ར་རྫ་འཇམ་དབྱངས་སྐྱིད།
རྐང་གྲུག་ལ་གསལ་ཆ་མེད་པའི་ང་ཡང་གྲུག་ཞེན་པ་ཞིག་ཡིན་པ་སྔ་མོ་ནས་ལབ་ཡོད་པ། མདང་དགོང་འཛམ་གླིང་བུམ་པའི་རྐང་གྲུག་འགྲན་བསྡུར་ལས། ཨི་རན་དང་ཨེན་ལན་གཉིས་ཀའི་འགྲན་རྩོད་ལ་བལྟས་པ་ཡིན། དེ་ལས། ཨེན་ལན་གྱི་ལུས་རྩལ་པ་ཚོས་རིགས་རྒྱུད་དམའ་འབེབ་ལ་རྒོལ་བའི་རྣམ་འགྱུར་བསྟན་སོང་(དེ་ཡང་རྗེས་སུ་ཤེས་པ་ཡིན)། ཨི་རན་གྱི་ལུས་རྩལ་པ་ཚོས་མགོ་རྩོམ་དུས་ཀྱི་རྒྱལ་གླུ་བླངས་མ་སོང་། དེ་དུས་དོ་སྣང་ཆེན་པོ་མ་བྱུང་། ཡིན་ཡང་། ལྟ་མཁན་ཁྲོད་དུ་མགོ་རས་དཀར་པོ་དཀྲིས་ཤིང་ལག་པས་ཐལ་མོ་རྡེབ་གིན་པའི་སྐྱེས་མ་ཞིག་གིས་མིག་ཆུ་འདོན་པ་པར་མིག་གིས་བཟུང་ཡོད་པ་དེ་ངའི་མིག་ལ་ཐོགས། ང་རས་བསམས་ན། ཁོ་མོ་ཡང་གྲུག་ཞེན་པ་ཞིག་ཡིན་ཁར། རང་གི་རྒྱལ་ཁབ་ཨེ་ཤེ་ཡའི་རྒྱལ་ཁབ་དག་ལས་ཐོན་ཏེ་འཛམ་གླིང་གི་རྐང་སྤོལ་འགྲན་བསྡུར་ཁྲོད་ནས་ཆ་ཤས་ཤིག་ལོན་པར་སེམས་འགུལ་དྲག་པོ་ཐེབས་པ་ཡིན་ཤག་རེད་འདོད་མོད།
དེ་རིང་གི་གསར་འགྱུར་ལས་ད་གཟོད་དེའི་འབྱུང་རྐྱེན་གསལ་བོར་ཧ་གོ་སོང་། མ་གཞི་དབྱིན་སྐད་མི་ཤེས་ཁར་འདི་གའི་འགྲེལ་བཤད་པས་འགྲན་བསྡུར་རྒྱབ་ལོགས་ཀྱི་དོན་དག་གསལ་བཤད་མ་བྱས་པས་ཤེས་ཐབས་བྲལ་སོང་། ཡིན་པ་ནི་ཨི་རན་གྱི་ལུས་རྩལ་སྐར་ཆེན་དག་གིས་རང་གི་ཉེན་ཁ་ཐེད་དུ་བོར་ཏེ། རང་གི་ཁབ་ཀྱི་སྐྱེས་མ་ཚོས་རང་དབང་བརྩོན་ལེན་བྱེད་པར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་པ་ཡིན་འདུག ཁོ་ཚོའི་བྱེད་སྟངས་དེ་ནི་བཟང་པོའི་ལེགས་བྱང་དང་རྟོགས་པ་མངོན་མཐོའི་མཚོན་རྟགས་ཤིག་ཅི་ལ་མིན་ཨང་། ཀྭ་ཡེ།
ལུས་རྩལ་ནི་གཙོ་བོ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ལ་རྒྱ་དང་ངོ་སོ། རྒྱལ་ཕམ་སོགས་རྩོད་པ་ཤས་ཆེ་བ་འདྲ་ལ་དེའང་གལ་ཆེན་ལོས་ཡིན་རུང་། རྒྱལ་ཁབ་གང་དུ་འཚོ་གནས་བྱེད་པའི་མི་གྲངས་ཀྱི་ཕྱེད་ཀར་མི་ཡི་མཐོང་དང་གོ་བབ་ཅི་ཡང་མེད་པར་དམར་གསོད་ཀྱང་གཏོང་ཆོག་ཆོག་ཡིན་དུས། ལུས་རྩལ་ནི་འཛམ་བུ་གླིང་གི་ཨང་དང་པོར་གྱུར་ན་ཡང་དཔལ་ཡོན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་ནམ་ཡང་འགྱུར་རེ་མེད་དེ། མི་བུ་སྒེར་གྱི་སྲོག་འཚོ་བའི་ཐོབ་ཐང་ལའང་འགན་སྲུང་མེད་པའི་སྤྱི་ཚོགས་ནི་སྔར་བཞིན་དམུ་རྒོད། ཀླ་ཀློ། གཏུམ་དྲག