ནུབ་རྒྱ་མཚོའི་ཕར་ཁ་ཚུར་ཁ།

ཨ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་(སྟོད་ཆ་)བསྒྱུར་པའི་ཟིན་བྲིས།

མི་ལ་ཙི་ཙི།

བཅུ་གཅིག ག དབྱིན་ཅཱ་རིག་གནས་དབུས་འགྱུར—“རྫ་རྒན་ཀླད།”(དབྱིན་ཅཱ་རིག་གནས་ཀྱི་དབུས་གྲོང་ཁྱེར་ལ“མཱ་ཆི་བི་ཆི”རུ་འབོད་ཅིང་།

དེ་ནིརྫ་རྒན་ཀླདཅེས་པའི་དོན་ཡིན་ཟེར)“དབྱིན་ཅཱ”ནི་དབྱིན་ཏེ་ཨན་པའི་ཚོ་རྒྱུད་ཁི་ཡཱ་ཆཱི(克亚丘)ཟེར་བའི་སྐད་དེ། དོན་ལ“རྒྱལ་པོ”ཡི་དོན་ཡིན་པར་བཤད། ཕྱིས་སུ་སི་ཕེན་བཙན་འཛུལ་པས་ཡུལ་འདིའི་མི་རིགས་ཀྱི་མགོར“དབྱིན་ཅཱ”ཞེས་པའི་མིང་བརྡ་འདི་སྦྱར་བས། རིམ་གྱིས“དབྱིན་ཅཱ་བཙན་རྒྱལ”ལམ“དབྱིན་ཅཱ་རིག་གནས”ཞེས། ནུབ་ཕྱོགས་རྒྱལ་ཁམས་ཀྱི་ས་རྒྱུས་སམ་ལོ་རྒྱུས་ཞིབ་འཇུག་ངོས་ཀྱི་ཐ་སྙད་དུ་ཆགས། དོན་ལ་བཙན་རྒྱལ་འདིའི་མིང་ངོ་མར“གླིང་བཞིའི་རྒྱལ་ཁབ”(四洲之国)ཏུ་འབོད་སྐད། བཙན་རྒྱལ་འདི་ཆགས་ཡུལ་ནི་ཨན་ཏེ་སི་རི་རྒྱུད་ཀྱི་དཀྱིལ་ཏེ། དེ་རིང་གི་ཕུ་རུ(秘鲁)རྒྱལ་ཁབ་ཀྱི་ཕྱོགས་ཆ་དེ་རེད་ལ། དུས་རབས11ནས16པའི་བར་བྱུང་ཟེར་བར་བལྟས་ན། གོང་ནས་གླེང་ཟིན་གྱི་མཱོ་ཞི་ཀོའི་ནུབ་གཤོང་གི་ཨ་ཙཱི་ཐཱ་ཁེ་བཙན་རྒྱལ་བྱུང་བའི་དུས་དང་འཕྲེད་མཉམ་དུ་གདའ། དབྱིན་ཅཱ་ཚོ་རྒྱུད་ཀྱིས་ཀྱང་། མཱ་ཡཱ་ཚོ་རྒྱུད། ཨ་ཙཱི་ཐཱ་ཁེ་ཚོ་རྒྱུད་སོགས་དབྱིན་ཏེ་ཨན་པའི་ཚོ་རྒྱུད་སྤྱི་ནང་བཞིན་ཉི་མའི་ལྷ་ཆེན་མཆོད། དེ་བས་ཁོ་ཚོས་རང་ལ“ཉི་མའི་བུ་རྒྱུད”དང་། དབྱིན་ཅཱ་སྟེ་རྒྱལ་པོ་ལ“ཉི་མའི་སྲས་པོ”རུ་ཡང་འབོད་སྐད། ཨ་ཙཱི་ཐཱ་ཁེ་བཙན་རྒྱལ་གྱི་མེས་པོ་ཚོས་ལྷ་ཡི་ལུང་བསྟན་ལྟར། གཞིས་དབོར་སའི་ཡུལ་ཏེ“མེ་ཏོག་དབང་ལག་འཁྲུངས་ས”ཞེས་པའི་གནས་དེ་རྙེད་པ་ལྟར། དབྱིན་ཅཱའི་མེས་པོ་ཚོས་ཀྱང་ལྷའི་ལུང་བསྟན་ལས་དེ་རིང་གི་ཕུ་རུ་ཡི་ལྷོ་ཤོད་ས་ཆ་ཁུ་སི་ཁཱེ(库斯科)སྟེ“སའི་ལྟེ་བ”ཞེས་པ་འདི་རྙེད་པར་བཤད། ཕྱིས་སུ་རིམ་བཞིན་གནས་དེའི་རི་གསེང་ག་ལ་བ་དེར། མཱ་ཆི་བི་ཆི་སྟེ་གྲོང་ཁྱེར“རྫ་རྒན་ཀླད”ཟེར་བ་དེ་བཏབ་ནས་དབྱིན་ཅཱ་བཙན་རྒྱལ་རིམ་གྱིས་ཆགས། དབྱིན་ཅཱ་རིག་གནས་ཀྱང་ཧ་ལམ་ཨན་ཏེ་སི་རི་རྒྱུད་ཧྲིལ་པོར་ཁྱབ་གདལ་དུ་སོང་། དེ་བས་དེ་རིང་གི་ཕུ་རུ་པས“ཉི་མ་དང་བར་ཐག་ཆེས་ཉེ་སའི་གནས”ཞེས། དབྱིན་ཅཱ་བཙན་རྒྱལ་གྱི་ཤུལ་ནས་བཞེངས་པའི་སའི་ལྟེ་བའམ་ཁུ་སུ་ཁཱེ་གྲོང་ཁྱེར་སོ་སོའི་གཟི་བརྗིད་ཅིག་ཏུ་ངོམ་སོ་བྱེད།རྩོམ་གྱི་མགོ་ནས་ཀྱང་གླེང་བ་ལྟར། སྤྱི་ལོའི་སྔོན་གྱི་ལོ་ཁྲི2ནས་སྟོང5ཡི་བར། མོང་གོལ་རིགས་ཀྱི་ཚོ་སྡེ་ཁག་ཅིག །ཕ་ཡུལ་ཨེ་ཤ་ཡ་དང་གྱེས་ནས་པིར་ལེན་མཚོ་འགག་ལས་མེ་གླིང་དུ་བརྟོལ་ཅིང་། ལོ་ཟླའི་འགྲོས་དང་བསྟུན་རིམ་བཞིན་དབྱིན་ཏེ་ཨན་པའི་མི་རྒྱུད་དུ་འཕེལ་བ་རེད། གནའ་དཔྱོད་རིག་པ་ལྟར་ན། སྤྱི་ལོའི་སྔོན་གྱི8500ལོ་ནས་སྤྱི་ལོའི་སྔོན་གྱི1000ལོའི་བར། དབྱིན་ཅཱ་རྒྱལ་རབས་ཀྱི་མེས་པོ་ཚོས་ཀྱང་། ཨན་ཏེ་སི་རི་རྒྱུད་ཀྱི་དཀྱིལ་རྒྱུད་ལ་གཞིས་ཕབ་ཅིང་གདོད་མའི་ཞིང་ཕྱུགས་ལས་རིགས་དར་བའི་རྩེ་མོར་བསྐྱལ། ཕྱིས་སུ་ཡུལ་ལུང་དེ་དག་ནས་ཆཱ་ཝིན(查文)རིག་གནས། ཏི་ཝ་ནཱ་ཁུ(蒂瓦纳科)རིག་གནས་སོགས་བྱུང་བར་སྐད། དེའི་རྗེས་ཀྱི་སྤྱི་ལོ1243ལོར། “སའི་ལྟེ་བ”(ཁུ་སི་ཁཱེ)ནས“གླིང་བཞིའི་རྒྱལ་ཁབ”(དབྱིན་ཅཱ་བཙན་རྒྱལ)བཙུགས་ཏེ་རྒྱལ་རབས12ལ་རྒྱལ་པོ13བྱུང་། ཨན་ཏེ་སི་རི་རྒྱུད་ཀྱི་མངའ་ཁོངས་ཕལ་མོ་ཆེར་ཐེལ་གཏོང་ལུང་སྒྱུར་གནང་། མཐར་ཐུག །སྤྱི་ལོ1532ལོར་སི་ཕེན་གྱིས་བཙན་རྒྱལ་དེའི་རྒྱལ་པོ་ཐ་མ་བསད་པས། མི་ལོ289ལ་དར་བའི་དབྱིན་ཅཱ་རིག་གནས་ཀྱི་ཆུ་རྒྱུན་རྦད་དེ་ཆད་སོང་བ་རེད།ཁོ་བོས རྡོ་རྩིག་གིས་བཞེངས་པའི་གནའ་བོའི་ཨར་པོ་ཞིགསྔོ་བསངས་ཀྱི་ཨན་ཏེ་སིའི་གཡང་གཟར་ཁྲོད་ཕྲ་རུ་བཏབ་ཡོད་པ་མཐོངཁོ་བོས གཅུན་ཐབས་མེད་པའི་ཆུ་ཀླུང་རྒོད་པོ་ཞིག མི་ལོ་བརྒྱ་ཕྲག་དུ་མའི་ཆར་རླུང་གིས་གཙུབ་བརྡར་བྱས་ཡོང་བའིངག་མི་སྨྲ་བའི་མཁར་རྫོང་ཞིག་གི་རྐང་འོག་ནས་རྩལ་གྱིས་མཆོང་ཞིང་རྒྱུག་པ་མཐོང

