མིག་དམར།


གཉན།

སྐབས་སྐབས་སུ་ནམ་གུང་ལ་གློ་བུར་དུ་སད་དུས། ལྷིང་འཇགས་དང་མུན་པ་ཆེ་བའི་མཚན་མོའི་གློ་སྙིང་གི་གྲག་འགུལ་ལ་ཉན་རྒྱུ་ཞིག་ང་ལ་ལོབས་བསྡད་ཡོད་པ་འདི་སུས་ཀྱང་ཤེས་མི་སྲིད། མངོན་སུམ་དང་ལྐོག་གྱུར་བར་གྱི་ནམ་གུང་དེ་ཉིད། རྟག་པར་ང་ཡི་འཕྲུལ་སྣང་གི་འཚོ་བའི་གདོང་གྲོགས་སུ་བྱོན་པ་དང་། དེས་ང་ཡི་བརྗེད་ང་བ་རྣམས་དང་། ང་ཡི་འཐིབས་པ་རྣམས་བསལ་ནས་འོད་གསལ་གྱི་ལྟས་ཡ་མཚན་པ་རང་དབང་ངང་དུ་སྟོན་ནུས་ཤིང་། གང་ཞིག་རྒུད་པའི་ཤིས་པ་རྣམས་གསོ་བ་ལ་མུན་པ་ཉིད་ནི་ང་ཡི་ཡི་གེའི་གཟུགས་སུ་འཆར་བའི་དུས་ཤིག་ལ་འཕྲད་དུའང་ཡོད་དུ་ཆུགས་ཨང་།

འདི་ནི་ནམ་གུང་ཞིག་ཡིན་ལ་ནམ་གུང་ཞིག་ཀྱང་མིན། ང་རང་སུ་ཞིག་གིས་ཡང་ཡང་དཀྲོགས་སོང་ནའང་ནམ་གུང་ནི་ཁུ་སིམ་སིམ་ཡིན་སྐད། ནམ་གུང་འདིར་ངས་འདས་དོན་ཞིག་ལ་སྲོག་གི་དབང་བོ་ཞུགས་པར་བྱས་ནས་མུན་པ་ཉིད་ནི་འགྲོ་ཤེས་པར་བྱའོ།།

ད་ནི་འགོ་རྩོམ་རན་པ་ཡིན་པས་ཀློག་མཁན་ཁྱེད་ཀྱི་སྙན་ལ་དལ་གྱིས་སྒྲོན་ཆོག་པར་ཞུ། སྤྱིར་ན་མུན་རུབ་རྗེས་ཁྱི་སྐད་མང་པོ་གོ་རན་པ་ཡིན་མོད། དོ་ཞག་ནམ་གུང་ལ་ཐུག་རུང་གོ་ཐུབ་ཀྱི་མེད། ཁ་མཚར་ནག་པོ་དང་འདྲ་བར། ཆུང་དུས་ཀྱི་ཡུལ་བའི་ཁྱི་སྐད་དེ་དག་ད་ནི་ནམ་གུང་དུ་གོ་ཐུབ་དགོས་ཟེར་ན་རྫུན་དུ་གྱུར་ཟིན་པ་མིན་ནམ། ཆུང་དུས་ཀྱི་ཡུལ་བ་ནི་འཆར་ཡན་གྱི་མཛེས་པ་ཀློང་བརྡོལ་བའི་འབྲོག་སྡེ་ཞིག་ཡིན་ནའང་། ད་བར་འབྲོག་སྡེ་དེ་ལ་འཆར་ཡན་གྱི་ཉམས་སྣང་དང་བསོད་ནམས་དུ་འདྲ་མེད།

ཆུང་དུས་ཀྱི་ཡུལ་བ་ནི་འབྲོག་སྡེ་ཧྲིལ་བོ་ཞིག་ལ་གོ་ཡི་ཡོད་ཅིང་། འབྲོག་སྡེ་ཧྲིལ་བོ་དེའི་སྣོད་བཅུད་ཐམས་ཅད་ལ་ཡུལ་བ་ཞེས་འབོད་ཅིང་། ཤ་ཁྲག་གི་འབྲེལ་བ་ཡོད་པའི་ཡུལ་བ་ཡང་། གོང་གི་ཡུལ་བ་དེའི་ནང་དུ་ཐིམ་བསྡད་ཡོད་པས། ངས་ཆུང་དུས་ཀྱི་ཡུལ་བའི་ཁྱི་སྐད་དེ་དག་བསམ་གཟས་ནས་ནམ་གུང་དུ་དྲན་པ་མིན་ཡང་། ནམ་གུང་ལ་གློ་བུར་དུ་སད་དུས། ཆུང་དུས་ཀྱི་ཡུལ་བའི་ཁྱི་སྐད་དེ་དག་རང་དབང་མེད་པར་དྲན་ཡོང་ངོ་།།

ནམ་གུང་ལ་ཐུག་དུས། ངའི་རྣ་ལམ་དུ་ཚོར་སྣང་ཅན་གྱི་གོ་རྒྱུ་ཞིག་ཏན་ཏན་དགོས་འདུག་མོད། རྣ་ལམ་དུ་ཡུལ་བའི་ཁྱི་སྐད་ལས་ལྷག་པའི་གོ་ན་བསམ་རྒྱུ་ཞིག་ནམ་ཡང་མེད་པ་འདྲ། དེ་བས་ནམ་གུང་དུ། ངའི་རྣ་ལམ་དུ་ཡུལ་བའི་ཁྱི་སྐད་ཅིག་གློ་བུར་དུ་གོ་ཐུབ་རྒྱུ་བྱུང་ན་ཅི་མ་རུང་སྙམ་ནས་ལོ་མང་པོ་འགོར་སོང་ངེ་།། ངས་གོ་ན་འདོད་པའི་ཡུལ་བའི་ཁྱི་སྐད་དེ་ནི། ནམ་གུང་གི་དུས་སུ། ངའི་རྣ་བའི་དབང་བོ་དེ་ཉིད་ཀྱི་ཆུང་དུས་ཀྱི་ངོ་ཤེས་ནང་བཞིན། མཚན་མོའི་མུན་པའི་ཁྲོད་དུ་ཕན་ཚུན་འཕྲོད་སྦྱོར་ཐུབ་པ་ཞིག་ཡིན་ལ། སྔོན་ཆད་རྒྱུས་མངའ་ཆེ་བའི་སྐད་སྒྲ་དེ་མུན་པའི་ཁྲོད་དུ་ཡང་ཡང་གོ་ན་འདོད་པ་དེ་ནི་ཨ་གསར་སྤེན་མའི་མེ་ལྕེ་ལྟ་བུ་ཞིག་མ་ཡིན་པར། འདུ་ཤེས་ཀྱི་ཕུགས་ན་རྟག་པར་བརྩེ་གདུང་གི་སྲོག་དབང་དང་ལྷན་དུ་ཡོད་པ་ཞིག་ཡིན་ནོ།།