མ་རིག་པ་དང་རྨོངས་པའི་ཚུལ་ལས་འདའ་མེད། ལྟ་རྒྱ་མཐོང་རྒྱ་ཡོད་ལ་དཔལ་ཡོན་ལྡན་པའི་རྒྱལ་ཁབ་དག་གི་ལུས་རྩལ་པ་དང་འབྲེལ་འདྲིས་ཟབ་པ་སོགས་ཀྱིས་ཁོ་ཚོའི་རྒྱུ་འབྲས་བློ་མིག་ངང་གིས་སད་པ་ཡིན་ཡང་སྲིད་མོད། གང་ལྟར་ཉམ་ཐག་སྐྱེས་མའི་ཐོབ་ཐང་གི་ཆེད་དུ་རྣམ་འགྱུར་བསྟན་པ་དེ་ནི་རྐང་སྤོལ་ཐེངས་ཤིག་རྒྱལ་བའི་རིན་ཐང་གིས་ག་ལ་ཚད་ཨང་། འགྲོ་བ་མིའི་ཐོབ་ཐང་ནི་ཡོད་ཚད་ལས་འགངས་ཆེ་བ་ཞིག་ཡིན་ཞིང་། དེ་ལ་རྒྱལ་མཚམས་མེད་ཅིང་མི་རིགས་ཞེས་ཀྱང་དབྱེ་རྒྱུ་མེད། ད་རེས་རྐང་གྲུག་ཤོར་ཡང་རྗེས་མར་འབད་ན་ཆོག་མོད། རྒྱལ་ཁབ་ཅིག་དམུ་རྒོད་ཀྱི་ལམ་དུ་སོང་ཚར་ན་ནི་ཁ་ཡར་ལ་འཁོར་བ་དཀའ། དེ་མིན། མིའི་རྒྱུད་ཀྱི་བློ་སྦྱོང་དང་ལེགས་བྱང་སྟེ་བཟང་པོའི་སྤྱོད་པ་དེ་ནི་ལམ་སེང་མིའི་ལུས་ལ་འབྱར་ཡོང་བ་ཞིག་ཡེ་མ་ཡིན། དོན་དུ་རྐང་གྲུག་འགྲན་བསྡུར་ཁྲོད་ནས་ཕམ་ཁ་ཉོས་པ་བདེན་ཡང་། འགྲོ་བ་མིའི་དཔལ་ཡོན་ལ་འཚོལ་སྙེག་བྱེད་པའི་ཟུར་སྣེ་གཞན་དེས་ཁོ་ཚོའི་སྣང་བརྙན་ལ་གསེར་ཆུ་ལྷམ་མེར་བྱུགས་སོང་།
སྤྱིར་ཁ་ཆེའི་རྒྱལ་ཁབ་དག་ན་སྐྱེས་མར་ལྷག་ཏུ་ཚད་བཀག་དང་སྡོམ་གཅུན་ཆེ་ཞིང་། ཐ་ན་མགོ་རས་ཤིག་མ་དཀྲིས་ནའང་སྲོག་ལ་རྒོལ་བའི་ལས་ནི་ཉེན་རྟོག་པ་དང་བཅས་པས་རྩོམ་རྩོམ་ཡིན། ཉེ་དུས་སུའང་ཨི་རན་དུ་དེ་འདྲའི་དོན་རྐྱེན་ཆེན་པོ་གཉིས་འདྲ་བྱུང་ཡོད་ས་རེད། ཁ་ཆེའི་ལུང་པར་སྐྱེས་མ་དང་བུ་མོ་ཚོ་ནི་རྔ་མོང་ཞིག་གི་རིན་ཐང་ཡང་མེད་ལ། སྐྱེས་པ་ཚོས་འདོད་པ་སྤྱོད་ཡུལ་ཁོ་ནར་གྱུར་ཡོད། གལ་སྲིད་ཕྲུ་གུ་སྐྱེད་པའི་བུ་སྣོད་དེ་ཡང་མེད་པ་ཡིན་ན……