འདི་ནི་ཆི་ལིའི་སྙན་ངག་གི་རྒྱལ་པོ་ཕཱ་པོལ・ནཱེ་ལོ་ཏ(巴勃罗・聂鲁达)ཡིས་བརྩམས་གནང་བའི་སྙན་རྩོམ་རིང་མོ་སྟེ། ཁ་བྱང་ལ《མཱ་ཆི་བི་ཆི》ཟེར་བ་དེའི་ནང་གི་ཚན་པ་གཅིག་རེད། 1933ལོར། འཛམ་གླིང་ཨར་སྐྲུན་མཐུན་ཚོགས(CIAM)ཀྱིས《ཡཱ་ཏེན་ཡིག་ཆ》(《雅典宪章》)ཟེར་བ་བཏོན་ཏེ། གནའ་བོའི་ཀེ་རི་སེའི་ཨར་སྐྲུན་བཟོ་རྩལ་རིག་གནས་ཁག །ནུབ་གླིང་མཐོ་སློབ་ཀྱི་འཛུགས་སྐྲུན་སློབ་གསོའི་བསླབ་གཞིའི་ཁྲོད་བཅུག་ཅིང་། 1977ལོར། མེ་གླིང་གི་མཁས་པ་ཚོའི་འབད་བརྩོན་འོག །དེ་འདྲའི་སྐལ་བ་ཡག་པོ་མཱ་ཆི་བི་ཆིའི་མགོར་ཡང་བབས། ཉིན་དེར་རང་ཉིད་མཱ་ཆི་བི་ཆིའི་སྙན་ངག་པ་རུ་འབོད་རྒྱུར་དགའ་བའི་ནཱེ་ལོ་ཏས། “མཱ་ཆི་བི་ཆི་ནི། འགྲོ་བ་མིའི་ཆེས་བཀུར་དུ་འོས་པའི་རིག་གནས་བཙོ་སྦྱངས་བྱེད་སྤྱད་ཐབ་མོ་ཆེ་ཞིག་རེད། དེས་དུས་ཡུན་རིང་པོའི་ནང་ང་ཚོའི་མི་སྨྲ་བའི་ངག་ལ་རེ་བ་བཅོལ་ཏེ་ཡོད། དེ་རིང་འདིར་འདུས་མཁས་པ་རྒྱ་མཚོའི་འབད་འབུངས་འོག །བསྐལ་པའི་བར་ཁུ་སིམ་མེར་ལུས་ཡོད་པའི་མཱ་ཆི་བི་ཆིས་ངག་གི་སྒོ་མོ་གློད་སོང་། དེ་རིང་གྲོས་འཆམ་བྱུང་བའི་ཡིག་ཆ་འདིས་ཏག་ཏག་དེ་མཚོན”ཞེས་ཚོགས་གཏམ་བཏང་། 

དེ་ལྟར། ཡཱ་ཏེན་ནི་ནུབ་ཡོ་རོབ་ཀྱི་རིག་པའི་འབྱུང་གནས་རེད་ལ། དེས་ཨལ་སི་ཏོ་ཏེ་དང་ཕུ་ལ་ཐཱོའི་དཔྱོད་ཤེས་རིང་ལུགས་མཚོན། འོན་ཀྱང་མཱ་ཆི་བི་ཆི་ནི་ཡུལ་མཐའ་འཁོབ་ཅིག་གི་རིག་གནས་རང་རྐྱ་པ་ཞིག་ཏུ་ཆགས་པ་རེད་ལ། གལ་ཆེ་ཤོས་ནི་དེ་ལ་ལོ་རྒྱུས་གཏན་ཚིགས་རིག་པ་རྐྱང་གིས་འགྲེལ་དུ་མེད་པ་དེ་རེད།

དེའི་ཕྱིས་ཀྱི1983ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོག་འཐུས་ཐོབ་སྟེ། ས་ཁེབས་ན་སྤྱི་ལེ་ཁ་གང་མ5ཙམ་ལས་མེད་ཅིང་། དེ་རིང་བར་མི་ལོ700ལྷག་གི་ལོ་རྒྱུས་ལྡན་པའི་གནའ་མཁར་མཱ་ཆི་བི་ཆི། གཞི་ནས་མིའི་རིགས་ཀྱི་ཤུལ་བཞག་སྤྱི་ནོར་ཁྲོད་བཀར་འཇུག་བྱས་སོ། །

གོང་དུ། མེ་གླིང་གི་གཉུག་འབངས་དབྱིན་ཏེ་ཨན་པའི་གནའ་བོའི་རིག་གནས་ཀྱི་དབུས་འགྱུར་གསུམ་ག་ངོ་སྤྲོད་དོད་ཙམ་རེ་བྱས་ཟིན། འདིའི་དམིགས་ཡུལ་ནི། གནའ་ནས་དེང་གི་བར། བཙན་འཛུལ་མཁན་ཚོས་ཁོ་ཚོ་ནི་བདེ་སྐྱིད་ཁྱེར་ཡོང་མཁན་ཡིན། ཁོ་ཚོ་འཛུལ་སའི་ཡུལ་དེ་ནི་མུན་པའི་ཁྲོད་ཀྱི་དམུ་རྒོད་ཡིན་པས། ངེས་པར་དུ་བཅིངས་འགྲོལ་གཏང་དགོས་ཡོད་ཅེས་ལབ་རྒྱུར་དགའ་བ་ནང་བཞིན། མེ་གླིང་དུ་འཛུལ་མཁན་ཡོ་རོབ་ཀྱི་མི་སེར་སྤེལ་མཁན་ཚོར་མཚོན་ན་ཡང་། ཁོ་ཚོས་ཡུལ་དེར་བདེ་བ་བསྐྱལ་བ་རེད་དམ་དུཿཁ་བཟོས་པ་རེད། ཁོ་ཚོས་ཡུལ་དེ་བཅིངས་འགྲོལ་བཏང་བ་རེད་དམ་སྒྲོག་ཏུ་བཙུད་པ་རེད། གནས་ལུགས་བརྩི་བའི་སྐྱེ་བོ་ཞིག་ཡིན་ཕྱིན། དེའི་ལན་སེམས་ན་མེད་མི་སྲིད། དེ་ལྟ་ན། ང་ཚོས་ནུབ་ཡོ་རོབ་པ་མེ་གླིང་དུ་འཛུལ་རྗེས། མི་རྒོད་འགའ་ཞིག་གཡུང་ལ་ཕབ་པའམ་ཚར་བཅད་རྗེས། མཐའ་འཁོབས་ཀྱི་ཡུལ་དེར། ཡེ་ཤུའི་ཆོས་ཀྱི་བྱམས་བརྩེ་དང་དེང་རབས་ཅན་གྱི་དཔལ་ཡོན་ཁོ་ན་བསྐྲུན་པ་ཙམ་མིན་ལུགས་ཅུང་ཙམ་ཧ་གོ་ཡོང་།

“་་་མི་ལོ40ཡི་རིང་། སི་ཕེན་གྱི་ཡ་ང་བའི་དབང་སྒྱུར་འོག །ཉེས་མེད་ཁག་མེད་ཀྱི་དབྱིན་ཏེ་ཨན་པ་ཁྲི1200ཁ་བཏགས་པ་རེད། དེ་ལྟར་ཡེ་ཤུ་ཆོས་ལུགས་ཀྱི་དད་ལྡན་དེ་ཚོས་རང་གི་ལག་ཟུང་མི་ཁྲག་ངར་མའི་ཁྲོད་བསྒྲེ་ལ་མི་འཚེར་དོན་གཞན་མ་རེད། ཏག་ཏག་ཞག་མ་གཅིག་གི་ཡུན་ལ་གསེར་ནག་སྐག་ལ་བརྒྱབ་སྟེ་ཕྱུག་པོ་གཏེར་བདག་ཏུ་ཆགས་འདོད་རེད་་་”