ཏག་ཏག་ཡུལ་བའི་ཁྱི་སྐད་གོ་བའི་ཆེད་དུ། ན་ནིང་ལོར་འབྲོག་ས་ནས་ཁྱི་གུ་ཆུང་ཆུང་ཞིག་ལག་ཏུ་ཡོང་ཐབས་བྱས། བསམ་ཡུལ་ལས་འདས་པའི་ངང་དུ་གཉེན་ཉེ་ཞིག་གིས་ང་ལ་ཁྱི་རྒྱུད་བཟང་ཤོས་ཀྱི་ཁྱི་གུ་ཞིག་སྟེར་རྒྱུ་བྱས་པ་འདོད་ཐོག་ཏུ་སོང་བ་དང་། ཉམས་བསང་ཡོད་པའི་ཁྱི་གུ་དེ་ངེད་ཚང་གི་སྒོ་ནས་གསོ་དགོས་བྱུང་བའི་ལས་སྐལ་རྙེད་ཅིང་། ཁྱི་གུ་ཆུང་ཆུང་དེ་གདོང་དྲག་པོ་ཡོད་པའི་རྒྱ་སེར་མིག་བཞི་ཞིག་ཡིན་འདུག་ལ། བལྟས་ཚོད་དུ་མི་ལ་གང་བྱུང་དུ་མི་བཅར། ཁྱིམ་དུ་ཡོང་བར་དོགས་གཟབ་བྱེད། ལྕེའང་གང་འདོད་འདོད་དུ་སྣར་བར་མི་བྱ། རྫོང་མཁར་འདིའི་ཧ་པ་ཁྲ་ཁྲ་རྣམས་དང་འདྲ་བར་གང་ས་གང་ལ་མཆུ་ཏོའང་གཏུག་མི་འཇོག་པར། རང་གི་ཚུགས་ཀ་བདག་བྱས་ནས་འདུག་མཁན་ཞིག་ཡིན་མི་འགྲོ་སྙམ་པ་ཞིག་རེད།

གང་ལྟར་ཁྱི་གུ་ངེད་ཚང་དུ་ཐོན་ཉིན་ནི་རེས་གཟའ་མིག་དམར་ལ་འཁེལ་འདུག་སྐད། ཉིན་མོ་དེར། ངས་ཁྱི་གུའི་མིང་ལ་མིག་དམར་ཞེས་བཏགས། ཡང་གཞན་དུ་ཁོ་རང་རྒྱ་སེར་མིག་བཞི་ཞིག་ཡིན་པ་དང་། མཚན་མོ་སྲུང་མཁན་ཡིན་པའི་ཆ་ནས་མཚན་མོའི་མིག་ལྟ་བུ་ལ་དཔེ་བླངས་ཀྱང་ཆོག་འདུག དེས་ན་མིང་གི་ནང་དུ་མིག་ནི་མེད་མི་རུང་སྙམ་ནས་མིག་དམར་ཞེས་བོས་པ་ཡིན།

དེ་ནས་ཁྲུས་གཙང་མ་ཞིག་བྱས་པ་དང་ཤུག་རྒོད་བདུགས། གྲང་བ་ཁོག་ཐུབ་པའི་སྒྲོམ་ཞིག་བཟོས་ནས་ནང་དུ་རང་བསམ་ངང་འཁོར་དུ་བཅུག་ནས་བསྐྱུར། ཉིན་དེའི་དགུང་མོར་ལྟོ་རན་ཚོད་ཅིག་མདུན་དུ་བཞག་མོད་ཁ་ཡ་མ་བྱས་པར་ལུས་འདུག་པ་དང་། དེའི་ཕྱི་ཉིན་ཡང་སྔར་བཞིན་ལྟོ་ཡི་ཆེད་དུ་ཁ་ཡ་མི་བྱ། ངས་སེམས་ཁྲལ་ངང་དུ་སྔོན་གྱི་བདག་པོ་ལ་འབྲེལ་བ་གནང་ནས་དྲིས་པར་རྩམ་ཁུ་བླུད་ན་འཐུང་ཟེར་མོད། འདི་ལ་ཐོན་དུས་རྩམ་ཁུ་ཡང་འཐུང་མི་འདོད་པའི་ཚུལ་སྟོན། ལྟོ་ཡི་ཆེད་དུ་རྣམ་འགྱུར་ཅུང་ཙམ་ཡང་ཤོར་མི་འདུག་པ་དེས་ཁོ་ནི་རང་བྱུང་ཁམས་ཀྱི་པང་ནས་འོངས་པ་ཞིག་དང་། ཡང་མིན་ན་རང་བྱུང་ཁམས་དང་ཐག་ཉེ་བའི་འབྲོག་ས་ཞིག་ནས་ཁྲིད་འོངས་པ་ཞིག་ཡིན་པའི་བཟོ་སྟོན་པ་དང་གཉིས་སུ་མ་མཆིས། ངའི་སེམས་ནི་རབ་ཅིག་ཞུམ་སོང་། མིག་དམར་གྱི་ལྟོ་ནི་རང་བྱུང་ཁམས་དང་ཐག་ཉེ་བའི་འབྲོག་ས་ནས་ལུས་སོང་བ་མིན་ནམ་སྙམ། ལྟོ་ནི་གང་ནས་འཚོལ་དགོས་པ་དྲི་བསམ་ཡང་དྲི་ས་མེད་པས་ངས་མིག་དམར་གྱི་ལྟོ་བོར་སོང་བ་དང་འདྲའོ།།

འཇིག་རྟེན་གྱི་ལྟོ་ཚང་མ་འོ་མ་དང་ཤ་ཁྲག་གིས་གསོས་པ་ཡིན་པ་ངའི་ཡིད་ལ་ཤར། ལྟོ་ནི་དེ་ག་རང་ན་ཡོད་ཤག་ཤག་སྙམ་ནས། འོ་མ་བླུད་པས་འཐུང་། ཤ་རློན་སྦྱིན་པས་ཟོས།དེ་ནས་བཟུང་། མིག་དམར་ནི་འོ་མ་དང་ཤ་རློན་ལ་བསྟེན་ནས་ནར་སོན་ཐུབ་པ་ལ་རྣམ་འགྱུར་འཛིན་མཁན་ཞིག་ཡིན་པ་ངས་ཤེས་རྟོགས་བྱུང་བ་དང་། དེ་ནས་བཟུང་། ངས་ཉིན་རེ་རེར་མིག་དམར་གྱི་རྣམ་འགྱུར་ལ་གུས་བརྩི་བྱེད་པའི་བསམ་པ་འཆང་ཐུབ་པ་ལ་རྟག་ཏུ་རེམ་པོ་བྱས་པ་ཡིན།

འོ་མ་དང་ཤ་རློན་བསྟེན་མཁན་ཡིན་པས། ལུས་ལ་སྟོབས་རྒྱས། མདངས་ཇེ་ཡག་ལ་སོང་། ཉེ་རིང་གང་ནས་མཐོང་ཡང་ཚུགས་ཐུབ། ལེགས་ཉེས་ཚོར་མ་ཐག་གདོང་ཚུགས་སྟོན་པ་དང་། ཁོག་པའི་སྙིང་གིས་སྐད་འདོན། དེ་ལྟ་དེ་ལྟར་ནར་སོན་བཞིན་པའི་མིག་དམར་ནི་དེ་སྔོན་བཟོས་པའི་སྒྲོམ་གྱི་ནང་དུ་ཡེ་ནས་མི་འཛུལ་ལ། འོ་མ་དང་ཤ་རློན་མ་གཏོགས་ཆ་མེད་ཀྱི་གསོ་ཆས་རྣམས་ལ་མཆུ་ཏོ་ཁས་རྒྱུའི་མོས་པ་ཁོང་ནས་མེད་པ་ཞིག་ཏུ་གྱུར་ཟིན་པ་དང་། ཉིན་མོར་ངའི་ར་ནང་དུ་རྒྱུས་མེད་ཀྱི་འགྲུལ་བ་ཐོན་ན་ལམ་སང་ཚོར་བ་འཁྲུགས་ནས་རྔམ་སྟོན་པ་དང་། མིག་འབྲས་ནག་ཅིང་དྭངས་པ་དེ་མཚན་ལམ་རིང་མོར་རྟོག་མཐོན་ངང་དུ་སྡོད་ཚུགས་སྐད། མིག་དམར་ནི་མི་ཆེ་གེ་མོ་དང་ལས་ཀ་ག་གེ་མོ་སོགས་ཀྱི་སྟེང་ལ་ལྡིང་མི་འགྲོ་སྙམ་ནས། འཇིག་རྟེན་སྲོལ་གྱི་ཐི་གུ་ཞིག་སྐེ་ལ་བཏགས་ཀྱང་། ངའི་བག་ཟོན་གྱི་ཐི་གུ་དེ། སྒྱུ་མ་མི་རྟག་པ་ནང་བཞིན་ཡང་ཡང་བཅད་འགྲོ་བ་དང་། ག་ལེ་ག་ལེར་མིག་དམར་ནི་ཐི་གུ་རིག་དུས་ཞེ་ན་ནས་ངའི་འགྲམ་དུ་མི་བཅར་བས་ཚོད་ཚོད་ལ་ཟིན་དཀའ་འོ།།