ཁ་ཆེའི་ནང་ཁུལ་དང་བསྡུར་ན་སྤྱིར་ཡང་ཨི་རན་ཅུང་ཟད་དྲག་ས་རེད་མོད། ད་ཐེངས་གི་གོ་སྐབས་བཟང་པོ་བེད་སྤྱད་དེ། ཨི་རན་གྱི་རྐང་གྲུག་སྐར་ཆེན་ཚོས། འཛམ་གླིང་རྐང་གྲུག་འགྲན་བསྡུར་གྱི་སྟེགས་བུའི་སྒང་དུ་རང་གི་རྒྱལ་ཁབ་ལ་རྣམ་འགྱུར་ཚ་མོ་བསྟན་སོང་། དེ་ནི་ཁོ་ཚོར་མཚོན་ན་ཐོད་བརྒལ་ཆེན་པོ་ཞིག་ཡིན་ངེས་ལ། དེས་ཁ་ཆེའི་ལུང་པར་ཤུགས་རྐྱེན་མི་ཆུང་བ་ཞིག་ཐེབས་སྲིད་སྙམ། འཛམ་གླིང་ན་སྐད་གྲགས་ཡོད་པའི་མི་ཕོ་ཚོ་མཉམ་དུ་བསྡེབས་ཏེ་རང་འགུལ་གྱིས་རིགས་རུས་གཅིག་པའི་སྐྱེས་མའི་བདེ་སྡུག་ལ་མཐོང་ཆེན་པོ་དེ་འདྲ་བྱེད་པ་ཡར་སྔོན་དུ་གོ་ཐོས་མ་བྱུང་། ཁོ་ཚོའི་བྱེད་སྤྱོད་དེས། ཡུལ་དེའི་སྐྱེས་མ་ཚོ་ནི་ལས་ངན་ནང་གི་ལས་ཆེན་རེད་བསམ་གྱིན་འདུག
གཤམ་དུ་ཨི་རན་གྱི་རྐང་གྲུག་སྐར་ཆེན་ཚོའི་ཡིད་སེམས་འགུལ་བའི་སྐད་ཆ་འགའ་དྲངས་ན། “སྡུག་ཤོས་བྱུང་ན་ང་རྒྱལ་ཁབ་ཀྱི་རུ་ཁག་ནས་མར་འཕུད་རྒྱུ་རེད། མར་ཕུད་ན་ང་ལ་འཁང་ར་སྤུ་རྩེ་ཙམ་མེད། རྒྱུ་མཚན་ནི། ཨི་རན་གྱི་སྐྱེས་མའི་སྐྲ་ཉག་མ་གཅིག་གི་དོན་དུ། ངས་འདི་དག་ཡོད་ཚད་ཕངས་མེད་དུ་གཏོང་ཐུབ་པས་ཡིན། ”
“ ང་ཚོའི་མི་དམངས་མི་བདེ་མི་སྐྱིད་པའི་སྐབས་ན་ཡོད། ང་ཚོ་སྤོ་ལོ་རྒྱག་པར་ཡོང་བ་ཡིན་ན་ཡང་། སྤོ་ལོ་རྒྱག་མཁན་ཞིག་ཡིན་བསམས་ནས། རང་གི་སེམས་གཏམ་དེ་མ་བཤད་ན་མི་འགྲིག རང་གི་མི་དམངས་ལ་བརྩི་བཀུར་མེད་ན་མི་འགྲིག ང་ཚོ་ལ་གང་ཡོད་པ་ཚང་མ་ཁོ་ཚོས་གནང་བ་ཡིན་པས། ཁོ་ཚོའི་དོན་དུ་ང་ཚོས་འཐབ་དགོས་འབད་དགོས། རྩལ་ཡོད་ཚད་བཏོན་ནས་སྤོ་ལོ་ཁ་ཤས་སྒོ་ནང་ལ་འཛུལ་དུ་འཇུག་དགོས། དཔའ་ཞིང་རྟུལ་ཕོད་པའི་ཡུལ་མི་རྣམས་སེམས་མི་ཤོར་བ་ཞིག་བྱེད་དགོས།”ཞེས་བརྗོད་འདུག
བདེན་རྫུན་གྱི་དབྱེ་བ་འབྱེད་པའི་སྤྱན་མིག་ལྡན་ཞིང་ཁུར་སེམས་དང་བློ་ཁོག་ཡོད་ལ། འཕྲལ་ཕུགས་གཉིས་ཀ་མཐོང་བའི་མི་ཕོ་ཉེར་གཉིས་ཀྱིས་གྲུབ་པའི་རུ་ཁག་གང་དེའི་ཕོ་ཁྱོ་ག་ཚོའི་བརྗིད་ཉམས་གསོན་པོ་དེ་མཐོང་བར། མ་གཞི་དབང་ཚོར་རྣོ་ལ་སྙི་ཞད་ཆེ་བའི་ང་རའི་སེམས་ཁམས་ཆུ་ཡེར་བཞིན་དུ་ལྟབ་རྩེག་བརྒྱབ་སོང་།
2022/11/22ཉིན།