ཀཱོ་ལིན་པུས1492ལོར་མེ་གླིང་སྐམ་ས་མཐོང་སྟེ་མི་ལོ50ཕྱིན་པའི1542ལོར། སི་ཕེན་གྱི་ཆོས་དཔོན་ཁཱ་ས་སི(巴托洛美・德拉斯・卡萨斯)ཟེར་བས། སོ་སོའི་ལོ་ངོ50ཡི་དངོས་མཐོང་ལག་ཟིན་ལྟར་སི་ཕེན་གྱིས་མེ་གླིང་ལྷོ་མ་ནས་མི་སེར་སྤེལ་ཕྱིར། མི་ལོ་སྟོང་ལ་དཀའ་ཚེགས་ཀྱིས་བཞེངས་པའི་རིག་གནས་དང་ལྷན་ཅིག །ཡུལ་དེའི་གཉུག་འབངས་དབྱིན་ཏེ་ཨན་པ་རྩ་བརླགས་བཟོས་པའི་བྱུང་བ— ནུབ་ཧིན་རྡུ་བཅོམ་པའི་ལོ་རྒྱུས》(《西印度毁灭史略》)ཞེས་པ་བརྩམས་ནས། ཚུལ་དེར་རྨོངས་ཏེ་ཡོད་པའི་མི་རྣམས་གློ་བུར་ཧང་སང་དུ་བཅུག །སི་ཕེན་གཞུང་གིས“མེས་རྒྱལ་ལ་ངོ་ལོག་བྱེད་མཁན”དང“ལྷ་སྒྲུང་ནག་པོ་བཟོ་མཁན”ཞེས་ཁཱ་ས་སིར་ཁྱད་གསོད་དང་འཇིགས་སྣང་བསྐུལ། འོན་ཀྱང་། 1566ལོར་དགུང་གྲངས92སྟེང་ཚེ་ལས་འདའ་བའི་བར། མི་ལོ70ཡི་རིང་འདུར་རྒྱུག་གི་གོམ་མཚམས་མ་བཞག་པར། ཆོས་དཔོན་ཁཱ་སི་སི་ཡོ་རོབ་ནས་མེ་གླིང་སྐམ་སའི་བར་ལན་གྲངས14ལ་གཤེགས་བཞུད་བྱས་ཏེ། སོ་སོའི་མི་ཚེ་རིང་མོ་དབྱིན་ཏེ་ཨན་པའི་སྐྱིད་སྡུག་ལ་ཉེ་ལ་བསྟིམས་སོང་བ་རེད། མ་ཟད་རྒྱ་ཁྱབ་རིག་པའི་སྡེ་ཡི་དྲང་བདེན་བདར་ཤའི་འོག །ཁོའི《ནུབ་ཧིན་རྡུ་བཅོམ་པའི་ལོ་རྒྱུས》དང་། དེ་མཚུངས་ཞིབ་འཇུག་གཞན་རྣམས་ཀུན་ལ་བདེན་ཁ་འཕྲོད་དེ། མེ་གླིང་ཆམ་ལ་ཕབ་པའི་ལོ་རྒྱུས་ཞིབ་འཇུག་ལ་མེད་ཐབས་མེད་པའི་རྒྱུ་ཆ་རྩ་ཆེན་དུ་གྱུར། མགོ་ཡི་ཚན་པ་དེ་ནི་ཁོའི་དེབ་དེའི་ནང་གི་ཚིག་དུམ་ཞིག་རེད། 

གོང་སྨྲས་ལྟར། མེ་གླིང་དུ་བཙན་འཛུལ་བྱས་པའི་ཆ་ནས། སི་ཕེན། ཕོར་ཐི་གལ། ཧྥ་རན་སི། དེ་བཞིན་དབྱིན་ཇི་བཅས་ལས་གཏུམ་པ་མི་འདུག །དེ་ལས་སི་ཕེན་གྱིས་མེ་གླིང་བར་མར་གནས་འཆའ་བའི་དབྱིན་ཏེ་ཨན་རིག་གནས་ཀྱི་དབུས་འགྱུར་གསུམ་ག་བཅོམ་ཞིང་། ཆོས་དཔོན་ཁཱ་ས་སིས་བཤད་པ་བཞིན་ཡུལ་དེའི་གཉུག་འབངས་བྱེ་མའི་རྡུལ་དུ་འཐག་སོང་བ་དེ་རེད། དེའི་ཕྱིས་དབྱིན་ཧྥ་བར་ལངས་པའི་ལོ་ངོ7གྱི་དམག་འཁྲུག་སོགས་ལས་ཀྱང་། མེ་གླིང་བྱང་མ་རུ་འཚོ་བའི་མི་རིགས་ལས་ངན་འདི་མུ་མཐུད་དུ་རྩྭ་སྐྱ་མེ་ཤོར་ལྟ་བུའི་རྐྱེན་ངན་དུ་ཤོར་བ་རེད། ཡང་ཁོ་བོའི་རྩོམ་ལྷེ་འདི་གཙོ་བོ་ཨ་རིའི་རང་བཙན་ལོ་རྒྱུས་ཀྱི་ཟིན་བྲིས་ཡིན་ས་ནས། དབྱིན་ཇི་བསྐྲད་ཤུལ་དུ་ཚུགས་པའི་རྒྱལ་ཁབ་གསར་པ་ཨ་མེ་རི་ཀས། གཉུག་གནས་མི་རིགས་དམར་པོ་དེའི་སྟེང་སྲིད་ཇུས་ག་འདྲ་བསྟར་བའི་སྐོར་གང་འཚམ་གླེང་རྒྱུ་ལས་འོས་ཁུར་གཞན་མ་མཆིས་པས་ཡིག་ཟོར་བསྐྱུང་བར་བྱ།

ཡ་ཐོག་མོང་གོལ་གྱི་ཚོ་སྡེ་དེ། ཨེ་ཤ་ཡ་ནས་པིར་ལེན་མཚོ་འགག་བརྒལ་ཏེ་མེ་གླིང་དུ་བརྟོལ་རྗེས་དབྱིན་ཏེ་ཨན་པའི་རིགས་རྒྱུད་རིམ་བཞིན་འཕེལ། གདོད་མའི་སྤྱི་ཚོགས་ནས་བྲན་གཡོག་སྤྱི་ཚོགས་སུ་བརྒལ་བ་དང་བསྟུན། ཤེས་རིག་དར་སྔ་བའི་ཚོ་སྡེ་ཁག་རིམ་བཞིན་མེ་གླིང་གི་བྱང་ངོས་ནས་བཏེགས་ཏེ། ལྷོ་ངོས་ཨན་ཏེ་སི་རི་རྒྱུད་ཀྱི་དཀྱིལ་རྒྱུད་གདོད་མའི་ནགས་ཁྲོད་དག་ཏུ་གཞིས་བསྐྱས། རིམ་བཞིན་གནས་དེ་ནས་དབྱིན་ཏེ་ཨན་པའི“རིག་གནས་ཀྱི་དབུས་འགྱུར་གསུམ”བྱུང་། དེ་བས་ལྟོས་བཅས་སུ་བྱང་ཨ་རིར་གཉུག་འབངས་ཀྱི་མི་འབོར་ཉུང་ཞན་དུ་འདུག་ཚོད། དེ་ལྟ་མོད་ཀྱི། ཨ་མི་རི་ཀའི་ལག་ངོར་དབྱིན་ཏེ་ཨན་པའི་ཁྲག་དམར་འགོས་མེད་པ་ག་ལ་ཡིན། དེ་ལས་དཔེ་རུ་འོས་པ་ནི་དུས་རབས19པའི་ནང་བྱུང་བའི“ནུབ་སྐྱོད་ལས་འགུལ”རྫོགས་དུས། དབྱིན་ཏེ་ཨན་པའི་མི་གྲངས་ཁྲི24ལ་གཏུགས་ཟེར་བ་དེ་རེད། ཡང་རང་བཙན་དམག་འཁྲུག་རྫོགས་དུས་དབྱིན་ཏེ་ཨན་པར་མི་གྲངས་ཁྲི50ཡོད་ཟེར་བར་བལྟས་ན། ལས་འགུལ་དེའི་ཁྲོད་ཧ་ལམ་མི་འབོར་ཁྲི20ལྷག་ཤི་གོད་དུ་སོང་བའི་བཟོ་ཞིག་འདུག །ལར་གྲངས་ཀ་འདི་རིགས་ལ་གཙིགས་ཚོད་མི་འདུག་མོད། “ནུབ་སྐྱོད་ལས་འགུལ”ལ་ལོ་རྒྱུས་ཐོག་དབྱིན་ཏེ་ཨན་པའི“ཁྲག་དང་མཆི་མའི་ལམ་བུ”ཟེར་སྲོལ་འདུག་པས། དྲན་པ་ཙམ་གྱིས་ཀྱང་ཧང་སང་བ་ཞིག་ཡོང་།