མཇུག་མཐར་ང་རང་འུ་ཐུག་ནས་ལྕགས་ཐག་ཕྲ་མོ་རིང་ཤོས་ཤིག་ཉོས་པ་དང་ཉིན་མོར་དེ་ལ་བཏགས། མཚན་མོར་དགོས་དབང་གིས་སྙིང་ཉེ་བར་གློད་པ་ན་དགའ་དྲགས་ཏེ་རྩེད་ལྡིང་བྱས་ནས་ངའི་སྟེང་དུ་མཆོང་བ་དང་། ཁྱོད་ཀྱིས་ང་གློད་སོང་བས་ང་ནི་ཅི་འདྲའི་སྐྱིད་ཨང་ཟེར་བ་ལྟ་བུའི་རྣམ་པ་བསྟན་ནས། ར་ནང་དུ་གང་ས་གང་ལ་རྒྱུགས་ཤིང་། ལན་རེར་སྣང་དོགས་མེད་པར་གློ་བུར་དུ་བརྒྱུགས་ཡོང་ནས་ངའི་སྔུན་འགོག་བཞིན་ཕར་མཆོང་ཚུར་མཆོང་བྱེད་པའི་སྐད་ཅིག་མ་མང་བོའི་ནང་དུ། མིག་དམར་ནི་རང་དབང་ལ་སྨོན་པ་སྐྱེས་པའི་ཚོར་བ་ཤུགས་དྲག་པོ་དེའི་མགོ་མི་ནོན་པར་ངའི་སྟེང་དུ་བྱོ་མཁན་ཞིག་ཡིན་པ་ངས་ཧ་གོ་ཡི་ཡོད་ལ། མིག་དམར་གྱི་དགའ་སྐྱོ་ཆགས་སྡང་མཚོན་བྱེད་ལྟ་བུའི་ཕྱི་ལུས་ཀྱི་རྣམ་འགྱུར་དེ་དག་ལ་ལྟ་ཞོར་ལྟ་ཞོར་དུ་བདག་གཞན་མཉམ་བརྗེ་ཡི་ཚོར་བ་མྱོང་མ་ཐུབ་ན་ང་ནི་མགོ་ནག་མི་ཡི་སྐྱེ་བ་ཞིག་ཡིན་ས་མེད་དོ།།

སྨྲ་བསམ་བརྗོད་འདས་ཀྱི་ཉམས་སྣང་དེ་དག་ལ་བལྟས་ཀྱིན་བལྟས་ཀྱིན་དུ། མིག་དམར་ནི་ངའི་ར་ཡི་ཕྱི་སོ་ཞིག་ལ་སྨོན་པ་སྐྱེས་དྲགས་ནས་འདུག་བཟོད་ཡོད་མི་འདུག་མོད། སྨོན་པ་སྐྱེ་ས་བོ་དེ་ང་ཡི་ཆོ་འཕྲུལ་གྱིས་བཀག་འདུག་པ་ཅི་ལ་ཤེས། དོན་དུ་ང་ནི་ཐག་པ་གློད་མཁན་མ་ཡིན་པར་ཐག་པ་འཛིན་མཁན་ཡིན་ནོ།།

མིག་དམར་སྒེར་སེམས་ཀྱི་ར་ནང་དུ་བཅུག་ནས་སྐེ་ལ་ཐག་པ་རྒྱག་མཁན་ནི་དུས་མཐའི་སྨྱོན་པ་ང་ཡིན་ནེ། ང་ལའང་ཅི་ཁག་སྟེ། མིག་དམར་འབྲོག་ས་ནས་འདི་ལ་ཁྲིད་མ་འོང་སྔོན་དུ་ངས་ནི་གཏིང་ཟབ་མོའི་ངང་དུ་ཁོ་འདི་ལ་ཐོན་རྗེས་རྣམ་འགྱུར་ཅི་ཞིག་འཛིན་མིན་དེ་ཧ་གོ་ཡི་མེད་ལ། རང་བྱུང་ཁམས་དང་ཐག་ཉེ་བའི་འབྲོག་སའི་གཅེས་ཕྲུག་ཅིག་རྫོང་མཁར་གྱི་ར་ནང་ཞིག་ཏུ་བཅུག་བཏང་རྗེས། དེའི་མིག་ནང་ན་གཞར་ཡང་བཟོད་མི་ནུས་པའི་འོད་མདངས་ཤིག་མཐོང་རྒྱུ་ཡོད་པ་དང་། འོད་མདངས་དེ་སྐོམ་ལངས་ནས་སྨྲ་བསམ་བརྗོད་འདས་ཀྱི་སྨོན་པ་སྐྱེ་ས་ཞིག་ཡོད་པ་དེ་ངས་ཅི་ལ་དྲན་བཏུབ་ཨང་། བུ་རྡུགས་རྡུགས་དེ་ལ་རྡུགས་སོ།།

བསམ་གཞིགས་དང་ཐུན་མིན་གྱི་མྱངས་པ་དེ་ལ་ངས་རང་ཉིད་ཀྱི་མགོ་བོའང་སྨད་དགོས་པ་ལྟ་བུ་ཞིག་བྱུང་། དེའི་རྗེས་ནས་བཟུང་། དགུང་མོ་རེ་རེར་མིག་དམར་ཐག་མགོ་ནས་གློད་དུས་འུ་གཉིས་བར་ལ་གོང་གི་གཏམ་བརྗོད་ཀྱིས་བསླངས་པའི་སྣང་བརྙན་དང་། དེའི་ཁྲོད་ཀྱི་གདུང་གླུ་ངག་རྟ་རིང་མོ་དེས་ཕན་ཚུན་བར་ལ་གསང་བ་ལྐོག་གྱུར་གྱི་འཇིག་རྟེན་ཞིག་གཞིས་ཆགས་པ་དང་། འུ་གཉིས་ཡུལ་དེ་ག་ནས་ཕན་ཚུན་ལྟ་རེས་རྟོག་རེས་ངང་དུ་སྡོད་དགོས་བྱུང་།

ངས་འཇིག་རྟེན་སྲོལ་གྱི་ལྕགས་ཐག་ཕྲ་མོ་དེ་ལག་ནང་ལ་མི་འདོད་བཞིན་དུ་བླངས་ནས་ཁོ་ཡང་ཡང་བཏགས། ཁོ་འཇིག་རྟེན་པའི་ལྕགས་ཐག་ཕྲ་མོ་དེ་ལ་ཞེན་ལོག་ནས་ཡང་ཡང་ཤོར། མིག་དམར་ནི་ངས་མཐོང་ཆུང་བྱེད་སའི་ཁྱི་གུ་གླེན་གོག་ཅིག་ཏུ་ཡེ་ནས་བལྟས་མྱངས་མེད། མིག་དམར་ནི་ཕ་སྐད་མེད་པའི་ལྐུགས་པ་ཞིག་ཡིན་ཡང་། མིག་དམར་ནི་རང་ཉིད་ཀྱི་སྣང་བ་ཨོ་རྨོག་མཚོན་བྱེད་ཀྱི་འཚུབ་མའི་ལང་ཚོ་དེ་ཉིད་ལ་ག་དུས་ཀྱང་ཚུལ་འཆོས་མ་ཡིན་པར་ཡིད་ཆེས་འདུག་པ་དང་། མིག་དམར་གྱི་ལྷན་སྐྱེས་ཀྱི་སྐད་སྒྲ་དེ་འགོང་བོ་བགེགས་དང་གདོན་དང་གྲིབ་ཁ་སྣ་དགུས་མི་ཐུབ་བོ།།

