབས་པའི་ཚོར་བ་མ་བཅོས་པ་ཞིག་འཁྲུངས་ངེས། དེ་མུར། གཅིག་སེམས་གཅིག་ལ་གླན་ནས་རེ་ཞིག་རི་མོ་བྲིས་པ་ལྟར་ལུས་སྐབས། ཁྱེད་ལ། སྤྱན་གྱིས་མི་ཟིན་པའི་མིག་ཆུ་ཞིག་དང་། སྙན་གྱིས་མི་ཟིན་པའི་བཤུམ་པའི་སྐད་ཅིག་ཤོར་ཡོད་མོད། སྐྱོ་བའི་ཉམས་དེ་འཛུམ་པའི་མདངས་སུ་བསྒྱུར་ནས། ག་ལེར། ཕྱི་གསལ་ནང་གསལ་གྱི་ཐུགས་ཀྱི་བཅུད་མང་པོ་ཞིག་ཕྱུངས་ཤིང་། སྤོ་བོ་དེ་ལ་གླེང་མོལ་བྱེད་མགོ་བརྩམས། མཚམས་རེར་མཛུབ་མོ་ཀེར། དེ་དུས་ཕ་ཡིས་བུ་ལ་གདམས་ངག་འབོགགས་པར་མཚུངས། སྐབས་རེར་དཔྲལ་གཉེར་བསྡུས་ནས་སྐད་ཀྱི་གསང་བསྟོད། དེ་དུས་ཕ་ཡིས་བུ་ལ་འཁངས་ར་བྱེད་པ་འདྲ། ལན་རེར་དབུ་ལྕོག་མདུན་དུ་དུད་དེ། སྤྱན་ཟུང་གྲུང་ཤ་དོད་པའི་ཚུལ་གྱིས་གསུང་གླེང་མཛད། དེ་དུས་རེ་བའི་ཞལ་ཆེམས་སྩོལ་བ་དང་མཚུངས།
   རེད། ཁྱེད་གཉིས་ནི་རི་བོ་ཞིག་གི་ཕར་ཚུར་མིན་ལ། ལག་པ་ཞིག་གི་ལྟག་རྒྱབ་ཀྱང་མིན། ཁྱེད་གཉིས་ལུང་བ་ཞིག་གི་ཕུ་མདའ་ཡིན་ཅིང་། ཆུ་བོ་ཞིག་གི་མགོ་རྔ་ཡིན་པས། སྨུག་སྤྲིན་གྱིས་བཏུམས་པའི་རི་སྒང་དེ་རུ་འང་། གཅིག་ནི་རྟ་མཆོག་ཀྲོ་དཀར་བཅིབས་ནས་སྔོན་ནས་འཁྲིད་མཁན་ཡིན་ཅིང་། གཅིག་ནི་རྟ་མཆོག་རྐྱང་རྒོད་བཅིབས་ནས་རྗེས་ནས་གཟབ་ཉན་བྱེད་མཁན་ཡིན། ཏག་ཏག ཁྱེད་གཉིས་ནི་བརྩེ་བའི་ཕ་དང་། གྲུང་པོའི་བུ་ཡིན།
    ཆུ་ཚོད་ཟིན་གྲབས་བྱེད་དུས། སྤོ་བོ་དེས། བྲང་འོག་ཏུ་ལོ་ཟླ་མང་པོར་བསགས་པའི་དབུགས་ཡོངས་སུ་རྫོགས་པ་ཕྱི་རུ་བཏང་བའི་བདེ་སྣང་གིས། ཕྱིར་ཕྱག་འབུལ་ཞོར། འཁྲེང་སེམས་དང་བཅས། ཇི་སྲིད་འཚོ་བའི་བར་དུ་ཁྱེད་ནི། འགྲོ་བའི་གཉེན་དང་། གངས་རིའི་སྐྱབས་སུ་མི་གཡོ་བར། འཆར་ནུབ་མེད་པའི་ངང་། ཐུགས་བསྐྱེད་ཀྱི་གོས་བགོས་ཏེ་བཞུགས་རྒྱུར་སྙན་གསང་ཞུ་ཞོར་གྱེས་ཚེ། གཟིམ་ཆུང་གི་ཉི་འོད་ནི་ཇ་ཕོར་ཁ་རུ་ཡོམ་པའི་འབྲི་མར་སེར་པོ་ཞིག་དང་ཇི་འདྲའི་མཚུངས་ཨང་།
    ལོ་ཟླ་མང་པོ་ཞིག་འགོར་ཀྱང་། སྤོ་བོ་དག་ཕེབས་ཤུལ་གྱི་ཁྱེད་གཉིས། ཐོར་ཟིན་པའི་མཁར་ཤུལ་དེ་རུ་སླར་ཡང་མངོན་དུས། དབྱར་ཟླ་ལྔ་བ་ཡིན་ཅིང་། མཚོ་མོ་ཡར་འཕེལ་གྱི་དུས་དང་། རྩི་ལྗོན་འདབ་ལག་རྒྱས་པའི་དུས། འབྲི་མོར་ནུ་ཁ་རྒྱས་པའི་དུས་ཀྱང་རེད། ད་དུང་། ད་དུང་ཟླ་བ་འདི་ལ་དྲན་དགོས་པ་གཞན་ཞིག་ཀྱང་། ཁྱེད་གཉིས་ཀྱིས་དྲན་ཡོད་ངེས། ཁྱེད་གཉིས་ནི། མཚན་གཞུང་རིང་མོ་ཞིག་གི་ཁ་གཏད་ན་རང་ལུས་འོད་དུ་བསྒྲོན་པའི་སྐར་ཆེན་གོང་འོག་གཉིས། རླུང་གིས་འདར་ཡང་། སྤྲིན་གྱིས་བསྒྲིབས་ཀྱང་། ནམ་ཡང་མི་ནུབ་པའི་རྒྱལ་མཚན་ཡིན། 
    ནམ་ཞིག་གི་དུས་ལ། ཞིང་ཚིགས་དེ་དང་ལྗོན་པ་དེ་དག་གི་གསེབ་ན། ཡང་ཟོར་བྱ་ལ་འགྲན་པའི་སྤྲེའུ་དག་གིས་ཁྱེད་གཉིས་ཕ་ཡུལ་དུ་ལོག་པར་བདེ་མོ་འཇོག་སྐབས། ཕ་ཡུལ་གྱི་ཆུ་བོ། ཕ་ཡུལ་གྱི་སྤྲིན་དཀར། ཕ་ཡུལ་གྱི་རྫི་གླུ། ལུ་གུའི་བརྒྱུད་དུ་བསྟར་བའི་དངོས་པོ་ཇི་སྙེད་ཀྱིས། ཀུན་བཟང་མཆོད་པའི་ལྡ་ལྡི་དབྱིངས་སུ་བྲིས་ཏེ། མི་བསུས་དང་རྟ་བསུས་ཀྱི་དཔུང་བུ་ཆུང་གི་ཚོགས། ས་ཡི་རྡུལ། ནམ་མཁའི་སྐར་ཚོགས་དང་གཉིས་སུ་མེད་པའི་ངང་དུ་འདུས་ནས། ཀྭི་བསོ་ལྷ་རྒྱལ་གྱིས། ལྷ་མིན་གྱི་དམག་ཚོགས་ཕམ། ལྷའི་དཔལ་ལ་སྐྱེངས་པ་སྟེར་བཞིན་བསུ་ངེས། 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།