“ནུབ་སྐྱོད་ལས་འགུལ”གྱི་ཇུས་གཞི་དེ་ནི། ཏག་ཏག《རང་བཙན་བསྒྲགས་གཏམ》འབྲི་མཁན་ཐཱོམ་སི・རྗེ་ཧྥོ་སན་ཨ་རིའི་སྲིད་འཛིན(གསུམ་པ)དུ་སྡོད་རིང་བཏོན་པ་རེད། དེའི་ནང་དོན་ནི། མཱེ་སཱེ་སཱེ་པི་གཙང་པོའི་ཤར་ངོས་ན་ཡོད་པའི་དབྱིན་ཏེ་ཨན་པའི་ཚོ་སྡེས། སོ་སོའི་མི་རབས་རྒྱུད་ཀྱི་གཤིན་ས་མཐའ་མེད་སྣུམ་སྐེག་མ་དེ་མི་དཀར་ལ་བསྐྱུར་ནས། ཨ་རི་བས་ངམ་ཐང་སྐྱ་མོ་རུ་འབོད་པའི་ནུབ་ཁུལ་དུ་གཞིས་དབོར་དགོས་པ་དེ་རེད། དེ་བས། སྲིད་འཛིན་རྗེ་ཧྥོ་སན་གྱིས་ནུབ་ཁུལ་རྟོག་ཞིབ་ལ་རྫོང་བདའ་བརྒྱབ་པའི་སྐུ་སྒེར་དྲུང་ཆེ་ལི་ཝེ་སི(刘易斯)དང་ས་རིས་མཁས་པ་ཀེ་ལ་ཁི(克拉克)གཉིས་ནི། དོན་དམ་པར་བཤད་ན་ཞི་བདེའི་ཕོ་ཉ་མ་ཡིན་པར། མི་དཀར་ལ་རྔུལ་ཆུ་ཉུང་ཙམ་ལས་མི་ཐོན་ཕྱིར་མི་དམར་ལ་ཁྲག་དྲོན་མང་ཙམ་བཞུར་དགོས་པའི་ཇུས་སྡིག་ཏོ་ཅན་དེའི་སྣ་འདྲེན་རང་རེད།

ཏན་ཏན1783ནས1796ལོའི་ལོ་ངོ13གྱི་རིང་། ཨ་རི་སྲིད་གཞུང་གིས་དབྱིན་ཏེ་ཨན་པའི་ལག་ནས་དབྱིན་མུའུ་ཁྲི4800ཡི་ཞིང་ས་གཡོ་འཕྲོག་བྱས་ཟེར། ཆོག་ཤེས་བྲལ་བའི་སྐམ་སྲེད་དེ་མཐོང་བའི་ཝ་ཤེན་ཊིན་གྱིས1795ལོའི་ཟླ1ཚེས22ཉིན་གཟུ་བོའི་སོ་ནས། “ཁོ་ཚོས་ང་ཚོ་དགྲ་རུ་བཟུང་བས་ང་ཚོར་གནོད་འཚེ་མང་པོ་ཐེབས། འོན་ཀྱང་བརྗེད་མི་རུང་བ་ནི། ཁོ་ཚོར་ངོ་མ་ཁག་མེད། ང་ཚོའི་མི་རྣམས་ཀྱིས་ཁོ་ཚོའི་ས་ཆ་ཧམ་བཟུང་བྱས་རུང་ཁོ་ཚོར་ཞུ་ས་གཏུག་ས་མེད། ཐ་ན་ལས་ངན་གྱི་སྐྱེ་བོ་དེ་ཚོར་སྡུག་ཡུས་ཞུ་སའི་ཚགས་པར་ཅིག་ཀྱང་ཡོད་པ་མ་རེད་ཅེས”ལབ། དབྱིན་ཏེ་ཨན་པའི་སྲིད་བྱུས་གླེང་དུས་ཁོས། “ང་ཚོས་གདོད་མའི་ཚོ་སྡེ་འདི་དག་དང་འདྲ་མཉམ་གྱི་གན་ཆིངས་འབྲི་དགོས། གཞོགས་གང་ཞིག་ཆིངས་ལ་མ་གནས་ན། དེ་མཚུངས་ཁྲིམས་ཆད་གཉའ་ལ་འབོག་དགོས། ལྷག་པར་གསལ་འདེབས་ཞུ་དགོས་པ་ནི། ང་ཚོའི་སྤྱི་འབངས་ཀྱིས་ཁྲིམས་དང་རྒྱུ་འབྲས་ཁྱད་གསོད་སྒོས། ཐ་ན་ཉེས་ཁག་ཡོད་མེད་ལ་ཡང་མི་བལྟ་བར། ཁོ་ཚོར་ཁྲག་དྲི་འཐུལ་བའི་དམར་འཇོམས་བཏང་བ་སོགས་ནག་ཉེས་བཟོས་རུང་། བས་མཐའི་ཁྲིམས་ཁང་གིས་ཡ་ང་བའི་རྣམ་པ་དེ་མ་མཐོང་མ་ཐོས་ཁུལ་བྱེད། དེ་ལྟར། ཉེས་ཅན་ལག་དམར་ཁྲིམས་ཀྱིས་མི་འཆུམ་པར་རང་དབང་རྒྱ་ཡན་ན་འཚོ། ཁོ་བོས་ཚིག་ཐག་གཅད་ཐུབ་པ་ནི། འདི་འདྲའི་སྲོལ་ངན་མ་བསྒྱུར་ན། འུ་ཚོ་དབྱིན་ཏེ་ཨན་པ་དང་ཞི་བདེ་མཉམ་གནས་ཡོང་ཟེར་བ་སྲིད་མཐའ་ཙམ་མོ”ཞེས་ཉེན་བརྡ་བརྒྱབ། ཁོས་ད་དུང“སྔོན་ཆད་བཞག་པའི་ས་ཆིངས་གང་ཞིག་དྲང་བདེན་མིན་ན། འུ་ཚོས་ཁོ་ཚོར་སྐྱིན་ཚབ་གཞལ་དགོས། ཡང་ན་ཆིངས་ཡིག་དེ་དང་འབྲེལ་བའི་ས་ཆ་ཁ་ཚང་ཁོ་ཚོར་ཕྱིར་བསློག་དགོས”ཞེས་བཤད། “ཨ་རིའི་མངའ་ཁོངས་སུ་བཅད་ཟིན་པའི་ས་ཆ་ཕྱིར་སྤྲོད་པ་ནི་ཁྲིམས་དང་འགལ་ལོ། །”ཞེས་དེ་ལ་རྗེ་ཧྥོ་སན་གྱིས་མཐའ་གཅིག་ཏུ་རྒོལ། དེ་ལྟར་སྲིད་འགན་བཞེས་ཐེངས་དང་པོའི་ནང་། ཝ་ཤེན་ཊིན་གྱིས་དབྱིན་ཏེ་ཨན་པར་གདུང་སེམས་བསྐྱེད་ཅིང་འབྲེལ་ལམ་ལེགས་བཅོས་བྱས་རུང་། རྗེ་ཧྥོ་སན་སྲིད་འཛིན་དུ་བསྡད་རྗེས“ནུབ་སྐྱོད་ལས་འགུལ”སྤེལ་འགོ་བརྩམས་ཤིང་། ནང་སྒོས་སུ་དེ་ནས་བརྩིས་པའི་ལོ་ངོ28འཕྲོ་ཡི1829ལོར། སྲིད་འཛིན7པ་ཨེན་ཏི་ཝོ・རྗེ་ཁི་སན་གྱིས《དབྱིན་ཏེ་ཨན་པ་གནས་སྤོ་བའི་ཁྲིམས་ཡིག》གསར་འཛུགས་ཐོག །དམར་གཉོག་གི་དྲག་ཤུལ་ལག་ཏུ་བསྟར་ཏེ། ཤར་ལྷོའི་ཁུལ་གྱི་དབྱིན་ཏེ་ཨན་པ་ཡོངས་རྫོགས་ནུབ་བྱང་ཁུལ་དུ་འཕུད་པའི་འགོ་བརྩམས་པ་རེད། མདོར་ན། ཐཱོམ་སི・རྗེ་ཧྥོ་སན་སྲིད་འཛིན་དུ་བསྡད་པའི180lལོ་ནས། ཨེ་པིར་ཧམ・ལིན་ཀེན་གྱིས་བརྒྱབ་པའི1861ལོའི་ཨ་རིའི་ནང་འཁྲུག་བར་གྱི་མི་ལོ་ཧྲིལ་པོ60ཡི་རིང་། གཉུག་འབངས་དབྱིན་ཏེ་ཨན་པའི་ཚོ་སྡེ་ཁག །ཤི་གོད་ཡ་ང་བ་དང་བསྡོངས་ནས་རིམ་གྱིས་ནུབ་བྱང་གི་ངམ་ཐང་དུ་བུད་པ་རེད། འོན་ཀྱང་། ཨ་མེ་རི་ཀ་རྒྱལ་ཁབ་ཀྱི་ཐོག་མའི་གཞི་རྒྱུ་སྟེ—རང་དབང་དང་ཁྲིམས་ཀྱི་སྙིང་སྟོབས་ནི། ལོ་རྒྱུས་ཀྱི་འཕེལ་རྒྱུན་དང་བསྟུན་ནས་ཤིང་ནྱ་གྲོ་དྷ་བཞིན་ས་ཆེན་ཁེབས་ཁེབས་སུ་ལོ་འདབ་རྒྱས་ཤིང་འབྲས་བུ་སྨིན་པས། མི་རིགས་ལས་ངན་དབྱིན་ཏེ་ཨན་གྱི་སྲོག་དབུགས་ཀྱང་ག་ལེར་སླར་མཐུད་ཐུབ་ཙམ་བྱུང་།རྒྱལ་ཁོངས་སུ་གཏོགས་པའི་ཚོ་པའི་མངའ་ཁོངས།ཁྱད་པར་ཅན་དང་སྒེར་ཚུགས་སུ་མཆིས་པའི་ཆབ་སྲིད་སྤྱི་ཚོགས།