མིག་དམར་གྱི་སྐད་སྒྲ་ནི་མིག་དམར་རང་ཉིད་ཀྱི་གསོན་ན་སྐྱབས་བཅོལ་ས་དང་ཤི་ན་སྔས་གཏོད་ས་བཞིན་ཚེ་འདི་ངོགས་ཀྱི་ཕ་ཆོས་ཡིན་ལ་བུ་ཆོས་ཀྱང་ཡིན་ཡིན་འདྲ། ཁོ་རྟག་པར་ལྷན་སྐྱེས་ཀྱི་ཚོར་བ་རྣོན་པོ་འཁྲུགས་ནས་འཇིག་རྟེན་གྱི་འདོག་ཐག་དེ་ཉིད་འཐེན་འཐེན་གྱིས། ཉིན་ཞིག་ལ་འཇིག་རྟེན་པའི་ཐག་པ་དེ་ཉིད་ཁོའི་ཁ་རྗེ་དབང་ཐང་གིས་སླར་ཡང་བཅད་སོང་ངོ་།།

ད་ནི་ཁོ་ནར་སོན་ནས་རབ་ཅིག་ལ་ཐུག་འདུག ཚོད་ཚོད་ལ་ལག་མི་ཞོག་པ་ཞིག་ཏུ་ཆགས་འདུག་པ་དང་། ཁོའི་ལྷན་སྐྱེས་ཀྱི་སྣང་བ་ཨོ་རྨོག་རྡོ་རྗེ་འབར་བ་དེ་ངའི་ར་ནང་ལ་ཤོང་གི་མེད་པའི་ངེས་ཤེས་ཤིག་ང་ལ་སྐྱེས་ཤིང་། ངེས་ཤེས་དེས་ང་ལ་ཡང་ཡང་བསྐུལ་རྗེས། ངའི་སེམས་སུ་མིག་དམར་ལ་ཁག་ཁྱོན་ནས་མི་འདུག་སྙམ་རྒྱུ་ཞིག་ལ་བསམ་གཞིགས་བྱ་དགོས་བྱུང་། ངས་ཁོ་རང་ཕྱིར་སྤང་ལྗོངས་དང་འབྲེལ་བ་ཡ་མཚན་ཆེན་པོ་ཡོད་པའི་འབྲོག་ས་དེར་སྐྱེལ་དགོས་བསམ་རྒྱུ་ཞིག་དང་། ཁོའི་མིག་ལམ་ལ་རང་བྱུང་ཁམས་ཆེན་པོ་དེ་སྟོན་ཐུབ་པ་ཞིག་དང་། མིག་གིས་གང་དུ་བལྟས་ཀྱང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྣང་བརྙན་མང་བོ་གེགས་མེད་དུ་མཐོང་ཐུབ་ས་ཞིག་དང་། སྣང་བརྙན་དེ་དག་གི་ཁྲོད་དུ་ཁོ་རང་ཚེ་རབས་ལས་ཀྱི་འཐབ་ཡ་ལྟ་བུར་གྱུར་བའི་ཅེ་སྤྱང་སོགས་ལ་འཕྲད་ནའང་མི་ཆོག་པ་མེད། འོ་ན་གནས་སྐབས་འདི་རུ་བཏགས་ནས་ཐབས་འཐེན་ནོ་སྙམ་མུར། ངས་སླར་ཡང་སྲང་ལམ་ནས་སྔོན་ཆད་ཀྱི་འདོག་ཐག་ལས་རིང་བ་དང་སྦོམ་པའི་ལྕགས་ཐག་གཉིས་ཉོས། གཅིག་གིས་བཏགས། གཞན་དེ་ཉར་རོ།།

ངས་སྔར་བཞིན་ཁོ་ལ་ཤ་རློན་སྦྱིན། འོ་མས་གསོས། རྒྱབ་ཀྱི་སྤུ་མདོག་འོད་ཀྲིག་ཀྲིག་ངང་དུ་ཡོད་པ་དང་། ཚོར་བ་གློ་བུར་གློ་བུར་ངང་དུ་འཁྲུགས། མིག་འབྲས་ཁྲོ་བོ་དེ་ཉིད་ཀྱི་རྟོག་པ་ནི་ཉིན་མཚན་ངེས་མེད་ལ་སད་སླ། གདོང་གིས་ལེགས་ཉེས་སྟོན་ཐུབ་པ་ཡིན་པས་ཉམས་བསང་ཞེ་དྲགས་ཡོད། མཚན་མོར། མུན་པའི་སྨག་གི་ནང་དུ་སྐད་སྒྲ་འབྱིན་འབྱིན་གྱིས། སྨག་གི་ནང་དུ་ལྕགས་ཐག་སིལ་སིལ་ངང་དུ་འཐེན་འཐེན་གྱིས། ངས་བཟོད་ཐབས་ཡེ་ནས་མ་བྱུང་བར། ན་ནིང་ལོའི་གླང་ཟླའི་ནང་གི་ཉིན་ཞིག་ལ། ཁོ་ཕྱིར་འབྲོག་ས་ལ་སྐྱེལ་མ་བྱེད་པའི་གྲབ་གཤོམ་པ་ཡིན། ཨུ་ཧུ། ངའི་སྔུན་གྱི་རྒྱ་སེར་མིག་བཞི་དེ། ང་ཡི་མིག་དམར་མིན་ནམ། བལྟས་ཀྱིན་བལྟས་ཀྱིན་འུ་གཉིས་བར་ན་སྐྱེ་བ་སྔོན་མ་ཡི་བག་ཆགས་ཤིག་གཏེར་དུ་སྦས་ཡོད་པ་ཡིན་ནམ། ཡང་མིན་ན་སྐྱེ་བ་ད་རེས་ལས་དབང་གིས་ཡུལ་འདི་ནས་འཕྲད་དགོས་པ་ཡིན། ཁོ་ནི་སྔར་བཞིན་འཚུབ་མའི་ལང་ཚོ་ཡིས་ཡང་ཡང་འཕྱོ་བར་བྱེད་པའི་ཉམས་འགྱུར་དེ་དང་འགྲོགས་ནས་འདུག་དུས། ང་ལ་ནུས་པ་ཉག་གཅིག་ཡོད་པ་ནི། འདི་སྔོན་ཆད་གང་ནས་ཁྲིད་ཡོང་ན། དེ་རིང་དེ་ལ་ཕྱིར་ཁྲིད་དུ་འཇུག་པ་དེ་རེད། ཁོའི་ནམ་མཁའ་ནི་དེ་ག་ན་ཡོད་འདུག་གིས།