རྗོན・མཱ་ཧྲོལ(约翰・马歇尔)ནི། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་པ་རེད། ཨ་རི་བས་དེ་རིང་བར་ཁོར“རླབས་ཆེ་བའི་ཁྲིམས་དཔོན”ཞེས་བཀུར་བཟོ་བླ་ལྷག་བྱེད། གོང་གསལ་གྱི་སྐད་ཆ་དེ་གཉིས་ནི། 1831ལོར་ཨ་རི་སྲིད་གཞུང་གིས་དབྱིན་ཏེ་ཨན་པར“སོར་བཞག་སྡོད་ཁུལ”(“保留地”)གཏན་ལ་ཕབ་རྗེས། ཁྲིམས་དཔོན་ཆེན་མོ་མཱ་ཧྲོལ་གྱིས་ཨ་རིའི་རྩ་ཁྲིམས་ཀྱི་ངོས་ནས་ལམ་ལུགས་དེ་ལ་ཆེས་མཐོའི་འགྲེལ་རྒྱག་སྟངས་རེད། ནང་སྒོས་ཨ་རིའི་ལྷོ་བྱང་དམག་འཁྲུག་གི་ཡོ་ལང་ཞི་ནས་བཟུང་། དབྱིན་ཏེ་ཨན་པ་རང་ངོས་ནས་ཨ་རིའི་རྩ་ཁྲིམས་ལག་ཆར་སྤྱད་ཅིང་། སྔོན་ཆད་མི་དཀར་དང་བཞག་པའི་ཆིངས་ཡིག་ཅི་རིགས་བདེན་དཔང་དུ་བཀྲམ་ནས། ཨ་རིའི་སྲིད་གཞུང་དང་ལོ་ཟླ་རིང་མོར་གྱོད་གཏུགས་བྱས་ཏེ། 《རང་བཙན་བསྒྲགས་གཏམ》ནང་བཀོད་པའི“མི་རེ་རེ་བཞིན་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན”ཟེར་བ་ལྟར། དབྱིན་ཏེ་ཨན་པར་རྩ་ཁྲིམས་ཀྱི་ངོས་ནས། མི་དཀར་དང་ཁྱད་མེད་པར་ཡོད་འོས་ཀྱི་ཁེ་དབང་ཡོངས་སུ་ཐོབ། དེ་ལྟར་མི་ལོ185འདས་པའི2015ལོར། དབྱིན་ཏེ་ཨན་སྤྱི་ཁྱབ་ཡིག་ཚང(Bureau of Indian Affairs印第安事务局)གི་སྡོམ་རྩིས་ལྟར་ན། དེའི་བར་ཨ་རིར་རིགས་དབྱེ་རུ་ཡོད་པའི་དབྱིན་ཏེ་ཨན་ཚོ་བ567དང་སོར་བཞག་སྡོད་ཁུལ326བགོས་ཡོད་ལ། སྤྱིའི་ས་རྒྱ་ན་དབྱིན་མུའུ56,200,000(ཧ་ལམ་སྤྱི་ལེ་ཁ་གང་མ་ཁྲི23ཙམ་རེད)ཡོད་པར་བཤད། ནང་སྒོས་མི་གྲངས་ཀྱང་ནང་འཁྲུག་སྐབས་ཀྱི་ཁྲི24ཙམ་ནས། ད་ལྟའི་ཁྲི200ལྷག་ལ་འཕེལ་ཡོད་ཟེར། གལ་ཆེ་ཤོས་ནི་མི་གྲངས་ཙམ་འཕེལ་བས་ཀྱང་མ་རེད། གཙོ་བོ་ཨ་རིའི་རྩ་ཁྲིམས་ཀྱིས་ཐེ་ཇུས་བྱ་མི་ཆོག་པའི་མཐུན་རྐྱེན་འོག །སོ་སོའི་ཚོ་པའི་བཅའ་ཁྲིམས་ལྟར་སྲོལ་རྒྱུན་རིག་གནས་བསྐྱངས་ཆོག་པར་མ་ཟད། དེ་ལ་ཨ་རིའི་རྩ་ཁྲིམས་ཀྱིས་མཐའ་གཅིག་སྲུང་སྐྱོབ་བྱེད་པ་དེ་རེད། 

དེ་ལྟར། སོ་སོའི་སྔར་གྱི་ཉེས་བྱས་ལ་སུན་འབྱིན་དང་ཁས་ལེན་གནང་ལ། ནང་སྒོས་བཤགས་སྡོམ་གྱི་སེམས་བག་དང་བཅས། རང་དབང་དང་ཁྲིམས་ཀྱི་སྙིང་སྟོབས་ངོས་ནས། ཕ་ཡུལ་མེ་གླིང་གི་ཕྱིར། བཟོད་དུ་མེད་པའི་སྡུག་བསྔལ་མཐའ་ཡས་མྱངས་མཁན་གཉུག་གནས་མི་རིགས་འདི་ལ་རོགས་ཕན་ཅི་དགའ་གནང་བ་འདི་ཡང་། ཨ་མེ་རི་ཀའི་བཟོ་ལྟ་ཡག་ཤོས་ཤིག་མིན་པ་མ་རེད།༢ བྲན་འབངས་ནག་པོ།

ཨ་རིའི་ལོ་རྒྱུས་ཀྱི་དཔེ་དེབ་ཁ་ཕྱེ་ན། དབྱིན་ཏེ་ཨན་པར་གཟུར་དུ་མེད་པ་དང་འདྲ་བར། མི་ནག་བྲན་གཡོག་ལ་ཡང་ཅི་སྟེ་འབྱོལ་དུ་ཡོད།

ལར། རང་ཉིད་བྲན་གཡོག་ལམ་ལུགས་ཀྱི་ཁེ་ཕན་རག་མཁན་བྲན་བདག་ཅིག་ཡིན་མོད། 1776 ལོར། རྗེ་ཧྥོ་སན་གྱིས་ཁ་གསལ་གཏིང་གསལ་ངང《རང་བཙན་བསྒྲགས་གཏམ》ནང་ཡ་ང་བའི་བྲན་གཡོག་ལམ་ལུགས་དེ་ཡུ་མེད་བཟོ་དགོས་པ་བྲིས་གནང་། དེ་མཚུངས་ཨ་ཊམ་སིས་བྲན་གཡོག་ལམ་ལུགས་ལ་མཐའ་གཅིག་ཏུ་རྒོལ། ཧྥུ་རན་ཁི་ལིན་གྱིས་འཛམ་གླིང་སྟེང་གི་བྲན་གཡོག་ལམ་ལུགས་ལ་རྒོལ་བའི་མཐུན་ཚོགས་ཐོག་མ་དེ་བཙུགས། འོན་ཀྱང་། 《རང་བཙན་བསྒྲགས་གཏམ》ནང་བྲན་གཡོག་ལམ་ལུགས་ལ་རྒོལ་བའི་ས་བཅད་དེ་དག་བཅུག་པ་ཡིན་ན། བྲན་གཡོག་ཉར་མཁན་ལྷོ་ཕྱོགས་མངའ་སྡེ་གང་མང་གིས་མིང་རྟགས་མི་འགོད་པས། རང་དབང་སྨྲ་བའི་བསམ་བློ་བ་ཚོ་འུ་ཐུག་སྟེ་ཟི་ར་ཚག་ཚག་འཕྲོ་བའི་ཡིག་འབྲུ་དེ་དག་ཕྱིར་འཐེན་ཞིང་། དེའི་རིན་དོད་དུ་མངའ་སྡེ་བཅུ་གསུམ་པོ《རང་བཙན་བསྒྲགས་གཏམ》ལ་འཆམ་ཞིང་དབྱིན་རྒོལ་ལ་མདུང་སོ་མཉམ་གཏོད་བྱ་རྒྱུ་བྱུང་།

1787ལོར་རྩ་ཁྲིམས་བཟོ་དུས། དམངས་གཙོ་དང་རང་དབང་གི་བསམ་བློས་ཨ་རིར་ལམ་སྟོན་གནང་མཁན་གཙོ་འཛིན་ཚོས། ལྷོ་ཕྱོགས་ཀྱི་མངའ་སྡེ་ཁག་རྒྱལ་ཁབ་གཅིག་གི་ཆབ་འོག་ཏུ་མཐུན་ཕྱིར། ཡང་བསྐྱར་བྲན་གཡོག་ལམ་ལུགས་མེད་པར་བཟོ་དགོས་པའི་ལེ་ལག་ཁག །རྩ་ཁྲིམས་ཀྱི་ཐོག་མའི་མ་ཟིན་ཁྲོད་ནས་གསུབ་དགོས་བྱུང་། མ་ཟད་ཁོ་ཚོས་བྲན་གཡོག་ལམ་ལུགས་རང་ཤུགས་ཀྱིས་ཡལ་འགྲོ་བར་རང་རློམ་བྱེད་པས། བྲན་གཡོག་ཉོ་ཚོང་ལ་ལོ་ངོ20ཡི་ཆོག་འཐུས་སྤྲད། ཡང་སྐབས་དེའི་རྩ་ཁྲིམས་ནང་། ནམ་རྒྱུན་མི་རིགས་གཙོ་བོ་མི་དཀར་གླེང་བའི་འཕྲོར། “མི་འབོར་གཞན་ཡོད་ཚད”ཅེས་པའི་མག་མོག་གི་བརྡ་ཆད་འདིས། “བྲན་གཡོག”ཅེས་པའི་ཐ་སྙད་ཀྱི་ཚབ་བྱེད་ཟེར། དེ་བཞིན“བྲན་གཡོག་ལམ་ལུགས”ཞེས་ཀྱང་གཏན་ནས་མི་གླེང་སྐད། ཁྲིམས་ལུགས་བཟོ་མཁན་རྒྱལ་ཁབ་ཀྱི་ཤིང་རྟ་ཚོས་འདི་ལ་བསམ་བློ་ཇི་ལྟར་བཏང་ཡོད་པའི་སྐོར་ལ་དེ་རིང་བར་རྩོད་གླེང་ཆེ་སྐད། གང་ལྟར་ལྷོ་བྱང་གཉིས་ཀ་རྒྱལ་ཁྲིམས་གཅིག་གི་འོག་ཏུ་འདུ་ཕྱིར་བྲན་གཡོག་ཉོ་ཚོང་རང་དགར་བསྐྱུར་བའི་ཁྲོད། “མི་རྣམས་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན”ཞེས་པ་དེའི་ལྡོག་ཟླར་སོང་བའི— “ཚོང་འགྲུལ་ཟུར་གསུམ་མ”ཡི་བསྟན་པ་དགུང་ལ་དར། “ཚོང་འགྲུལ་ཟུར་གསུམ་མ”ཟེར་བ་འདི་ལ་འགྲེལ་ཅིག་རྒྱག་དགོས། ཨ་རི་བྱང་མའི་གྲུ་བ་ཞིག་ལ་དཔེ་བཞག་ན། ཁོས་དེ་གའི་ཉ་ཤ་དྲུད་སོང་སྟེ་ཨ་རི་ལྷོ་མའི་བུར་ཤིང་དང་རྡོ་ཐའི་ལོ་མར་བརྗེ་ལ། དེ་ནས་ཚོང་ཟོག་དེ་རྣམས་དབྱིན་ཇིར་དབོར་ཏེ་སྒོར་མོ་དང་མེ་མདའ། དེ་བཞིན་རྒྱུ་སྤུས་ཡག་པའི་དབྱིན་ཇིའི་རས་ཆ་སོགས་ལ་བརྗེ་པོ་རྒྱག །དོན་ལ་མཚམས་འདི་ནས་བཟུང་ཁོའི་ཚོང་འགྲུལ་གཙོ་བོ་དེ་འགོ་བརྩམས་པ་རེད། དེར་ཁོས་གྲུ་མགོ་ལྷོ་རུ་དཀྱུས་ཏེ་ཨ་ཧྥེ་རི་ཀར་བསྐྱོད་འགྲོ། ལྟ་ཡང་མི་སྨོས། ཁོས་དེ་གར་མི་ནག་ཕོ་མོ་གང་ཐོབ་ཧབ་ཉོ་བྱེད་ལ། དེའི་འཕྲོར་གཡོར་ཆེན་མཁའ་ལ་འཕྱར་ཏེ་ནུབ་རྒྱ་མཚོ་བརྒལ་ནས་མེ་གླིང་སྐམ་སར་ལོག་འགྲོ། དེ་ནས་སྙིང་རྗེ་བག་ཙམ་སྐྱེ་དགོས་མེད་པར་ལྕགས་སྒྲོག་ཁུགས་ཀྱི“ཚོང་ཟོང”དེ་དག །སྲང་བལ་སོགས་ཀྱི་ཞིང་ག་གཉེར་མཁན་ཨ་རི་ལྷོ་མའི་བྲན་བདག་ཚོར་བཙོང་སྟེ། སྔར་ལས་འབེལ་བའི་ཁེ་སྤོགས་ཁུག་མར་བླུགས་རྗེས་ནང་དུ་ལོག་ལ། རྒྱང་བཞུད་ཀྱི་ངལ་སོས་རྗེས། ཡང་བསྐྱར་ཐེངས་རྗེས་མའི“ཚོང་འགྲུལ་ཟུར་གསུམ་མ”ལ་ཁོག་རྩིས་སྣ་རྒུ་རྒྱག །