དེ་རིང་ངས་ཁྱོད་སྐྱེལ་མ་བྱས་ནས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་གཞན་པ་ཞིག་ལ་གཏོང་རྒྱུ་ཡིན། ཁྱེད་ཀྱི་ཁ་རྗེ་དབང་ཐང་གི་ལྟ་ས་ཉན་ས་རྣམས་ནི་དེ་ག་ན་ཡོད་འདུག སྐལ་ལྡན་ལས་འཕྲོ་ཅན་ཁྱོད་བཀྲ་ཤིས་པར་གྱུར་ཅིག་གུ་ཞེས་མིག་དམར་གྱི་གདོང་ལ་བལྟས་ནས་ཡང་ཡང་བསྐུལ་རྗེས། ཁོའི་ལུས་ཀྱི་འོད་ཀྲིག་ཀྲིག་གི་སྤུ་ཡག་ཤོས་ཚོམ་བུ་ཞིག་རྒྱུ་མཚན་ཡོད་པའི་ངང་བཏོགས་ཏེ་དགོས་དབང་གིས་ཉར་རོ།།

དེ་ནས་ཡུད་ཙམ་འགོར་རྗེས། ངའི་ཤ་ཉེ་འབྲོག་པ་གསར་བུ་དེས་དངོས་ཟོག་དབོར་བྱེད་ཀྱི་མོ་ཊ་སྒམ་གཞུང་ཅན་ཞིག་བསྐོར་ཡོང་ནས་ངེད་ཀྱི་ར་སྒོ་ནས་ཕྱིར་འཁོར་ཏེ་བསྡད། ཁོ་ནི་དུས་ཆད་བཏབ་པ་བཞིན་རྐང་བཙུགས་ནས་མིག་དམར་ཕྱིར་འབྲོག་ས་ལ་ཁྲིད་དུ་འོངས་པ་ཡིན། ངས་ཁོ་ངེད་ཀྱི་ར་ནང་དུ་བསུ་མ་བྱས། ནང་དུ་ཐོན་མ་ཐག་ཏུ། མིག་དམར་གློ་བུར་དུ་ཚོར་བ་འཁྲུགས་ནས། ལྕགས་ཐག་རིང་མོ་དེ་རྔམ་གྱིས་ཕྱོགས་སོ་སོར་འཐེན་ལ། ཤེད་རྣམས་ཡུག་ཏུ་སྒྲིམ་ནས་སྔུན་གྱི་མི་རྟག་པ་ཡིན་སྙམ་པ་དེའི་ཐོག་ལ་ཡང་ནས་ཡང་དུ་མཆོང་བསམ་བསམ་གྱིས་སྐེ་ཡི་འདོག་ཐག་ཉིད་ལ་ལྷིང་འཇགས་ཁྱོན་ནས་མི་སྟེར་རོ།།

གང་ལྟར་ཀྱང་། ད་ནི་འགྲོ་རན་ལ་ཐུག་སོང་བ་ཡིན་མོད། མིག་དམར་ནི་ལས་སླ་མོར་ཁྲིད་ཐུབ་ཐབས་མེད། ཤ་ཉེ་གསར་བུ་དེ་ཆེད་དུ་ཡུད་ཙམ་ལ་གཡོལ་དུ་བཅུག་པ་དང་། དེ་ནས་ང་གཅིག་པུ་མིག་དམར་གྱི་འགྲམ་ལ་སོང་། ངའི་ལག་ན་འདོམ་པ་བཅུ་ཁ་ཙམ་ཡོད་པའི་ཐག་པ་རིང་བོ་ཞིག་བཟུང་ཡོད་པ་དེ་མིག་དམར་གྱི་སྐེ་ལ་སྒྲོག་ཐུབ་པའི་ཐབས་གནད་ལ་འཁེལ་བ་ཞིག་འཐེན་མ་ཐུབ་ན། གང་བསམ་བསམ་ངང་ཁྲིད་མི་ཐུབ་པས་ཡིན། མིག་དམར་ངའི་དང་ཁའི་ངོས་སུ་མཆོང་ནས་འདྲ་ཆགས་པའི་གོ་སྐབས་ཤིག་ཚོད་ཚོད་ལ་མི་སྟེར་བ་ལྟ་བུ་བྱས་ནས་ཡུན་རིང་ཕྱིན་སོང་།འདི་ནི་བརྩེ་གདུང་གི་ཕོག་ཐུག་དང་འདི་ནི་བརྩེ་གདུང་གི་སྐྱེལ་མ་ཡིན་པས་དགོངས་འགལ་མེད་པར་སྨོན། སྟབས་ལ་འཁེལ་ནས་འདོམ་པ་བཅུ་ཁ་ཙམ་ལོངས་པའི་ཐག་པ་རིང་མོ་དེ། མིག་དམར་གྱི་སྐེ་ལ་སྲ་ཐག་ཐག་ཅིག་བསྒྲོགས་བཏུབ་པ་བྱུང་བ་དང་དེའི་ཐག་སྣེ་ནི་བར་ཐག་ངེས་ཅན་ཡོད་པའི་གཡས་ཕྱོགས་ཀྱི་ལྕང་སྡོང་ལ་བཏགས། དེ་ནས་ཕྱིར་མིག་དམར་གྱི་འགྲམ་དུ་སོང་ནས་སྐེ་ཡི་ལྕགས་ཐག་དེ་ཉིད་ཕུར་མགོ་ནས་ཕྱུངས་ཤིང་ལག་པའི་ནང་དུ་དཀྲིས་བརྒྱབ་ནས་དམ་དུ་བསྡམས་པ་དང་། དུས་མཚུངས་སུ། ཐག་པ་མི་འདྲ་བ་གཉིས་ཀྱི་བར་དུ་མིག་དམར་གྱི་སྐེ་གཡས་བསྒགས་གཡོན་བསྒགས་བྱས་ནས་ཐེན་ཞིང་། དེ་མུར་ཤ་ཉེ་གསར་བུ་ཁོ་ལ་བོས་པ་དང་གཡས་ཕྱོགས་ཀྱི་ལྕང་སྡོང་ལ་བཏགས་ཡོད་པའི་ཐག་པ་བཤིག་ཏུ་བཅུག་ཏེ། ངས་སྔུན་ལ་ཁྲིད་ཅིང་ཁོས་རྒྱབ་ཏུ་ཐག་པས་བཏང་ལྷོད་ཀྱིས་བཟུང་སྟེ་འོངས། མཚམས་མཚམས་སུ་གློ་བུར་ལ་མི་བསྟུན་པའི་རྒོལ་བ་བྱས་ནས་རྣམ་འགྱུར་མཐའ་གཅིག་ཏུ་ངོམ་པར་བྱེད། དེ་ལྟ་དེ་ལྟར། སྒོ་ཆེན་གྱི་ཕྱི་རུ་ཐོན་པ་དང་། ང་འཁོར་སྒམ་ནང་དུ་བུད་དེ། མིག་དམར་གྱི་སྐེ་ནས་ཨུ་ཚུགས་ཆེན་པོས་ཡར་ལ་ཐེན་ནས་ནང་དུ་དྲུད་ཅིང་། ངའི་ལག་གི་ལྕགས་ཐག་འཁོར་སྒམ་གྱི་སྟོད་ཀྱི་ར་རྒ་ཞིག་གི་ངོས་སུ་དམ་པོར་བཏགས། ཕར་ཚུར་གང་རུང་ལ་ཡངས་ལྷོད་ཡོད་པ་དང་། འཁོར་སྒམ་ནང་དུ་བདེ་བླག་ངང་ཙོག་སྡོད་གནང་ཆོག་པ་ལྟ་བུ་བྱས་ནས་ཐག་པ་གཞན་པ་དེ་འཁོར་སྒམ་གྱི་སྨད་ན་ཡོད་པའི་ར་རྒ་ཞིག་གི་ངོས་སུ་འདོག་ཏུ་བཅུག་པ་ཡིན། གོ་རིམ་དེ་དག་མཇུག་རྫོགས་རག་བར་ལ་མིག་དམར་གྱིས་མི་བསྟུན་པའི་རྣམ་འགྱུར་ཅི་ཐུབ་ཐུབ་ངང་ངོམ་པ་མ་ཟད། འདུ་ཤེས་ཀྱི་གཏིང་ནས་ངོ་རྒོལ་བྱེད་པའི་ཚུགས་ཀ་དུས་དུས་སུ་སྟོན། ཐག་པ་མི་འདྲ་བ་གཉིས་ཀྱི་བར་དུ་བཏགས་པའི་རྒྱ་སེར་མིག་བཞི་དེ། ཅུང་ཙམ་འོ་བརྒྱལ་ལ་གཏད་ནི་གཏད་ཀྱང་། རྒྱུན་ལྡན་མིན་པའི་སྐྱེལ་མ་འདིས་གུ་ཡངས་པའི་རང་བྱུང་ཁམས་མཐོང་ཐུབ་ས་ཞིག་ཏུ་ཐོན་ཐུབ་པ་ལ་རེ་བ་བཅངས་ཡོད་ཅིང་། ཁོ་རང་ཅིས་ཀྱང་སྔོན་ཆད་སྐྱེ་ས་འགྲེང་ས་ཡིན་པའི་འཇིག་རྟེན་དེའི་པང་ལ་ཕྱིར་ལོག་ཐུབ་པར་ལམ་པ་གནང་གིན་པའི་ཚུལ་ཡིན་ནི་ཡིན་མོད། ཚ་ལམ་ལམ་གྱི་ཉི་འོད་ཁྲོད་དུ། ངའི་སེམས་ཀྱི་ཡོས་ཁ་ཇེ་འཁྱག་ལ་སོང་འདུག་པའི་རྒྱུ་མཚན་ཅི་ཡིན་ནམ། ཉི་འོད་ཆེམ་ཆེམ་གྱི་ཉིན་མོ་ཞིག་ངའི་སེམས་ཁོང་ནས་གློ་རྡེག་ཏུ་ཇེ་འཁྱག་ལ་བུད་སོང་བ་དང་འདྲ་བར། མིག་དམར་ལ་བརྩེ་གདུང་གིས་སྐྱེལ་མ་ཞུ་དགོས་བྱུང་། འདི་ནི་སྐྱེལ་མ་ཐམས་ཅད་ཀྱི་ནང་ནས་ཆེས་བཟོད་དཀའ་བའི་སྐྱེལ་མ་ཞིག་ཡིན་དོན་ཡང་ཅི་ཡིན་ནམ། སེམས་ཅན་གཅིག་དང་ངའི་བར་ན་གཏིང་ཟབ་པའི་ལས་འབྲེལ་ཆགས་ཡོད་ཡོད་ལ། སེམས་ཅན་དེ་ངས་འདི་ནས་ཕར་ལ་སྐྱེལ་དགོས་བྱུང་བ་དང་། འུ་གཉིས་བར་དུ་གོ་བརྡ་ཁྱོན་ནས་འཕྲོད་ཐབས་མེད་པར་སོ་སོ་སོའི་སོའི་ས་ན་མི་འདོད་བཞིན་དུ་དྲོས་འཁྱག་བྱུང་འདུག་པ་དེ་སྐྱོ་གར་གྱི་སྒྱུ་རྩལ་མ་རེད་ཨང་།