དེ་ལྟར། མི་ལོ20ཕྱིན་སོང་རུང་། རྩ་ཁྲིམས་བཟོ་མཁན་ཚོའི་སྔ་མའི་ཚོད་དཔག་སྙིང་རྗེ་མོ་དེར་འཁྲུལ་ཚབས་ཤོར་ཏེ། མི་དཀར་གྱིས་མི་ནག་གི་ཉོ་ཚོང་བྱེད་བའི་ལམ་ལུགས་དེ་རང་སར་ཡལ་བའི་བཟོ་ཙམ་མི་མཐོང་། འོན་ཀྱང1808ལོར། སྲིད་འཛིན་དུ་བསྡད་པའི་རྗེ་ཧྥོ་སན་གྱིས་རྩ་ཁྲིམས་ཀྱི་ངོས་ནས་ལམ་ལུགས་དེ་གཏན་འགོག་བྱས། 1820ལ་ཐོན་དུས། ཁྲིམས་འདིར་འགལ་མཁན་བྱུང་ཚེ་སྲོག་ཐོག་ཏུ་འཇོག །འོན་ཀྱང་ཉོ་ཚོང་འདིའི་ཁེ་སྤོགས་ཀྱི་བསླུ་བྲིད་མ་བཟློག་སྟེ་སྲོག་བསྡོས་བྱེད་མཁན་མུ་མཐུད་དུ་བྱུང་། ནང་སྒོས། རིམ་བཞིན། ལྷོ་ཕྱོགས་མངའ་སྡེ་ཁག་གི་གྲོས་ཚོགས་ནས་བྲན་གཡོག་ལམ་ལུགས་སླར་གསོ་བྱེད་ལ་འབད་པ་ཅི་རིགས་རྒྱག །འོན་ཀྱང་། 1830ནས་བཟུང་། ཁྲག་དྲི་འཐུལ་བའི་བྲན་གཡོག་འོས་ལངས་ཀྱི་འགོ་བརྩམས། བྲེད་ཤ་ཐོན་པའི་ཨ་རི་ལྷོ་མས“བྲན་གཡོག་ནི་རྒྱུ་ནོར་ལས་མི་མིན་ནོ”ཞེས་པ་རྩ་དོན་དུ་བཟུང་བའི《མི་ནག་བཅའ་ཁྲིམས》(《黑人法典》)བསྟར། བྲན་གཡོག་གི་འཚོ་བ་སྔར་ལས་སྐྱོ་ཞིང་སྡུག་པར་གྱུར། ཨ་རི་བྱང་མ་དེ་དང་རྦད་དེ་འགལ་ཡོད། དཔེར་ན། མི་ནག་གི་སྡུག་ཡུས་བརྗོད་ས་དང་བྲན་གཡོག་ལམ་ལུགས་ལ་རྒོལ་བའི《བྱང་སྐར་ཚགས་པར》(《北极星报》)ནི། ཨ་རི་བྱང་མ་ནས་མི་ནག་བྲན་གཡོག་ཏོ་ཀི་ལཱ་སི(费雷德里克・道格拉斯)ཟེར་བས་སྤེལ་བ་རེད། ཁོས་ད་དུང《ཨ་རིའི་བྲན་གཡོག་ཅིག་གི་འཚོ་བ》ཞེས་པའི་དེབ་བྲིས་ཏེ། སྐབས་དེའི་མེ་གླིང་གི་ཀློག་པ་པོ་ཀུན་གྱི་ཡིད་འཁུལ་བར་བྱས། 1831ལོ་ནས་བཟུང་། དེ་མཚུངས་ཀྱི་ཚགས་པར《བཅིངས་འགྲོལ་པའི་ཚགས་པར》ཟེར་བ་ཐོན། ཚགས་པར་དེ་སྤེལ་མཁན་མི་དཀར་ཀཱ་ལི་སན(加里森)གྱི་ལྟ་ཚུལ་ནི། མི་དཀར་དང་འདྲ་བར། སྐྱེས་མ་ཉིད་ནས་འཐོབ་འོས་ཀྱི་རང་དབང་ཆ་ཚང་མི་ནག་ལ་ཕྱིར་སྤྲད་དེ། ཁོ་ཚོ་བྲན་གཡོག་ལམ་ལུགས་ལས་རྦད་དེ་བཅིངས་འགྲོལ་གཏང་རྒྱུ་དེ་རེད། དེ་རྣམས་ཀུན་པོ་གཅིག་སྡུད་དུ་མཚོན་བྱེད་ལ། ལྟ་ཡང་ཅི་སྨོས། ལྕམ་སི་ཐཱོའི《ཨ་ཁུ་ཐཱང་རྨའི་ཤིང་ཁང་ཆུང་ཆུང》རེད། 

དེ་བཞིན། ཨ་རི་བྱང་མའི་བྲན་གཡོག་ལམ་ལུགས་རྩ་གཏོར་བྱེད་པའི་རིང་ལུགས་འཛིན་མཁན་རྣམས་ཀྱིས་ཚགས་པར། སློབ་གྲྭ། ཆོས་ཚོགས་སོགས་སྤྱི་ཚོགས་གླེང་སྟེགས་ཕུན་སུམ་ཚོགས་པ་བཟོས་ཏེ་ཨ་རི་ལྷོ་མ་དང་ཁ་གཏད་འཇལ། 1840ལོར་ཐོན་དུས། ཨ་རི་བྱང་མའི་ཡུལ་གྲུ་ཀུན་ན། བྲན་གཡོག་ལམ་ལུགས་རྩ་གཏོར་གྱི་རིང་ལུགས་འཛིན་མཁན་མཐུན་ཚོགས2000ལྷག་ཡོད་ཟེར། ཡང་ཁོ་བོས་རྩོམ་འདི་འབྲི་བའི་རྒྱུ་ཆ་ཀློག་དུས། ཨ་རི་ལ་འཁོན་སེམས་སམ་ཡང་ན་འཁང་ར་ཡོད་མཁན་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཚོས། ཧྥུ་རན་ཁི་ལིན་དང་རྗེ་ཧྥོ་སན་སོགས་ཀྱིས་བྲན་གཡོག་གི་སྟེང་ནས་ཁེ་ཕན་མ་རག་པས། ད་གཟོད་བྲན་གཡོག་བཅིངས་འགྲོལ་ལ་སྐད་འབོད་བརྒྱབ་པ་རེད་ཟེར་བ་མཐོང་ལ། དེ་ནི་ཏན་ཏན་ཤར་ནུབ་ཀྱི་འཐེན་འཁྱེར་ལས་བྱུང་བའི་བྱབ་ཆུང་གི་ཁ་སྟབས་ཤིག་ལས་ཅང་མ་རེད་སྙམ། དཔེར་ན། ཤར་ཕྱོགས་ན་མི་རིགས་བཅིངས་འགྲོལ་གྱི་ཕྱིར་སྲོག་འདོར་ཐུབ་མཁན་ཡོད་ན། ནུབ་ཕྱོགས་སུ་ཡང་དེ་འདྲའི་དཔའ་བོ་ཡོད་ན་ཅིས་མི་ཆོག །ཅིའི་ཕྱིར་ཏན་ཏན་ཁེ་ཕན་ཁོ་ནའི་སྟེང་དྲན་པ་བསྐོར་དགོས་པ་རེད། དོན་ལ་དེ་ནི་སོ་སོའི་ཁོག་པའི་ནང་གི་ཕྱིན་ཅི་ལོག་ཅེས་པའི་འབུ་ཆུང་དེའི་མཆུ་གཙག་དང་སྡེར་འདྲད་ཀྱི་བཟོ་ལྟ་ཙམ་རེད།

གོང་གསལ་ཇི་ལྟར། མཐར་ཐུག་ལྷོ་བྱང་གཉིས་ཀྱི་ནང་འགལ་ཆེ་རུ་སོང་སྟེ་ཨ་རི་རྒྱལ་ཁབ་ཡང་བསྐྱར་འཐོར་ཉེན་གྱི་འགག་ཏུ་ཚུད། འགག་རྩ་དེ་ལས་ཐར་ཕྱིར། རྒྱལ་ཚོགས་ཀྱིས1850ལོར《བྲོས་བྱོལ་བྲན་གྱི་བཅའ་ཁྲིམས》(《逃亡奴隶法》)སྤེལ། དེ་ནི་བྲོས་བྱོལ་བྱས་པའི་བྲན་གཡོག་སྦ་གསང་བྱེད་མཁན་ནམ། ཡང་ན། བྲོས་བྱོལ་ཁྲོད་ཀྱི་བྲན་གཡོག་མཐོང་རྗེས་གཞུང་ལ་ཞུ་གཏུག་མ་བྱས་ན་སུ་ཡིན་རུང་ཁྲིམས་ཐུ་མོ་ཆེའི་འཇུར་མིག་ཏུ་ལེན་པ་དེ་རེད། དེ་ལྟར་ཨ་རིའི་ལྷོ་བྱང་གཉིས་རྒྱལ་ཁབ་གཅིག་གི་ཁྲིམས་འོག་ཏུ་འདུ་རུང་། ཨ་རི་རྒྱལ་ཁབ་ཆགས་པའི་གཞི་མ་སྟེ། རྗེ་ཧྥོ་སན་གྱི“མི་རྣམས་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན”ཞེས་པའི་རྩ་དོན་ལྟར་བྲན་གཡོག་བཅིངས་འགྲོལ་ལ་མ་འཆམ་པས། མཐར་ཐུག་བཟློག་ཐབས་མེད་པར་ཞེ་འཁོན་གཏིང་ལ་གས་ཏེ་དགྲ་དང་གཤེད་དུ་ཆད་སོང་།

ལོ་རྒྱུས་ཀྱི་ཟོ་ཆུན1858ལོར་འཁོར་ཐོན་དུས། ཨ་མེ་རི་ཀའི་ད་རབས་ལོ་རྒྱུས་ཀྱི་སྨད་ཆ་སྟེ—“ཨ་རིའི་ལྷོ་བྱང་ནང་འཁྲུག”གི་འཁྲབ་ཡོལ་རིམ་གྱིས་ཕྱེ། སྐབས་དེར་དུས་ཐོག་ཆར་བ་བཞིན། སྔོན་ཆད་རྒྱལ་ཡབ་ཝ་ཤེན་ཊོན་བྱོན་པ་ལྟར། ཨ་མེ་རི་ཀའི་ལོ་རྒྱུས་ལ་བླ་མེད་བྱས་རྗེས་འཇོག་མཁན— ཨེ་པིར་ཧམ・ལིན་ཀེན་ལོ་རྒྱུས་གར་སྟེགས་སུ་མངོན་བྱུང་། ཏག་ཏག་ལིན་ཀེན་གྱིས་ད་གཟོད་མི་ལོ80ལྷག་གི་ཡར་སྔོན་དེར། རྗེ་ཧྥོ་སན་སོགས་ཀྱིས་བྲིས་གནང་བའི། “མི་རྣམས་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན།” ཞེས་པའི་ཨ་རིའི“མ་ཡིག་ལུང་བསྟན”དེ། 《རང་བཙན་བསྒྲགས་གཏམ》ལྟར་ཨ་རིའི་ལོ་རྒྱུས་ལ་ཤན་སྟོབས་བཞག་མྱོང་བའི་ཡིག་ཆ་སྟེ། 《བྲན་ནག་བཅིངས་འགྲོལ་བསྒྲགས་གཏམ》གྱི་རྣམ་པའི་ཐོག་ནས་མངོན་འགྱུར་བྱས་ཤིང་། དེས་ནི་རྩ་བའི་ཆ་ནས། མི་ལོ་སུམ་བརྒྱའི་རིང་། མི་སེར་སྤེལ་ཡུལ་ལམ་ལུགས་ཀྱིས་བཞག་པའི་ཨ་རིའི་སྤྱི་ཚོགས་ཀྱི་ནང་འགལ་རྐྱེན་དང་བཅས་པ་གཙང་སེལ་བྱས་པའི་ཐོག །མངའ་ཁོངས་ལྷོ་བྱང་ཡུག་གཅིག་ཏུ་སྦྲེལ་ཏེ་ཨ་རི་རྒྱལ་ཁབ་ལ་གཞི་ནས་གཅིག་གྱུར་བྱུང་བ་རེད་དོ། །མཇུག་སྡུད།

ཨ་མེ་རི་ཀའི་ལོ་རྒྱུས་ལ་ཁྱུག་ཙམ་ལྟ་འདུན་བྱུང་བ་འདི། དོན་ལ་བསམ་བཞིན་མིན་པར་སྟེས་དབང་གིས་སོ། །དེ་ཡང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི《འཛམ་གླིང་ལོ་རྒྱུས་བསྐྱར་མངོན》ཞེས་པའི་ཡིག་སྒྱུར་ལས་གཞིའི་ཁྲོད། ཁོ་བོས་ཨ་རིའི《རང་བཙན་ལོ་རྒྱུས》དང《ལྷོ་བྱང་དམག་འཁྲུག》(ཨ་རིའི་ནང་འཁྲུག་ཀྱང་ཟེར)གཉིས་བསྒྱུར་པ་ཡིན་ལ། ཕྱིས་སུ། ལས་ཀ་དེའི་ཞོར་ནས་བྱུང་བའི་ཟིན་བྲིས་ལ་བསྐྱར་དུ་ལྟ་དུས། ངོས་ཟུར་དང་ཕྱི་ནང་ཅི་ཆ་ནས་ཅུང་ཞིག་ཆ་ཚང་གི་སྒྲོམ་དུ་ཆགས་འདུག་ལ། དེའི་ཁར་འབྲེལ་ཡོད་དཔེ་དེབ་འགའ་རྐང་བཙུགས་ཏེ་བཀླགས་ཐོག་ད་རེས་ཀྱི་རྩོམ་འདི་བྲིས་གྲུབ། འོན་ཀྱང་། 《རང་བཙན་ལོ་རྒྱུས》གཙོ་བོར་བཟུང་བ་མ་གཏོགས། 《ལྷོ་བྱུང་དམག་འཁྲུག》བསྒྱུར་པའི་ཁྲོད་བྱུང་བའི་ཟིན་བྲིས་ཁ་སྐོང་བྱེད་མ་ཁོམ། སྐལ་བ་ལྡན་ཚེ། རྗེས་མར་དེ་ཡང་ཅུང་ཞིག་ཉམས་དོད་པོར་ཨེ་ཕྲིས་ཀྱི་རེ་བ་སེམས་ལ་ཉར་ནས་ཡོད།ཀུན་གྱིས་མཁྱེན་གསལ་རེད། ས་གཞི་དང་བར་སྣང་ཡང་གཉུག་མའི་ཆོས་ཉིད་བཟློག་མེད་ཅིག་ན་འཁོར་སྐྱོད་བྱེད་ཀྱིན་པ། ཁ་གཤིས་ཧྲག་ཅིང་ཁོང་ཁྲོ་རྩུབ་པའི་ཉིའུ་ཊོན་གྱིས་མཐོང་སྟེ་གཏན་ལ་ཕབ་པ་རེད། དུས་རབས18པའི་ནུབ་གླིང་གི་བསམ་བློ་པ་ཚོས་ཟེར་ན། འཇིག་རྟེན་ཁམས་ཀྱིས་ཀྱང“ལྷ་གོང་མའི”བཀའ་གཙིགས་དང་། དེ་བཞིན་རང་ཆས་སུ་ཡོད་པའི“དཔྱོད་ཤེས”བསྲུང་ཐུབ་པ་ཡོད་ན། མི་ཡུལ་ས་སྟེང་གི་སྐྱེ་བོ་ཕོ་མོས་ཅིའི་ཕྱིར་དེ་འདྲ་མི་བྲ་བ་རེད་ཟེར། དེ་ལྟར་རང་དབང་གི་བསམ་བློ་ཡོད་པའི་མི་རྣམས་ཀྱིས་ཏག་ཏག་གནས་ལུགས་དེ་ལེགས་པོར་བེད་དུ་སྤྱོད་པ་རེད། དེ་ལས། “རྒྱལ་པོ”ཞེས་པའི་མིང་བརྡ་དང་དེས་མཚོན་ལམ་ལུགས་ལ་ཞེ་འཁོན་ཐུ་བའི་སྙན་ངག་པ་རྗོན・རྨེལ་ཊོན་གྱིས—སྨྲ་བརྗོད་རང་དབང་བཏོན་ལ། ཡང་དེ་བློར་བབས་པའི་རྗོན・ལཱོ་ཁིས་ནི། སྔོན་ཆད་སུས་ཀྱང་ཁ་ནང་དུ་ལེན་མྱོང་མེད་པའི—ཆབ་སྲིད་རང་དབང་གི་ལྟ་བ་བཏོན། སྤྱིར་ན། མིའི་རིགས་ཀྱི་བསམ་བློའི་རུ་འདྲེན་མི་བོ་ཆེ་འདི་དག་ལས་རླབས་ཆེ་བའི“བློ་འབྱེད་ལས་འགུལ”བྱུང་ལ། དེས་མཚོན་མིའི་རིགས་ཀྱི་ལོ་རྒྱུས་ཀྱང་དཀྱོག་ཚིགས་ཆེན་པོ་ཞིག་ཏུ་བསླེབས་སོང་བ་རེད། མཐར་གཏུགས་ནས་བཤད་ན། “དཔྱོད་ཤེས་ཀྱི་དུས་རབས”དེའི་འཕུད་འདེགས་སྐྱོར་གསུམ་འོག །ད་གཟོད། སྤྱི་དམངས་ཀྱིས་དབང་སྒྱུར་མཁན་གདམ་གསེས་བྱར་ཆོག་གི་ལམ་ལུགས་དེ་ཚུགས་པས་མི་ཚད། དེ་དེ་རིང་བར་ལག་ཏུ་བསྟར་མཁན་ཨ་མེ་རི་ཀ་བྱུང་བ་རེད་དོ། །  ། །

འུག་ཚང་གོང་མ། ༢༠༡༩ལོའི་ཟླ༩པ། ༼རྫོགས་སོ། །༽

ཡོང་ཁུངས། སྐྱིད་རྟག


དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།