ཡིན་ཙང་། དོ་ནུབ་ས་མ་རུབ་པའི་སྔོན་དུ། ངའི་རྒྱ་སེར་མིག་བཞི་དེས་ཁོད་ཡངས་པའི་འཇིག་རྟེན་ཞིག་མཐོང་ངེས་པ་དང་། ས་ཡོངས་སུ་རུབ་རྗེས། ཁོད་ཡངས་པའི་འཇིག་རྟེན་དེ་ནས་ཚོར་བ་ཐམས་ཅད་ཡང་བསྐྱར་འགོ་རྩོམ་སྲིད་དོ།།

བསམ་ཡུལ་ལས་འདས་པ་ཞིག་ལ་དེ་རིང་ཡང་རེས་གཟའ་མིག་དམར་ལ་འཁེལ་འདུག་པས། ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་ཡིན་ཟེར་བ་དེ་ཡང་ད་རེས་བལྟས་བལྟས་ལ་སྨིན་ཐག་ཆོད་འདུག་པ་མིན་ནམ། མིང་ལ་མིག་དམར་ཐོགས་ས་ཁྱོད་ནི། རྫོང་མཁར་འདིའི་ར་སྐོར་ཆུང་ངུ་ཞིག་གི་ནང་དུ་མི་ང་ཡི་ཉོན་མོངས་པས་བཏགས་བསྡད་པས་ཅི་བྱ། ཁྱོད་ནི་མི་ང་ཡི་ཉོན་མོངས་པས་ལག་ཞོག་ས་ཞིག་ཡིན་མི་འདུག་གོ། གུ་དོག་པའི་རྫོང་མཁར་འདི་ག་ནས་ཁྱོད་ནི་མི་ང་ཡི་མ་རིག་པའི་བཟང་བཙོན་བྱས་ནས་བཀག་ཏག་ཏག་བསྡད་པས་ཅི་བྱ། ཁྱོད་ནི་མི་ང་ཡི་མ་རིག་པའི་དབང་ལ་འགྲོ་མཁན་ཞིག་ཡིན་མི་འདུག་གིས། གཅེས་དམར་མ་ཁྱོད། ཡིན་རྒྱུ་ནི་ངེས་པ་དོན་གྱི་གུ་ཡངས་པའི་འཇིག་རྟེན་གྱི་ཡུལ་ལྗོངས་ཤིག་ལ་ཧེབ་ལངས་འདུག་པ་དང་། ཡུལ་ལྗོངས་དེ་མཐོང་འདོད་འདོད་ཀྱིས་ད་བར་དུ་ལྕགས་ནག་གི་ཨ་ལོང་སིལ་དིར་དིར་ངང་ཐེན་ནས། ངའི་གུ་དོག་པའི་ར་བ་འདིའི་ཕྱི་སོར་ལྕེབས་ཆས་དང་ལྕེབས་ཆས་བྱས་ནས་བསྡད་པ་མིན་ནམ། ཨ་ཨ། ངའི་རྩ་ཐིག་རླུང་གསུམ་གྱི་ནང་དུ་ཡར་རྒྱུགས་མར་རྒྱུགས་གནང་མཁན་གྱི་བསྟན་བཤིག་ཚ་བོ་ཁྱོད། གང་ལ་དགའ། གང་ལ་སྨོན་ངས་མི་ཤེས་སམ།

ད་ནི་ཁྱོད་ཉིད་སྣང་བ་བསིལ་དངར་གྱིས་ཁེངས་པའི་འཇིག་རྟེན་དེ་ཉིད་མཐོང་ཐུབ་ས་ཞིག་ཏུ་བུད་སོང་། ཨོ་ཡ། དེའི་འཕྲོ་ནས་ངའི་བསམ་པའི་བརྩེ་གདུང་གི་ངོས་ན་མིག་དམར་ནི་གྱང་གི་ཕར་ནང་ན་ཡོད་པའི་སེམས་ཅན་ཞིག་དང་། གྱང་གི་ཕར་ནང་གི་གང་ཟག་དང་ཡུལ་ལྗོངས། ཅེ་སྤྱང་སོགས་ལ་བསྐྱར་དུ་བསམ་གཞིགས་བྱེད་མཁན་གྱི་གཟབ་ཉན་པ་དང་སོ་ལྟ་བ་ཆེས་རྗེས་མ་དེ་མིན་འགྲོ་སྙམ། དངོས་གནས་བཤད་ན། ད་ནས་བཟུང་མིག་དམར་ནི་ལྷག་ཏུ་ལྷིང་འཇགས་ཡིན་མི་སྲིད་མོད། ལྷིང་འཇགས་མིན་པའི་འཇིག་རྟེན་དེ་ནི་ཆོས་ཉིད་ཀྱི་མཛེས་པ་ཐ་དག་གྱང་དང་གྱང་གིས་བཅད་པ་ཞིག་མིན་ནོ།།

ངས་ཁྱོད་ཉིད་ལམ་པ་བྱས་ཚར་བའི་ནུབ་མོ་ནས་བཟུང་། ངས་དེ་སྔ་ཁྱོད་ཀྱི་མྱིག་ལ་བལྟས་བལྟས་ཡི། ཆུ་བུར་ཁོ་ན་མ་ཡིན་པའི་མིག་ཟུང་དྲན་ཡོང་བ་དང་། མིག་ཟུང་གི་གཏིང་རིམ་ན་མཐོང་གཡེར་ཆེ་བའི་མྱིག་གཞན་པ་ཞིག་ཡོད་པ་དེས། མཚན་མོར་མུན་པའི་ཁྲོད་དུ་ཁྱོད་ལ་ཐུན་མོང་མ་ཡིན་པའི་འོད་གསལ་བསྩལ་ཐུབ་ཡོད་ལ། ཁྱོད་ནི་དེ་ལ་བརྟེན་ནས་མཚན་མོའི་མུན་པ་སྐྱེལ་ཐུབ་མཁན་ཞིག་ཡིན་པས། དེ་ནས་བཟུང་། ནུབ་མོ་དག་ལ་ངས་གློ་བུར་གློ་བུར་དུ་མཚན་མོའི་མུན་པ་ལ་ཡ་ལན་སྤྲོད་མཁས་པའི་ཁྱོད་ཀྱི་མྱིག་ལ་རྗེས་སུ་ཡི་རངས་ངང་ད་རུང་བརྩེ་གདུང་གིས་བལྟས་བལྟས་ལ་ཡོད། གནས་ཚུལ་ཅི་ཞིག་བྱུང་ནའང་། ངས་ཁྱོད་ཀྱི་ཆུ་བུར་ཁོ་ན་མ་ཡིན་པའི་མིག་ཟུང་དྲན་ཡོང་བ་དང་། མིག་ཟུང་གི་གཏིང་རིམ་ན་མཐོང་གཡེར་ཆེ་བའི་མྱིག་གཞན་པ་ཞིག་ཡོད་པ་དེ་ལྷག་ཏུ་དྲན་ཡོང་ངོ་།།

ཞིབ་མོ་རྣམ་འཐག་བྱས་ནས་འདང་བརྒྱབ་བརྒྱབ་དུས། དོན་དངོས་སུ་ཁྱོད་ཀྱི་སྐད་སྒྲ་འབྱིན་མིན་ནི་ཡ་ཐོད་ཀྱི་མིག་ཟུང་གི་ནང་ན་ལྷམ་མེར་ཡོད་པའི་མཐོང་གཡེར་ཆེ་བའི་མྱིག་དང་འབྲེལ་བ་ཟབ་མོ་ཡོད་པ་ངས་ཧ་གོ་ཡོད།

དོ་ཚིགས་ཟླ་བ་ལྔ་བའི་ནང་དུ། ང་རང་ས་ཆ་གཞན་ཞིག་ཏུ་སྙན་ངག་པ་ཞིག་གི་གཉེན་སྟོན་ལ་འགྲོ་དགོས་བྱུང་། དེའི་སྔ་ཉིན་ངས་ཁང་མིག་ཅིག་ཏུ་ཅ་ལག་སྐོར་ཞིག་བསྡུ་གསོག་བྱེད་པའི་དུས་སུ། བསམ་ཡུལ་འདས་པ་ཞིག་ལ་དེ་སྔོན་ངས་རྒྱ་སྲང་ནས་མིག་དམར་འདོག་བྱེད་ལ་ལྕགས་ཐག་གཉིས་ཉོས་པ་དང་། གཅིག་གིས་བཏགས། གཞན་དེ་ཉར་བ་མིན་ནམ། ངས་ཉར་ཡོད་པའི་ལྕགས་ཐག་དེ་ཁུག་མ་ཞིག་གི་ནང་དུ་བཅུག་ནས་བཞག་ཡོད་པ་མཐོང་བྱུང་། ལག་ནང་དུ་འཁྱག་ཤ་ལེ་བླངས་པ་དང་དལ་ཅིག་ལ་ང་རང་དེ་གར་ལུས་སོང་། ངའི་མིག་བཙུམ་ནས་སེམས་ནང་དུ་མིག་དམར་གྱི་སྣང་བརྙན་དང་ཞུམ་པ་མེད་པའི་ཁོའི་གཤིས་རྒྱུད་ཀྱི་རྩ་ལམ་ན་ཡོད་པའི་སྣང་བ་ཨོ་རྨོག་རྡོ་རྗེ་འབར་བ་དག་རེ་རེ་བཞིན་དྲན་སོས་པ་དང་། ངའི་ཉོན་མོངས་པ་དང་མ་རིག་པ་མཚོན་པར་བྱེད་པའི་ལྕགས་ཐག་མི་སྡུག་པ་དེར་བལྟས་ནས་ང་རང་ཁོང་ནས་ཞེན་ཁ་ལོག་པ་ཞིག་བྱུང་།

སྡིག་གྲིབ་ཅི་བས་ཆེ་བའི་ཐག་པ་འདི། ད་ངས་གང་ཞིག་ལ་སྐྱེལ་རྒྱུ་ཡིན་ནམ། ཕྱི་སོ་ཞིག་ལ་འཕངས་བཏང་ན་སུ་ཞིག་གིས་རྙེད་དེ་ཡང་སུ་ཞིག་གི་སྐེ་ལ་བསྐོན་འགྲོ་ཤས་ཆེ། དུ་མིན་ན་ངའི་ཐག་ཉེ་ན་ལྕགས་ཆས་ཉོ་མཁན་ཚང་ཞིག་ཡོད་པས་དེ་བ་ཚང་ལ་བསྐྱལ་ནའང་རུང་མོད། ངའི་སེམས་ནང་དུ་དེ་བ་ཚང་གིས་ཁྱི་གཉིས་བཏགས་ཡོད་པ་དྲན་སོས། སོ་མ་ཡིན་པའི་ལྕགས་ཐག་བལྟས་རི་བྲོ་བ་འདི་ཉིད་མི་དགོས་ས་ནས་དེ་གཉིས་ཀའི་གང་རུང་གི་སྐེ་ལ་ཧམ་པ་སྐྱེས་ནས་བསྒྲོག་མི་འགྲོ་བའི་ངེས་པ་ཅི། ང་ཡང་ཞེན་ཁ་ལོག་དྲགས་སོང་།

ད་ནི་སྡིག་གྲིབ་ཆེ་བའི་ཐག་པ་འདི་རྩ་བ་དགུ་རྒྱུད་ནས་འཇིག་རྟེན་གྱི་མིག་རྣམས་ཀྱིས་རིག་མི་ཐུབ་ས་ཞིག་ལ་སྐྱེལ་ཐབས་ཡོད་དམ། ཡོད་ན་ནི་དེ་ལ་སྐྱེལ་ཨང་སྙམ་ནས་བསམ་གཞིགས་བྱས། ཕྱི་ཉིན་ལམ་ལ་ཆས་ཁར་ངས་ལྗིད་ཏིག་ཏིག་གི་མི་དགེ་བའི་ཐག་པ་དེ་ཁྱེར་ནས་ལམ་ལ་ཆས་སོང་། ཕྱི་དྲོ་འཕྱི་ཙམ་ལ་ང་ཚོ་ལམ་བར་ནས་རྨ་ཆུའི་ཟམ་ཁར་ཐོན་བྱུང་། ཏག་ཏག་ཟམ་དཀྱིལ་ལ་བསླེབས་དུས་མོ་ཊ་དེ་ག་ནས་སྡོད་དུ་བཅུག ང་རང་གཅིག་པུ་སར་བབས་ཏེ་ཟམ་གྱི་རྩིབས་སྐྱོར་གྱི་འགྲམ་དུ་འགྲེང་སྟེ། ཁུག་མའི་ནང་གི་དངོས་པོ་སྡིག་གྲིབ་ཅན་དེ་སྲིད་པ་ཆགས་པའི་ཆུ་བོ་རྔམ་ཟིལ་འཇིགས་ཆེ་ཤིན་ཏུ་ཟབ་པ། མདོག་ཁམ་པ་དང་ལྡན་པ་འདིའི་བྱེ་མའི་འོག་ཏུ་མནན་གཏད་དུ་གཡུག་འཇོག་པའི་བསམ་སྦྱོར་རྩོམ་དགོས་བྱུང་། ཨིན་ཨིན། མིག་གིས་ལྟ་ས་ལ་འཇིག་རྟེན་སྟེང་གི་ཆེས་འཛུམ་མདངས་ཡག་ཤོས་ཡོད་ས་དང་། རྣ་ཡིས་གཟན་ས་ལ་འཇིག་རྟེན་སྟེང་གི་ཆེས་གསུང་སྐད་སྙན་མོ་ཡོད་ས་ཡིན་སྙམ་ཆོག་པའི་ངེད་ཀྱི་ཤཱཀྱའི་དགེ་སློང་གི་ཞལ་རས་ཉམས་ཀྱིས་དགའ་བ། རྒྱུ་སྐར་དབུས་ན་མཚན་མོའི་མགོན་པོ་བཞིན་ལྷང་ངེར་ལྷམ་མེར་གསལ་བ་དེ་ཉིད་ཡིད་ལ་བསྒོམས། མི་རབས་གོང་མ་རྣམས་ཀྱིས་བསྟེན་བསྟེན་སྒྲུབ་སྒྲུབ་ཀྱི་དཔལ་མགོན་དམ་པ་བཀའ་སྡོད་ཀྱི་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་མཚན་ནས་བོས། དཀར་ཕྱོགས་ཀྱི་མི་ཆོས་རྒྱུ་འབྲས་ཀྱི་དར་མོ་ཆེ་འཕྱར་བའི་སྐྱེས་བུ་དམ་པ་མཐུ་ལྡན་དབང་ཐང་ཅན་སོགས་མིག་ལམ་དུ་ཐུ་རེ་འཆར་བར་བྱས་ཤིང་། རི་མཐོ་ས་གཙང་གངས་རི་གཉན་གྱི་ཡུལ་གྱི་ཉི་ཟླ་གཟའ་སྐར་རྣམས་དཔང་ལ་བཞག་པའི་ཟོལ་དུ་ཀི་བཏབ། མི་དགེ་བའི་ཐག་པ་འཁྱག་ལྷོག་ལྷོག་དེ། ད་ནས་བཟུང་འགྲོ་བ་སེམས་ཅན་རྣམས་དང་གཞར་ཡང་འཕྲད་པར་མ་གྱུར་ཅིག སྡིག་གྲིབ་ཤ་འཁོན་གྱི་མདུད་པ་ཕྱིན་ཅི་ལོག་པའི་ཐག་པ་འཁྱག་ལྷོག་ལྷོག་འདི་ད་ནས་བཟུང་རྨ་ཆུའི་གཏིང་རིམ་གྱི་དེའི་གཏིང་རིམ་གྱི། དེའི་ཡང་གཏིང་རིམ་འོག་དགུའི་གཏིང་རིམ་དུ་ནུབ་པར་གྱུར་ཅིག མི་དགེའི་ཐག་པ་འཁྱག་ལྷོག་ལྷོག་དེ་ཁོན་ཡིན་པས་ནུབ་པར་གྱུར་ཅིག མི་དགེའི་ཐག་པ་འཁྱག་ལྷོག་ལྷོག་དེ་གྲིབ་ཡིན་པས་ནུབ་པར་གྱུར་ཅིག མི་དགེའི་ཐག་པ་འཁྱག་ལྷོག་ལྷོག་དེ་བྱད་ཡིན་པས་ནུབ་པར་གྱུར་ཅིག མི་དགེའི་ཐག་པ་འཁྱག་ལྷོག་ལྷོག་དེ་བྱུར་ཡིན་པས་ནུབ་པར་གྱུར་ཅིག ད་ནས་བཟུང་། ངའི་མིག་དམར་དང་མིག་དམར་སོགས་སྐྱེ་བ་ཀུན་ཏུ་འཁྱག་ལྷོག་ལྷོག་གི་མི་དགེའི་ཐག་པ་འདི་ཉིད་ཀྱིས་གཅུན་པའི་སྐལ་བ་ཕྲ་མོ་ཙམ་ཡང་གཞར་ཡང་མེད་པར་གྱུར་ཅིག ངའི་མིག་དམར་དང་མིག་དམར་སོགས་སྐྱེ་བ་ཀུན་ཏུ་རྫོགས་ལྡན་གྱི་ཉི་མའི་འོག་ནས་བཅིངས་པ་དང་བསྡམས་པའི་ཉེར་འཚེ་ཀུན་ཞི་ཞིང་ཁོན་ཐམས་ཅད་དང་གྲིབ་ཐམས་ཅད་ཀྱིས་གཏན་ཏུ་མི་ཟིན་པར་གྱུར་ཅིག སྨོན་ལམ་བཏབ་ཚད་ཀྱིས་འཇིག་རྟེན་ཇེ་གསལ་དུ་འགྲོ་བ་ལ་སེམས་ཐག་བཅད་དེ། ངའི་ལག་གི་མི་དགེའི་གཅུན་སྒྲོག་ནག་པོ་འཁྱག་ལྟིག་གེ་དེ་རྨ་ཆུའི་དཀྱིས་དབུས་ཏག་ཏག་ལ་འཕངས་པ་དང་ཡོངས་སུ་ནུབ་པར་གྱུར་ཏོ།།

ང་ལ་དེ་ལྟ་བུའི་ཚོར་བ་དང་ཚོར་བ་ཡིས་མི་འདང་བ་མེད། ང་རང་སྐོམ་སོད་སོང་བ་ནང་བཞིན་ཐག་རིང་གི་དམིགས་ས་སྙེག་དགོས་བྱུང་། ངའི་སྐོམ་ནི་ཁྱོད་དང་འདྲ་ཡི་མེད་དེ། ཚེ་རབས་ལས་ཀྱི་སྐོམ་དེ་ནི་སེམས་ཅན་གཞན་གྱི་སྐོམ་ཞིག་ཀྱང་ཡིན་པར་བྱོས། ལམ་བར་དུ། ངའི་མིག་ལམ་དུ་ཐོགས་པའི་གངས་ཅན་མཐོ་སྒང་གི་བབ་བརླིང་ལྷུན་ཆགས་ཀྱི་བླ་རི་རྣམས་ནི་ཇི་སྲིད་བསྐལ་བའི་བར་དུ་གནའ་བོའི་གསུང་རབ་གྲགས་ཅན་རེ་རེ་དང་འདྲ་བར་གཟུངས་སྤོབས་ལྡན་པར་འགྲེང་འདུག་ཅིང་། ངེད་རང་ནི་དེ་དག་གི་ཀློག་པ་པོ་ཞིག་ཡིན་པའི་ཡིད་ཆེས་བྱས་སོ།།

སྤྱི་ལོ་༢༠༢༤ཟླ་བ་༤ཚེས་༢༢ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།